“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་སྙན་ངག་གི་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།

རྩོམ་པ་པོ།:འབྲུག་ཕྱུག་ཚེ་རིང་སོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-05 08:43:10 ཀློག་གྲངས།:
༄༅། །མེས་པོའི་རྒྱལ་ཁབ་ལ་ཕུལ་བ།
ཅི་ཏི་མ་ཅས་བརྩམས།
འབྲུག་ཕྱུག་ཚེ་རིང་གིས་བོད་ཀྱི་སྐད་དུ་བསྒྱུར།

བདག་གི་མེས་པོའི་རྒྱལ་ཁབ།
དབང་ཕྱོགས་སུ་མཁའ་རུ་ཟུག་པའི་དཔག་བསམ་ལྗོན་པ་ཞིག
སེར་མདོག་གི་འཛིན་མའི་པང་བར། ནམ་ཡང་ཆད་པ་མེད་པར།
བཞུར་གྱིན་པ་ནི་གསེར་མདོག་གི་གཙང་ཆབ་རེ་རེ།
བདག་གི་མེས་པོའི་རྒྱལ་ཁབ།
ལྷད་མེད་ཀྱི་སྔོན་པོ་ནི།
ནམ་མཁའ་དང་རྒྱ་མཚོའི་ཁ་དོག་ལགས།
དེ་ནི་འདབ་ཆགས་ཤིག་སྟེ། གཤོག་ཟུང་གི་སྟེང་དུ།
གསེར་ཞུན་གྱི་ཆར་ཐིགས་བཀྲག་མདངས་འཚེར་བཞིན།
ཐོ་རངས་ཀྱི་སྐྱ་མདའ་བརྒལ་བཞིན་མཆིས།

བདག་གི་མེས་པོའི་རྒྱལ་ཁབ། ལྷ་སྒྲུང་ཁྲོད་ཁོ་ལག་རྫོགས།
ལི་ཆས་ཀྱི་ལོ་མ་དེ་ཡིས།
ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའི་སྐད་སྙན་མང་པོ་འབྱིན་མྱོང་།
བདག་གི་མེས་པོའི་རྒྱལ་ཁབ། གདོད་མ་ཉིད་ནས།
མི་རིགས་གཅིག་ཁོ་ནར་དབང་བ་མ་ཡིན་ཏེ།
ཁོ་མོར་བུ་དང་བུ་མོ་ང་དྲུག་མཆིས།
དེ་བས་བདག་གི་མི་རིགས་ཏེ། ལྔ་བཅུ་ང་དྲུག་གི་ཆ་ཤས་འདི་ཉིད་ནི།
ནམ་ནམ་ཞར་ཞར་བདག་གི་མེས་པོའི་རྒྱལ་ཁབ་ལ་དབང་།

བདག་གི་མེས་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས།
བྱུང་རྒྱལ་དུ་སོ་སོར་དུམ་བུར་གཏོང་མི་རུང་སྟེ།
ཁོ་མོས་ཁུར་དུ་སྦྲུམ་པ་ནི།
འོད་སྟོང་འབར་བའི་ལོ་ཟླའི་ལྟེབ་གཉེར་དང་། ཡང་ན་བརྙས་བཅོས་མྱངས་པའི་འཚོ་བ་གང་ཡང་རུང་།
རྒྱུ་མཚན་བདག་གི་མེས་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནི།
མགོ་མཇུག་ཀུན་ནས་ཚང་བའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཡིན།
ང་ཚོས་ཐང་རྒྱལ་རབས་ལ་བསྟོད་གླུ་འབུལ་སྐབས།
ཡོན་རྒྱལ་རབས་ཀྱིས་བསྐྱེད་པའི་མངའ་རིས་བརྗེད་ག་ལ་རུང་།
ང་ཚོ་སུང་རྒྱལ་རབས་ཀྱི་སྙན་ཚིག་གི་རྒྱལ་ཁམས་སུ་ལོག་དུས།
གང་དེའི་ཡི་གེ་ཡི་སྟོབས་ཤུགས་བཙལ།
ཆིན་ཆེན་མོས་བསྒྲུབས་པའི་རླབས་ཆེན་བྱ་གཞག་དང་། དེའི་ཁྱད་དུ་འཕགས་པའི་བློ་སྤོབས་ལའང་།
མཐོང་ཆུང་གི་སེམས་པ་ཕྲ་མོ་ཙམ་ཡང་སྐྱེས་ག་ལ་རུང་།
བདག་གིས་བདག་གི་མེས་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནི།
མགོ་མཇུག་ཀུན་ནས་ཚང་བའི་ལོ་རྒྱུས་ཤིག་ཡིན་ཞེས་བརྗོད་དོན་ཡང་། ངས་འདི་དག་ཡོད་ཚད།
བདག་གི་མེས་པོའི་རྒྱལ་ཁབ་ཀྱི།
ཤ་ཁྲག་གདོས་བཅས་ཀྱི་ཕུང་པོའི་འབྲལ་དུ་མེད་པའི་ཆ་ཤས་སུ་འདོད་པས་ཡིན།

བདག་གི་མེས་པོའི་རྒྱལ་ཁབ་ལགས། བདག་གིས་ཁྱེད་ལ་ཞུ་འདོད་པ་ནི།
ནམ་ཞིག་གི་ཚེར་ཁྱེད་ལ་ང་ཚོ་མཁོ་ཞིང་གདམ་ཀ་བྱེད་ན།
ཁྱེད་ཀྱི་གདམ་ཀ་ནི། སྤྱིར་བཏང་ཞིག་གཏན་ནས་མིན་ངེས།
ས་ཁོངས་ཀྱི་རྒྱུ་རྐྱེན་དང་། ཐ་དད་པའི་རྒྱབ་ལྗོངས།
ང་ཚོ་མི་རིགས་གང་ཞིག་ལས་བྱུང་བའི་རྒྱུ་རྐྱེན་ཁོ་ན་ཙམ་དང་།
དེ་བཞིན་དུ་ང་ཚོའི་རིགས་ཁོངས་ཀྱི་ཁྱད་པར་ལས།
ང་ཚོ་ལ། འདྲ་མཉམ་གྱི་འགྲན་རྩོད་ངོ་མའི་གོ་སྐབས་འཆོར་དུ་མི་འཇུག་རོགས།
བདག་གི་མེས་པོའི་རྒྱལ་ཁབ། བདག་གི་རེ་བར་ང་ཚོས་ཁྱེད་ལ་བཅངས་པའི།
ལྷག་བསམ་རྣམ་དག་གང་ཞིག་དེའི། མཐར་ཐུག་གི་འཐོབ་བྱ་ནི།
ཁྱེད་ཀྱིས་ང་ཚོར་བཅངས་པའི་ཡིད་ཆེས་རྣམ་དག་དེ་ཡིན་ན་འདོད།

བདག་གི་མེས་པོའི་རྒྱལ་ཁབ།
སྙན་འཇེབས་ཀྱི་མཉམ་གཞས་དེ་ནི།
མི་རིགས་ང་དྲུག་གི་སྐད་དང་ཡི་གེའི་སྦྱོར་བ་ཡིན་ཞིང་།
དེ་ལས་གཞས་པ་གང་རུང་ཞིག་མེད་པར་གྱུར་ན་ནི།
བརྗིད་ཆགས་ཉམས་དགའི་སྡེབ་དབྱངས་དེ་ཐོས་འཛིན་གྱི་གསོས་སུ་སྨིན་པ་ཞིག་མི་ཡོང་བ་བདེན་པར་བསྒྲུབས།
དེ་ཡང་བདག་གི་མི་རིགས་ཀྱི་སྐད་སྙན་དང་འདྲ་བར།
གཅིག་བྱས་ན་དེ་ནི་རྒྱང་ཐག་རིང་པའི་བས་མཐའ་ནས་གྲགས་ཡོང་ནའང་།
དེ་ཡི་གཞི་གྲུབ་ནི།
ནམ་ནམ་ཞར་ཞར་མེད་དུ་མི་རུང་།
དེ་ཡང་ང་ཚོ་དབྱི་རིགས་ཀྱི་གནའ་བོའི་ཡི་གེ་དང་འདྲ་བར།
དེས་སྦྲུམ་པའི་ཡོད་ཚད་ཀྱི་ཡོད་ཚད།
ཐེ་ཚོམ་སྤུ་ཙམ་མེད་པར། དེ་དག་ཡོངས་སུ།
ཁྱེད་ཀྱི་འོད་ཟེར་སྟོང་ལྡན་གྱི་བརྩམས་ཆོས་རླབས་ཆེན་དེའི་ཁྲོད་ཀྱི།
དཔའ་སྤོབས་སྐྱེད་པའི་ཉམས་མེད་ལེ་ཚན་ཞིག་ཏུ་གྱུར་ཡོད།

བདག་གི་མེས་པོའི་རྒྱལ་ཁབ།
བདག་གི་བློ་སྤོབས་དང་སྙན་ངག་པར་ད་གཟོད་མངའ་བའི་བདེན་པ་ལ།
ཁྱེད་ཀྱིས་བཟོད་གསོལ་ཞིག་གནང་རོགས།
བདག་གི་རེ་བར་ཁྱེད་ཀྱིས་ང་ཚོ་ཡིད་གར་འོང་བ་སྟེ། དེ་ཡང་ཏན་ཏན།
གང་ཟག་ཅིག་ལ་གཤིས་སུ་གྲུབ་པའི་བླ་མེད་ཀྱི་གཤིས་རྒྱུད་དང་།
གཟེངས་སུ་ཐོན་པའི་ནུས་པ། རང་འདོད་དང་གུ་དོག་ཡོངས་སུ་སྤངས་ཤིང་།
དེ་བཞིན་འགྲན་པའི་ཟླ་བྲལ་བའི།
ཚེ་སྲོག་བྱེ་བྲག་པར་ལྡན་ཞིང་། ཆེས་རྨད་དུ་བྱུང་བའི།
རྒྱལ་ཁབ་འདི་དང་སྤྱི་བྱིངས་ལ་ཞབས་འདེགས་ཞུ་ཐུབ་པའི་བློས་གཏོང་གི་སྙིང་སྟོབས་དེ་ཁོ་ན་ཡིན་པར་འདོད།
བདག་གི་མེས་པོའི་རྒྱལ་ཁབ། བདག་གིས་རེ་བ་དང་སྙིང་ཁོང་ནས་རེ་སྨོན་བྱེད་པ་ནི།
ཁྱེད་ཀྱིས་ང་ཚོ་ཡིད་གར་འོང་བ་སྟེ། དེ་ཡང་ཏན་ཏན།
ང་ཚོས་ཁྱེད་ལ་བཅངས་པའི་ལྷག་བསམ་རྣམ་དག་ཁོ་ན་ཡིན་པ་ལྟ་ཅི་སྨོས། དེ་ནི།
ཁྲག་རྩར་རྒྱུ་བའི་ཟུངས་ཁྲག་དྲོན་མོའི་ཐིགས་པ་རེ་རེ་དང་འདྲ་བར།
ཡོད་ཚད་ལྷོག་ལྷོག་ལྡིང་བའི་སྙིང་གི་འཕར་རྩ་ནས་བཞུར་བ་ལས།
ཇི་སྲིད་བར་ཡན་གར་བ་ཞིག་གཏན་ནས་ཡིན་མི་སྲིད་ཨང་།

ཟུར་བཀོད།
       ལོ་ཙྭའི་བསམ་ཕྱོགས།
        གཅིག
祖国:སྙན་ངག་གི་ཉམས་འདོན་ཆེད་མེས་པོའི་རྒྱལ་ཁབ་ཅེས་བསྒྱུར།
        གཉིས། དོན་སྒྱུར་དང་ཐད་སྒྱུར་ཟུང་འབྲེལ་བྱས་ཤིང་། སྐབས་རེར་སྣོལ་སྒྱུར་གྱིས་ཚིག་གི་མགོ་རྔ་གང་བདེར་སྤྱད་ཡོད།
        གསུམ། བོད་ཀྱི་སྐད་ལ་གྲགས་པའི་ཐ་སྙད་གང་བདེར་སྦྱར་ཡོད།


       སྒྱུར་མཁན་ངོ་སྤྲོད།
       འབྲུག་ཕྱུག་ཚེ་རིང་། ད་ལྟ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་དུ་ལས་ཀ་གཉེར་བཞིན་ཡོད།
མེས་རྒྱལ་ལ་སྤྲིངས་པ།
ཅི་ཏི་མཱ་ཀཱ་ཡིས་བརྩམས།
འབའ་བ་རྡོ་རྗེ་རབ་འབྱོར་གྱིས་བསྒྱུར།

བདག་གི་མེས་རྒྱལ་ནི།
ཤར་ཕྱོགས་ཀྱི་གྱད་མིའི་ལྗོན་པ་ཞིག་ཡིན།
ས་གཞི་སེར་པོའི་སྟེང་ནས། གཏན་དུ་མི་སྡོད་པར།
བཞུར་གྱིན་པའི་གསེར་མདོག་གི་གཙང་བོ་རེ་རེ་ཡིན།
བདག་གི་མེས་རྒྱལ།
ལྷད་མེད་ཀྱི་མཐིང་མདོག་དེ་ནི།
ནམ་མཁའ་དང་རྒྱ་མཚོའི་རང་མདངས་ཡིན།
དེ་ནི་བྱེའུ་ཞིག གཤོག་ཟུང་སྟེང་ནས།
གསེར་གྱི་ཆར་ཐིགས་འོད་དུ་འཚེར་བཞིན།
ནམ་ལངས་ཀྱི་སྐྱ་རེངས་རྒལ་གྱིན་མཆིས།

བདག་གི་མེས་རྒྱལ། ལྷ་སྒྲུང་ཁྲོད་འཚར་ལོངས་བྱུང་།
ཟངས་མདོག་གི་སྡོང་ལོ་དེས།
ཡིད་དབང་འགུག་པའི་སྒྲ་དབྱངས་ལན་བརྒྱར་བསྒྲགས་མྱོང་།
མོ་ལ་བུ་ཕྲུག་ང་དྲུག་ཡོད་པས།
བདག་གི་མེས་རྒྱལ། ནམ་ཡང་།
མི་རིགས་གཅིག་ལ་མི་དབང་།
ཡིན་ཡང་། བདག་གི་མི་རིགས། ང་དྲུག་ཆའི་གཅིག
ནམ་ཞར། བདག་གི་མེས་རྒྱལ་ལ་དབང་།

བདག་གི་མེས་རྒྱལ་གྱི་ལོ་རྒྱུས་ཏེ།
མོ་ཡིས་འདེགས་ཀྱིན་པ་ནི།
འོད་སྟོང་འབར་བའི་ལོ་འཁོར་རམ།
བརྙས་བཅོས་ཐེབས་པའི་འཚོ་བ་གང་ཡང་རུང་།
ཅི་འདོད་དུ་གཏུབ་གཅོད་བྱེད་མི་འོས།
རྒྱུ་མཚན། བདག་གི་མེས་རྒྱལ་གྱི་ལོ་རྒྱུས་ནི།
ཆ་ཚང་བའི་ལོ་རྒྱུས་ཤིག་ཡིན།
ང་ཚོས་ཐང་རྒྱལ་རབས་ལ་མཆོག་ཏུ་བསྔགས་དུས།
ཡོན་རྒྱལ་རབས་ཀྱིས་བསྐྱེད་པའི་མངའ་ཁོངས་བརྗེད་མི་འོས་ལ།
ང་ཚོས་སུང་གི་སྙན་ཚིག་གི་རྒྱལ་ཁམས་ལ་ཕྱིར་རྟོག་བྱས་ཏེ།
དེ་རུ་ཡི་གེ་ཡི་སྟོབས་ཤུགས་འཚོལ་དུས།
ཆིང་ཆེན་མོས་བསྐྲུན་པའི་མཛད་རྗེས་དང་།
ཁྱད་དུ་འཕགས་པའི་བློ་རྒྱ་ལའང་མཐོང་ཆུང་བྱེད་ག་ལ་རིགས།
བདག་གིས། འདི་ཡོད་ཚད།
རང་ཉིད་ཀྱི་མེས་རྒྱལ་གྱི།
ཤ་ཁྲག་གདོས་བཅས་ཀྱི་ཕུང་པོའི་འབྲལ་ཐབས་མེད་པའི་ཆ་ཤས་སུ་མཐོང་བས།
བདག་གིས། བདག་གི་མེས་རྒྱལ་གྱི་ལོ་རྒྱུས་ནི།
ཆ་ཚང་བའི་ལོ་རྒྱུས་ཤིག་ཡིན་ཞེས་བཤད་པ་ཡིན།

མེས་རྒྱལ་ལགས། བདག་གིས་ཁྱེད་ལ་བརྗོད་འདོད་པ་ནི།
ནམ་ཞིག ཁྱེད་ཀྱིས་ང་ཚོ་མཁོ་ཞིང་བདམས་ཚེ།
ཁྱེད་ཀྱི་གདམ་ཀ
ལས་སླ་མོ་ཞིག་གཏན་ནས་ཡིན་མི་སྲིད།
ཡུལ་ཁོངས་ཀྱི་རྐྱེན་གྱིས། རྒྱབ་ལྗོངས་མི་གཅིག་པ་ནི།
ང་ཚོ་མི་རིགས་གང་ལས་མཆེད་པ་ཙམ་གྱིས་མ་ཡིན།
དེ་བཞིན་རིགས་ཚོགས་ཀྱི་དབང་གིས།
ང་ཚོར། འདྲ་མཉམ་ངང་འགྲན་རྩོད་ཀྱི་གོ་སྐབས་ངོ་མ་དེ་ཤོར་ཏུ་འཇུག་མི་རུང་།
བདག་གི་མེས་རྒྱལ། བདག་གི་རེ་བར།
ང་ཚོས་ཁྱེད་ལ་བཅངས་པའི་བློ་དཀར་ཁྲི་ཕྲག་གིས།
མཇུག་མཐར་ཐོབ་པ་ནི།
ཁྱེད་ཀྱིས་ང་ཚོར་བཅངས་པའི་ཡིད་ཆེས་བརྟན་པོ་དེ་ཡིན་པར་སྨོན།

བདག་གི་མེས་རྒྱལ།
བདེན་དཔང་མཛད་ཟིན་པ་ནི། སྙན་ཞིང་འཇེབས་པའི་མཉམ་ལེན་ཏེ།
མི་རིགས་ང་དྲུག་གི་སྐད་རིགས་གཅིག་ཏུ་སྒྲིལ་བ་དེ་ཡིན་པས།
གཞས་མཁན་གང་རུང་ཞིག་ཆད་པར་གྱུར་ཚེ།
བརྗིད་ཆགས་ཀྱི་གཞས་གདངས་སྙན་མི་སྲིད།
དེ་ནི། བདག་གི་མི་རིགས་ཀྱི་གདངས་དབྱངས་ཇི་བཞིན།
རྒྱང་ཐག་རིང་བའི་ས་མཐའ་ནས་གྲགས་ཡོང་བ་ཡིན་ནའང་།
དེ་ཡི་གནས་པ། ནམ་ནམ་ཞ་ཞར་དོར་མི་སྲིད།
དེ་ནི། ང་ཚོ་དབྱིས་རིགས་ཀྱི་གནའ་བོའི་ཡི་གེ་ཇི་བཞིན།
དེ་ཡིས་བརྗེད་ཐོར་བཀོད་པའི་ཡོད་ཚད་ཀྱི་ཡོད་ཚད།
ཚམ་ཚོམ་མེད་པར། ཁྱེད་ཀྱི་འོད་སྟོང་འབར་བའི་གསུང་རྩོམ་ཆེན་མོའི་གྲས་ཀྱི།
ཀུན་ལ་བློ་སྤོབས་སྐྱེད་དུ་འཇུག་ཐུབ་པའི་ཉམས་མེད་ཀྱི་ལེའུར་གྱུར་ཡོད།

མེས་རྒྱལ་ལགས།
བདག་གི་སྙིང་སྟོབས་དང་སྙན་ངག་པར་མ་གཏོགས་མེད་པའི།
དྲང་བདེན་ལ་བཟོད་གསོལ་ཞུ་རོགས།
བདག་གི་རེ་བར། ཁྱེད་ཀྱིས་གཟིགས་པ་ནི།
མི་ཞིག་ལ་འཛོམས་དགོས་པའི་ཁྱད་འཕགས་ཀྱི་གཤིས་རྒྱུད།
གཟེངས་ཐོན་གྱི་ནུས་པ། སྒེར་སེམས་དང་གུ་དོག་རྨེག་མེད་དུ་དོར་བ།
དེར་མ་ཟད། འགྲན་དུ་མེད་ཅིང་།
སྒེར་ཚུགས་སུ་གྲུབ་པའི་ཚེ་སྲོག་ཁྲོད་རུམ་པའི།
རྒྱལ་ཁབ་འདི་དང་དམངས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི།
ཧ་ཅང་རྩ་ཆེ་བའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་དེ་ཡིན་ན་བསམས་བྱུང་ལ།
ཡང་དེ་ལས་མ་འདས།
མེས་རྒྱལ་ལགས། བདག་གི་རེ་བ་དང་།
ལྷག་བསམ་རྣམ་དག་གིས་སྙེག་བཞིན་པ་ནི།
ཁྱེད་ཀྱིས་གཟིགས་པ།
ང་ཚོས་ཁྱེད་ལ་བཅངས་པའི་བློ་སེམས་དཀར་པོ་སྟེ།
རྩ་ལམ་གྱི་སྦུབས་སུ་རྒྱུ་བའི་ཟུངས་ཁྲག་གི་ཐིགས་པ་རེ་རེ།
མཆོང་ལྡིང་བྱེད་ཀྱིན་པའི་སྙིང་ཁོང་ནས་ཐོན་པ་ཇི་བཞིན་ལས།
གཞན་ཞིག་ནི་ནམ་ཞར་ཡིན་མི་སྲིད་དོ། །

ཟུར་བཀོད།
       ལོ་ཙྭའི་བསམ་ཕྱོགས།
       ཕྲན་གྱིས་སྙན་ངག་འདི་སྒྱུར་བའི་གོ་རིམ་ཁྲོད“མཐུན་བདེ་སྙན”གསུམ་གྱི་ལོ་ཙཱའི་རྩ་དོན་གཞིར་བཟུང་ཐོག མ་ཡིག་གི་དོན་ཇི་མ་ཇི་བཞིན་ཐོན་ཆེད་སྲོལ་རྒྱུན་གྱི་བསྒྱུར་ཐབས་ལས་དོན་བསྒྱུར་གཙོར་བཟུང་ཞིང་། དེའི་ཞོར་དུ་མི་རིགས་སོ་སོའི་བརྡ་སྤྲོད་ལུགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྣོར་བསྒྱུར་སྤྱད་ཡོད་པ་སྟེ། དཔེར་ན། མ་ཡིག་ལས“我的祖国,从来就不属于一个民族,因为她有五十六个儿女”ཞེས་པ་དང་། “我的祖国,那优美的合唱,已经被证明,是五十六个民族语言的总和”སོགས་མ་ཡིག་གི་བརྡ་སྤྲོད་བཞིན་བསྒྱུར་ཚེ་དོན་ལོག་པའམ་ཡང་ན་མ་ཡིག་གི་དོན་ལེགས་པོར་ཐོན་མི་ཐུབ་པས། «སྒྲ་སྦྱོར་བམ་གཉིས»ལས“དོན་དང་མི་འགལ་ལ་བོད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་པ་ལྟར་ཚིག་བབ་ལ་བསྟུན་ནས་བསྒྱུར། ཡིན་ཡང་མ་ཡིག་གི་དོན་མཐིལ་ཕྱིན་པར་མ་རྟོགས་པ་དང་བསྒྱུར་གྱི་ཉམས་མྱོང་ཞན་པ་སོགས་ཀྱི་དབང་གིས་འགྱུར་ཡིག་ལ་སྐྱོན་ཅི་རིགས་འབྱུང་སྲིད་པས་གཟུར་གནས་མཁས་པ་རྣམས་ཀྱིས་དགོངས་འཆར་བསྩལ་ཡོང་བའི་རེ་བ་ཞུའོ། །

         སྒྱུར་མཁན་ངོ་སྤྲོད།
       
འབའ་བ་རྡོ་རྗེ་རབ་འབྱོར། སྙུག་མིང་ལ་རྔོན་པར་འབོད། 2003ལོར་མཚོ་སྔོན་འབའ་རྫོང་དུ་སྐྱེས། ད་ལྟ་ཀོང་ཞི་བྱང་མཚོ་སྒྱུ་རྩལ་ཇུས་འགོད་སློབ་གླིང་ན་སློབ་གཉེར་བྱེད་ཀྱིན་ཡོད། ཆེད་ལས་ནི་སྙན་སྒྲོན་མདོ་འཛིན་ཡིན། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྙན་ངག་འབྲི་བཞིན་ཡོད་དེ། བརྩམས་ཆོས་རེ་འགའ«ཁྲི་ཤོར་རྒྱལ་མོ»དང«མཚོ་ལྷོའི་རྩོམ་རིག»སོགས་སུ་སྤེལ་ཅིང་། སྐབས་གསུམ་པའི་ཀྲུང་གོའི«ཆེས་མཛེས་པའི་བརྩེ་དུང་སྙན་ངག»འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་བཅས་ཐོབ་མྱོང་།
མེས་རྒྱལ་ལ་ཕུལ་བ།
ཅི་ཏིས་མཱ་ཅས་བརྩམས།
ཁ་བ་ནག་པོས་བསྒྱུར།

བདག་གི་མེས་རྒྱལ་ནི།
ཤར་ཕྱོགས་ཀྱི་བླ་སྡོང་ཆེན་པོ་ཞིག་ཡིན།
ས་གཞི་སེར་པོ་འདིའི་སྟེང་ན།
ནམ་ཡང་ཆད་མེད་དུ་བཞུར་བཞིན་པའི་གསེར་མདོག་གི་ཆུ་བོ་རེ་རེ་ཡིན།
བདག་གི་མེས་རྒྱལ་ལགས།
སྔོ་ཡུག་ཡུག་གི་ཁ་དོག་དེ་ནི།
ནམ་མཁའ་དང་རྒྱ་མཚོའི་ཁ་དོག་རེད།
དེ་ནི་བྱ་ཞིག་གིས་རང་གི་གཤོག་ཟུང་སྟེང་ལ།
འོད་ལམ་ལམ་གྱི་གསེར་གྱི་ཆར་ཐིགས་བཏེགས་ཏེ།
སྐྱ་རེངས་ཀྱི་བང་རིམ་བརྟོལ་བཞིན་པ་ཉིད་དོ། །

བདག་གི་མེས་རྒྱལ་ལྷ་སྒྲུང་ཁྲོད་འཚར་ལོངས་བྱུང་།
ལི་སྡོང་གི་ལོ་འདབ་དེ་ལས།
མི་སེམས་སྒུལ་བའི་དབྱངས་རྟ་བརྒྱ་སྟོང་མང་པོ་མཆེད་མྱོང་།
བདག་གི་མེས་རྒྱལ་ནི།
ནམ་ཡང་མི་རིགས་གཅིག་ཁོ་ན་ལ་མི་གཏོགས།
རྒྱུ་མཚན་མོ་ལ་བུ་དང་བུ་མོ་ང་དྲུག་ཡོད།
བདག་གི་མི་རིགས་ནི། ང་དྲུག་པོ་དེའི་ཆ་ཤས་གཅིག་ཡིན།
དེ་ནི་ནམ་ཡང་བདག་གི་མེས་རྒྱལ་ལ་དབང་།

ཁོ་མོའི་རུམ་ཁོང་དུ་འོད་སྟོང་འབར་བའི་ལོ་ཟླ་ཡོད་པའམ།
ཡང་ན་བརྙས་དམོད་ཀྱི་གཏམ་རྒྱུད་ཅི་ཡོད་ཀྱང་།
བདག་གི་མེས་རྒྱལ་གྱི་ལོ་རྒྱུས།
རང་དགར་གཏུབ་གཅོད་བྱས་ན་ག་ལ་འགྲིག
རྒྱུ་མཚན་བདག་གི་མེས་རྒྱལ་གྱི་ལོ་རྒྱུས་ནི།
ཆ་ཚང་བའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཡིན།
ང་ཚོས་ཐང་རྒྱལ་རབས་ལ་བསྟོད་བསྔགས་བྱེད་པའི་སྐབས་སུ།
ཡོན་རྒྱལ་རབས་ཀྱིས་དབང་སྒྱུར་གནང་པའི་མངའ་ཁོངས་བརྗེད་ག་ལ་རུང་།
ང་ཚོས་སུང་རྒྱལ་རབས་ཀྱི་སྙན་ངག་གི་རྒྱལ་ཁམས་ནས།
ཡི་གེའི་ཟིལ་ཤུགས་འཚོལ་བ་རྨི་ལམ་དུ་འདྲེན་དུས།
ཆིང་རྒྱལ་རབས་ཆེན་པོས་གསར་གཏོད་བྱས་པའི་རླབས་ཆེན་བྱ་གཞག་དང་།
ཐུན་མོང་མ་ཡིན་པའི་སྤོབས་པར་མཐོང་ཆུང་བྱ་ག་ལ་རུང་།
ངས་བདག་གི་མེས་རྒྱལ་གྱི་ལོ་རྒྱུས་ནི་ཆ་ཚང་བའི་ལོ་རྒྱུས་ཤིག་ཡིན་པ་བཤད་མྱོང་།
རྒྱུ་མཚན་ངས་འདི་ཡོད་ཚད་མེས་རྒྱལ་དུ་བརྩིས་ཡོད།
ཤ་ཁྲག་ལས་གྲུབ་པའི་ལུས་པོ་དང་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བརྩིས་ཡོད།

བདག་གི་མེས་རྒྱལ་ལགས། ངས་ཁྱོད་ལ།
གལ་ཏེ་ཉིན་ཞིག་ཁྱོད་ལ་མཁོ་གལ་ཆེ་བཞིན་ང་ཚོ་བདམས་པ་ན།
ཁྱོད་ཀྱི་གདམ་ག་དེ་ནི། ལས་སླ་མོ་ཞིག་གཏན་ནས་ཡིན་མི་སྲིད་ཅེས་བརྗོད་འདོད།
རྒྱུ་མཚན། དེ་ནི་ས་ཁོངས་ཀྱི་རྐྱེན་ཙམ་དང་རྒྱབ་ལྗོངས་མི་འདྲ་བ་ཙམ།
ཡང་ན་ང་ཚོ་མི་རིགས་གང་ཞིག་ནས་མཆེད་ཡོང་བ་ཙམ་ཁོ་ན་ག་ལ་ཡིན།
དེ་བཞིན་དུ་ང་ཚོའི་རིགས་རྒྱུད་ཀྱི་དབང་གིས།
ང་ཚོའི་འདྲ་མཉམ་འགྲན་རྩོད་ཀྱི་གོ་སྐབས་འཆོར་དུ་འཇུག་ག་ལ་རུང་།
བདག་གི་མེས་རྒྱལ་ཡ། 
ང་ཚོས་ཁྱོད་ལ་བཏེགས་པའི་བློ་དཀར་གཞུང་དྲང་དེས་བླུ་འདོད་པ་ནི། 
ཁྱོད་ཀྱིས་ང་ཚོར་བརྒྱ་ཆའི་བརྒྱ་ཡི་ཡིད་ཆེས་བཅང་རྒྱུ་དེ་ཡིན། 

བདག་གི་མེས་རྒྱལ་ལགས།
སྙན་འཇེབས་ལྡན་པའི་མཉམ་ལེན་དེས།
ཁྱོད་ནི་མི་རིགས་ང་དྲུག་གི་སྐད་བརྡའི་བསྡོམས་ཡིན་པ་བདེན་དཔང་བྱས་ཟིན།
དེའི་ཁྲོད་ཀྱི་གླུ་བ་གཅིག་ཆད་ཚེ།
བརྗིད་ཉམས་ལྡན་པའི་མཉམ་ལེན་དེ་སྙན་པོ་ཡོང་ཐབས་བྲལ།
བདག་གི་མི་རིགས་ཀྱི་སྐད་གདངས་དང་འདྲ་བར།
དེ་ནི་རྒྱང་རིང་གི་མཐའ་མཚམས་ནས་བྱུང་བར་ངེས་ཀྱང་།
ཡིན་ནའང་དེ་ཡི་ཆགས་གནས་ནི།
གཏན་ནས་གཏན་དུ་ཆད་མི་རུང་།
ང་ཚོ་དབྱི་རིགས་ཀྱི་གནའ་བོའི་ཡི་གེ་དང་འདྲ་བར།
དེར་བཀོད་པའི་ཡོད་ཚད་ཀྱི་ཡོད་ཚད།
དོགས་པ་སྤུ་ཙམ་ཡང་མེད་པར།
ཚང་མ་ཁྱོད་ཀྱི་འོད་སྟོང་འབར་བའི་བརྩམས་ཆོས་དེའི་ཁྲོད་ཀྱི།
སུ་ལའང་ང་རྒྱལ་གྱི་དབུ་འཕང་བསྟད་ཐུབ་པའི་ཉམས་པ་མེད་པའི་ལེའུ་རུ་གྱུར་ཡོད།

བདག་གི་མེས་རྒྱལ་ལགས། དགོངས་ཡངས་ཞུ།
ང་ཡི་སྤོབས་པ་དང་སྙན་ངག་པ་ལ་ད་གཟོད་བདེན་པ་ཡོད་ངེས།
ངས་ནི། ཁྱེད་ལགས་ནས།
མི་ཞིག་ལ་ཡོད་འོས་པའི་བླ་མེད་ཀྱི་གཤིས་རྒྱུད་དང་ཁྱད་འཕགས་གི་ནུས་པ།
སྒེར་སེམས་དང་གུ་དོག་ཡོངས་སུ་དོར་བ་དེ་དག་མཐོང་བར་རེ་ཡོད།
ད་དུང་འགྲན་པའི་ཟླ་དང་བྲལ་བ་སྟེ།
མི་སྒེར་གྱི་ཚེ་སྲོག་ཏུ་ཐིམ་ཞིང་ཆེས་རྩ་ཆེ་བ།
རྒྱལ་ཁབ་འདི་དང་མང་ཚོགས་འདིའི་ཆེད་དུ་ཕུལ་བའི།
རང་སྲོག་བློས་གཏོང་གི་སྙིང་སྟོབས་དག་ཀྱང་མཐོང་བར་རེ་ཡོད།
བདག་གི་མེས་རྒྱལ་ལགས།
ངས་ནི། ང་ཚོ་ཁྱོད་ཀྱི་ཞེ་ལ་ཐོགས་པ་ནི།
ང་ཚོས་ཁྱོད་ལ་བཅངས་པའི་བློ་ཁོག་དཀར་པོ་དེ་ཁོ་ན་ཡིན་པར།
རེ་སྨོན་དང་ཡིས་ཆེས་བྱས་ཡོད།
དེ་ནི་ཁྲག་རྩའི་སྦུབས་ཀྱི་ཁྲག་ཐིགས་རེ་རེ་དང་འདྲ་བར།
ཡོད་ཚད་སྙིང་གི་འཕར་ལྡིང་ལས་བྱུང་བ་མ་གཏོགས།
ག་ཤེད་ཅིག་ལས་གཏན་ནས་གཏན་དུ་འབྱུང་མི་སྲིད་དོ། །

ཟུར་བཀོད།
       སྒྱུར་མཁན་ངོ་སྤྲོད།
       གུ་རུ་དོན་གྲུབ། གཅན་ཚ་གཡོན་རུ་ནས་སྐྱེས། ད་ལྟའི་བར་དུ་སྙན་ངག་གཙོ་བྱས་ལྷུག་རྩོམ་དང་འབོལ་རྩོམ། སྒྲུང་གཏམ། སྙན་ངག་དཔྱད་བརྗོད་སོགས་འབྲི་ཁུལ་བྱས། ༢༠༡༨ལོར་སྙན་དེབ་ཐོག་མ«སྙན་ངག་གི་མགོ་སྦྲ་གྲུ་བཞི»པར་དུ་བསྐྲུན། ༢༠༢༠ལོར་འཛམ་གླིང་བྱིས་སྒྲུང་གྲགས་ཅན་དེབ«བུ་ཆུང་པུ་ཏི་ཟླ་བའི་སྟེང་བསྐྱོད་པའི་འགྲུལ་བཞུད་ཟིན་ཐོ»བོད་འགྱུར་བྱས་ཏེ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཉེ་བའི་ལོ་འགའི་སྔོན་ནས«ཧེ་མེན་བེའི་སྒྲུང་ཐུང་ཉིང་བཏུས་ཕྱོགས་སྒྲིག»བོད་འགྱུར་བྱས་ནས་གྲུབ། ད་ལྟ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།