ངོས་དང་པོ > ཆེད་དོན། > “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་བསྡུར། > “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་སྙན་ངག་གི་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས།
“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་སྙན་ངག་གི་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས།
རྩོམ་པ་པོ།:ཚེ་རིང་འཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-05 09:56:03
ཀློག་གྲངས།:
༄༅། །མེས་རྒྱལ་ལ་འབུལ་བ།
ཅི་ཏི་མ་ཅས་བརྩམས།
ཚེ་རིང་འཚོས་བསྒྱུར།
ཚེ་རིང་འཚོས་བསྒྱུར།
ང་ཡི་མེས་རྒྱལ་ཉིད་ནི་ཤར་ཕྱོགས་འཛིན་མའི་སྤོར། །
འགྱིང་བག་དོད་པའི་སྟོབས་ལྡན་དཔག་བསམ་ལྗོན་པ་ཞིག །
གསེར་ལྡན་ས་ཆེན་ཨ་མའི་པང་དེར་ནམ་ཞར་དུ། །
ཆད་མེད་རྟག་འབབ་གསེར་མདོག་གཙང་བོ་རེ་རེའོ། །
ང་ཡི་མེས་རྒྱལ་ཆེན་མོའི་ལྷད་མེད་མཐིང་མདོག་ཉིད། །
ནམ་མཁའ་དང་ནི་ཆུ་གཏེར་ཕྱུག་མོའི་ཁ་དོག་སྟེ། །
གསེར་མདོག་ཆར་ཐིགས་རྡོག་པོ་བརྐྱངས་པའི་གཤོག་ཟུང་ལས། །
འཚེར་བཞིན་སྐྱ་རེངས་གཤགས་པའི་བྱ་རྒོད་ཞིག་ཀྱང་ངོ་། །
ང་ཡི་མེས་རྒྱལ་ལྷ་སྒྲུང་རིང་མོའི་ཕུང་བ་ནས། །
སྐྱེ་སྟོབས་དཔལ་ནི་རྒྱས་བཞིན་ལི་དང་འཁར་བ་ཡི། །
ཐགས་སུ་བཀྲ་བའི་སྡོང་ལོའི་འགྱུར་ཁུགས་སྙན་མོ་ལས། །
ཡིད་འཕྲོག་སྒྲ་དབྱངས་བརྒྱ་སྟོང་ཡང་ཡང་བསྒྲགས་པར་བྱེད། །
ང་ཡི་མེས་རྒྱལ་ནམ་ཡང་མི་རིགས་གཅིག་ཉིད་ལ། །
གཏོགས་པར་མ་གྱུར་ཁོ་མོར་བུ་ཕྲུག་ང་དྲུག་གི །
གྲངས་ཀྱིས་ཟིན་ཕྱིན་ང་ཡི་རིགས་ཀྱང་དེ་དག་གི །
ཆ་ཤས་གཅིག་སྟེ་གཏན་དུ་མེས་རྒྱལ་གང་དེར་དབང་། །
ང་ཡི་མེས་རྒྱལ་ཉིད་ཀྱི་ལོ་རྒྱུས་གང་བྱུང་དུ། །
གཅོད་པར་མི་འོས་འོད་སྟོང་འབར་བའི་ལོ་ཟླའི་རིས། །
ཡང་ན་འཚོ་གནས་བརྙས་བཅོས་ཁོ་མོས་འཁུར་མོད་ཀྱང་། །
གང་དེའི་ལོ་རྒྱུས་ཉིད་ནི་ཆག་གྲུམ་མེད་པའོ། །
ཐང་རྒྱལ་ཆེན་མོར་ངེད་རྣམས་བསྔགས་བརྗོད་འབུལ་དུས་ཀྱང་། །
ཡོན་གྱིས་མངའ་ཁོངས་བསྐྱེད་ཚུལ་བརྗེད་པར་ག་ལ་རུང་། །
དྲན་པའི་ཆུ་མོ་སུང་གི་སྙན་ཚིག་ངོས་རྒྱུ་དུས། །
འཚོལ་རྒྱུ་ཡི་གེའི་སྟོབས་ལས་སྣང་ཆུང་བྱེད་ཅི་རུང་། །
ཆིང་རྒྱལ་ཆེན་མོས་རླབས་ཆེན་ལས་དོན་འབྱེད་པའི་ཉམས། །
ཁྱད་དུ་འཕགས་ཕྱིར་ང་ཡི་མེས་རྒྱལ་ལོ་རྒྱུས་ཉིད། །
འཐུས་ཚང་ཡིན་ཞེས་ང་ཡིས་བརྗོད་པའང་དེ་དག་ཀུན། །
མེས་རྒྱལ་ལུས་ཀྱི་ཆར་སེམས་གཅོད་པར་མི་འོས་སོ། །
ང་ཡི་མེས་རྒྱལ་ཁྱེད་ལ་ཞུ་སྙིང་འདོད་པ་སྟེ། །
ནམ་ཞིག་ཁྱེད་ལ་མཁོ་ཞིང་དེ་བཞིན་ངེད་ཅག་དག །
གདམ་པར་ཡུལ་ཁམས་དང་ནི་ཐུན་མིན་རྒྱབ་ལྗོངས་ཀྱི། །
རྐྱེན་གྱིས་གདམ་ཀ་སླ་བར་བྱ་མིན་ངེས་གཏན་ཏེ། །
ངེད་ཅག་མི་རིགས་གང་ལས་མཆེད་པའི་རྐྱེན་ཙམ་དང་། །
དེ་བཞིན་རིགས་རྒྱུད་ཡན་གར་གྱིས་དབང་མིང་དང་དོན། །
མཚུངས་པའི་འདྲ་མཉམ་གྱིས་དྲངས་འགྲན་རྩོད་གོ་སྐབས་དེར། །
བྲལ་དུ་མི་རུང་ཀྱེ་མ་ང་ཡི་མེས་རྒྱལ་ལགས། །
ངེད་རྣམས་ཁྱེད་ལ་ལྷག་བསམ་རྣམ་པར་དག་པ་ལ། །
སླད་མར་ཁྱེད་ཀྱི་ཡིད་ཆེས་གཙང་མར་ང་ཡིས་སྨོན། །
ཀྱེ་མ་ང་ཡི་མེས་རྒྱལ་སྙན་འགྱུར་གྱིས་ཕྱུག་པའི། །
མཉམ་ལེན་དེ་ཡིས་མི་རིགས་ང་དྲུག་སྐད་བརྡའི་བསྡོམས། །
རབ་ཏུ་མཚོན་པ་བདེན་དཔང་བྱས་ཟིན་གླུ་བ་གཅིག །
བྲལ་ཚེ་བརྗིད་ཆགས་ཡིད་དབང་འཕྲོག་པའི་མཉམ་སྡེབ་དེ། །
ལེགས་པར་མ་གྱུར་ང་ཡི་རིགས་དེའི་སྐད་འདྲའོ། །
དེ་ནི་རྒྱང་རིང་བས་མཐའ་ནས་འོང་སྲིད་མོད་ཀྱང་། །
དེ་ཡི་གནས་པ་གཏན་དུ་ཆད་པར་མི་འོས་ཏེ། །
དེ་ནི་ངེད་ཅག་དབྱི་མིའི་གནའ་ཡིག་ཇི་བཞིན་དུ། །
དེ་ཡིས་མཚོན་པ་མ་ལུས་འོད་ཟེར་སྟོང་ལྡན་པའི། །
ཁྱེད་ཀྱི་བསྟན་བཅོས་ཆེན་མོར་སྤོབས་སེམས་རབ་སྟེར་ཞིང་། །
ཉམས་མེད་ལེ་ཚན་ཞིག་ཏུ་གྲུབ་པར་སྨོས་ཅི་དགོས། །
བཟོད་གསོལ་གནང་རོགས་ཀྱེ་མ་ང་ཡི་མེས་རྒྱལ་ལགས། །
སྙན་ངག་པ་ལ་ད་གཟོད་རབ་ཏུ་བདོག་གྱུར་པའི། །
རྣམ་དག་དང་ནི་ང་ཡི་སྙིང་སྟོབས་ཆེན་པོ་ལའོ། །
ཁྱེད་ཀྱི་ཐུགས་སུ་འབབ་རྒྱུར་ངེད་ཅག་རྐང་གཉིས་པའི། །
ཆ་ལ་འཛོམས་པའི་མཆོག་གྱུར་གཤིས་དང་རྨད་བྱུང་གི །
འཇོན་ནུས་དང་བཅས་དོན་གྱིས་དོར་བའི་ཁེ་ཆུང་དང་། །
འགྲན་ཟླས་དབེན་ཞིང་སོ་སོའི་སྲོག་ཏུ་འདུ་བ་ཡི། །
རིན་ཐང་གཞལ་དུ་མེད་པ་དེ་ནི་རྒྱལ་ཁབ་དང་། །
དམངས་ལ་ཞབས་ཞུར་རང་སྲོག་བློས་སུ་གཏོང་ཐུབ་པའི། །
སྙིང་སྟོབས་འབའ་ཞིག་ཡིན་པར་ང་ཡིས་རེ་ཞིང་སྨོན། །
ཀྱེ་མ་ང་ཡི་མེས་རྒྱལ་ངས་ནི་རེ་སྨོན་དང་། །
ད་དུང་སྙིང་ནས་སྒུག་པ་ཁྱེད་ཀྱི་ཐུགས་ཉིད་དུ། །
འབབ་རྒྱུར་ངེད་ཅག་ཁྱེད་ལ་བློ་སེམས་དཀར་བའི་ཚུལ། །
ཁྲག་རྩའི་སྦུབས་ཀྱི་ཟུངས་ཁྲག་དྲོན་མོའི་ཐིགས་པ་དག །
དྲག་ཏུ་ལྡིང་བཞིན་པ་ཡི་སྙིང་དབུས་ནས་བྱུང་ལས། །
ཇི་སྲིད་གཞན་མིན་སྨོས་མེད་ཡིན་ལ་ངེས་ཀྱང་སྲིད། །
ཟུར་བཀོད།
བསྒྱུར་རྩོམ་འདིའི་ལོ་ཙཱའི་རིག་ལམ་ནི་གཤམ་ལྟར་ཏེ།
༡.འགྱུར་གྱི་མ་ཡིག་གི་ལུས་ནི་རང་མོས་སྙན་ངག་ཡིན་པ་གང་དེ་བོད་ཡིག་ཏུ་བསྒྱུར་སྐབས་བོད་རྩོམ་གྱི་ཉམས་ཀྱིས་ཕྱུག་ཆེད་ཚིགས་བཅད་ཀྱི་ལུས་སུ་བསྒྱུར་ཅིང་། ཚེག་དབར་བཅུ་གཅིག་ཅན་དང་། ཆ་ཆ་ཆ་ཆ་ཡའི་སྡེབ་སྟངས་ལྟར་བྱས་ཡོད།
༢.དོན་མ་ཡིག་ལ་བསྟུན་པར་བྱས་ཡོད།
༣.ཚིག་འབྲེལ་ཆགས་ཤིང་བརྗོད་བདེ་བར་བྱས་ཡོད།
«སྒྲ་སྦྱོར་བམ་གཉིས»ལས། “ཚིགས་སུ་བཅད་པ་གཅིག་གི་ནང་དུ། གར་བདེ་བ་བསྣོར་ཞིང་བསྒྱུར་ཅིག རྐྱང་པ་ལ་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག”ཅེས་པ་ལྟར། སྒྱུར་བྱེད་སྐད་ཀྱི་མིང་ཚིག་གི་བརྡ་སྤྲོད་ཚུལ་དང་རྒྱན་སྡེབ་སྟངས་སོགས་ཐུན་མོང་མ་ཡིན་པའི་གོམས་སྲོལ་གྱི་སྦྱོར་ལུགས་ལྟར་ཚིག་སྔ་ཕྱིའི་གོ་རིམ་བསྣོར་བའམ་ཕྲད་དང་རྣམ་དབྱེ་ལ་སོགས་པའི་རྐྱེན་གསར་དུ་བསྣོན་པས་ཚིག་གོང་འོག་འབྲེལ་ཆགས་པར་བྱས་པ་སྟེ། དཔེར་ན། མ་ཡིག་གི“我的祖国 是东方的一棵巨人树 那黄色的土地上,永不停息地 流淌着的是一条条金色的河流”ཞེས་པ་བོད་འགྱུར་དུ། ང་ཡི་མེས་རྒྱལ་ཉིད་ནི་ཤར་ཕྱོགས་འཛིན་མའི་སྤོར། །འགྱིང་བག་དོད་པའི་སྟོབས་ལྡན་དཔག་བསམ་ལྗོན་པ་ཞིག །གསེར་ལྡན་ས་ཆེན་ཨ་མའི་པང་དེར་ནམ་ཞར་དུ། །ཆད་མེད་རྟག་འབབ་གསེར་མདོག་གཙང་བོ་རེ་རེའོ། །ཞེས“ཉིད་ནི”དང་། “ཞིག” “དུ” “འོ”སྒྲ་ལ་སོགས་གསར་དུ་བསྣན་པ་ལྟ་བུའོ། །
༤.ཉམས་སམ་ཁྱད་ཆོས་ཐོན་པར་བྱས་ཡོད།
མ་ཡིག་གི་ཉམས་སམ་ཁྱད་ཆོས་ནི་དུས་རབས་དང་། མི་རིགས། ས་གནས་ཁོར་ཡུག རྩོམ་པ་པོའི་སེམས་ཁམས་ཀྱི་ཁྱད་རྟགས། མི་ཚེའི་མྱོང་བརྒྱུད། གོ་བདེ་མིན། ཁ་དམ་ལྷོད་ལ་སོགས་པའི་ཁྱད་ཆོས་མང་དུ་ཡོད་པ་དག་ལ་རྒྱུས་ལོན་བྱས་ཐོག འགྱུར་ལ་ཚིག་ཉུང་དོན་གསལ། ཀུན་ལ་གྲགས་ཤིང་གོ་སླ་བ། མ་ཡིག་གི་བསྟན་དོན་གཟུགས་བརྙན་བཞིན་བསྐྱར་མཚོན་བྱ་ཅི་ཐུབ་ལ་འབད་ཡོད་དོ། །
སྒྱུར་མཁན་ངོ་སྤྲོད།
ཚེ་རིང་འཚོ། ཕ་ཡུལ་ཀན་སུའུ་གཙོས་གྲོང་ཁྱེར་ཡིན། ད་ལྟ་ཀན་ལྷོ་ཁུལ་ཚན་རྩལ་ཅུས་སུ་བྱ་བ་གཉེར་བཞིན་ཡོད། ལོ་ཙཱ་བ་རིམ་པ་དང་པོ་ཡིན། ༢༠༠༨ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན། བོད་རྒྱ་སྐད་གཉིས་ལོ་ཙཱའི་ཆེད་ལས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号