ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་སྲུང་སྐྱོང་སྐོར་གྱི་རིག་གཞུང་གླེང་སྟེགས་ཁྲེང་ཏུའུ་ནས་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-12-09 08:26:27 ཀློག་གྲངས།:
       2025ལོའི་ཟླ12པའི་ཚེས6ཉིན། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་དང་སྡེ་དགེ་རྫོང་རྫོང་མགོ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་གླིང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རིག་གཞུང་གླེང་སྟེགས་དེ་སི་ཁྲོན་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་པ་རེད།
       རྒྱལ་ཡོངས་ཀྱི་གེ་སར་རིག་གནས་ཞིབ་འཇུག་དང་། རིག་དངོས་སྲུང་སྐྱོང་། མི་རིགས་རིག་པ་སོགས་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་གེ་སར་རིག་གནས་ལ་དགའ་པོ་གནང་མཁན་སོགས་མཉམ་དུ་འཛོམས་ནས་རྫོང་མགོ་དགོན་གྱི་རྩ་ཆེའི་རིག་དངོས་སྲུང་སྐྱོང་དང་དུས་རབས་ཀྱི་རིན་ཐང་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ། མི་རིགས་རིག་གནས་རྒྱུན་འཛིན་དང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།
       གླེང་སྟེགས་ཀྱི་ཡུལ་དངོས་ནས་ཁྱབ་བསྒྲགས་བྱས་པའི«གླིང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་དང་རྗེས་ཤུལ་སྲུང་སྐྱོང་གི་གྲོས་འགོའི་ཡི་གེ»ནང་རིག་དངོས་སྲུང་སྐྱོང་དང་།རིག་གཞུང་མ་ལག་ལེགས་སྒྲིག  གྲངས་འཛིན་ཅན་གྱི་ཡིག་ཚགས་འཛུགས་པ་བཅས་ལས་གྲྭ་ཆེན་པོ་གསུམ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཤུལ་བཞག་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད།
       གླེང་སྟེགས་འཚོགས་རིང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐུན་མོང་ཐོག་རྫོང་མགོ་དགོན་གྱི་རིག་དངོས་སྲུང་སྐྱོང་དེ་གོ་སྐབས་སུ་བྱས་ཏེ། གེ་སར་རིག་གནས་ཀྱི་ཞིབ་སློབ་རྟེན་གཞི་བསྐྲུན་ནས་ཐང་ཁ་འགྲེམས་སྟོན་དང་། རིག་གཞུང་སྐོར་སྐྱོད་གཏམ་བཤད། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་བྱ་ཐབས་སྣ་མང་སྤྱད་དེ་རིག་དངོས་ནང་འདུས་པའི་སྣ་མང་གཞི་གཅིག་གི་སྙིང་སྟོབས་མི་སེམས་སུ་གཏིང་ཟབ་ཟུག་ཏུ་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད།
       ད་ཐེངས་ཀྱི་གླེང་སྟེགས་གཉེར་བ་དེས་གེ་སར་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། དེ་བས་ཀྱང་མི་རིགས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོང་དང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་རིག་གཞུང་སྣེ་ཁྲིད་དང་ལག་ལེན་དོན་འཁྱོལ་བྱེད་པའི་རྣམ་པ་གསར་པ་བསྐྲུན་ནས།  དཔའ་བོའི་ལོ་རྒྱུས་སྙན་ངག་འདིས་དུས་རབས་གསར་པའི་ནང་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྒྱུན་མཐུད་ངང་འབྲི་ཐུབ་པ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།