ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > དབྱིན་ཇིའི་དཔེ་མཛོད་དུ་བཞུགས་པའི་རྙིང་མའི་རྒྱུད་འབུམ་ལག་བྲིས་མ།
དབྱིན་ཇིའི་དཔེ་མཛོད་དུ་བཞུགས་པའི་རྙིང་མའི་རྒྱུད་འབུམ་ལག་བྲིས་མ།
རྩོམ་པ་པོ།:ཚེ་རིང་བསམ་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-04 08:40:10
ཀློག་གྲངས།:
༄༅། །ལོན་ཏོན་དུ་འཁྱར་བའི་རྙིང་མའི་རྒྱུད་འབུམ་འདི་ཡང་ཟིན་ཐོ་སྔོན་མར་གླེང་བའི་ཝ་དྡེལ་དུ་འབོད་པའི་སི་ཀོ་ལན་པ་དེས་དབྱིན་ཇིས་བོད་ལ་བཙན་འཛུལ་སྐབས་སུ་ཁྱེར་བའི་ཡིག་ཆའི་གྲས་སུ་གཏོགས་ཤིང་། ཅུང་ཙམ་མི་འདྲ་བ་ཞིག་ལ་རྒྱུད་འབུམ་འདི་ནི་ཁོ་རང་གི་ཟིན་བྲིས་སུ་སྒེར་གྱིས་གཅེས་ཉར་བྱས་ཡོད་པའི་ཡིག་ཆའི་གྲས་ཡིན་ཚུལ་ལབ་ཡོད་པ་དེ་རེད། ཡིན་ནའང་ཁོས་བོད་དུ་ཡིག་ཆ་གང་དག་གཞུང་དང་གང་དག་སྒེར་གྱི་ཆེད་དུ་བསྡུ་རུབ་བྱས་པའི་གནས་སྟངས་དེ་ཧ་ཅང་རབ་རིབ་ཡིན་ཞིང་། དབྱིན་དམག་གི་ལས་བྱེད་ཅིག་གིས་སྒེར་དུ་ཡིག་ཆ་ཉར་བ་ནི་གཞུང་རྒྱུ་སྒེར་ལ་བཀོལ་བ་ཡིན་ཤས་ཆེ་མོད། བཙན་འཛུལ་བ་དག་ལ་དཀར་ནག་གི་དབྱེ་བ་ཆེར་འགེར་རྒྱུ་མེད་པས་རང་ཅག་གིས་དེ་རྣམས་ལ་འདྲ་མཉམ་གྱིས་བལྟ་བར་བྱའོ། །ཝ་དྡེལ་གྱིས་རྐུ་འཁྱེར་བྱས་པའི་ཡིག་ཆ་གཙོས་པའི་གནའ་རྫས་མང་ཤས་ད་ཆ་དབྱིན་ཇིའི་དཔེ་མཛོད་དུ་ཉར་ཡོད་ནའང་། ཁོའི་སྒེར་གྱི་དཔེ་མཛོད་དུ་ཉར་བའི་མདོ་གཟེར་མིག་ལག་བྲིས་མ་ཞིག་གིས་ཐོག་དྲངས་པའི་ཡིག་ཆ་བཞི་བརྒྱ་ལྷག་ཙམ་འཇར་མན་གྱི་རྒྱལ་གཉེར་དཔེ་མཛོད་དུ་འཁྱར་ཡོད་འདུག དེ་དག་ཀྱང་ཁོས་ཉར་བའི་ཡིག་ཆ་རྣམས་ཕྱིས་སུ་ལོན་ཏོན་གྱི་གོང་རྩོད་ཁྲོམ་ར་སྐད་གྲགས་ཅནSotheby’sསོགས་བརྒྱུད་ནས། འཛམ་གླིང་ཡུལ་གྲུ་གང་སར་བཙོང་ཡོད་པའི་ཆ་ཤས་ཤིག་ཡིན་པ་རེད།

རྒྱུད་འབུམ་འདིའི་པོད་སུམ་ཅུ་དབྱིན་ཇིའི་དཔེ་མཛོད་ཁང་དང་པོད་གཅིག་གླང་བོའི་རབ་ཁ་གཙུག་ལག་སློབ་ཆེན་གྱི་པོ་དྷི་ལྱིན་དཔེ་མཛོད་ཁང(Bodleian Library)དུ་བཞུགས་ཤིང་། དབུ་ལྡེབ་གཉིསVictorian & Albert Museumདུ་འབོད་པའི་རྟེན་མཛོད་ཁང་དུ་འཁྱར་ཡོད་འདུག ལྷག་མའི་པོད་གཉིས་ནི་ཐོག་མའི་བསྡུ་རུབ་སྐབས་སུའམ་ཕྱིས་སུ་ཁ་འཐོར་པ་གང་ཡིན་ཆ་མ་འཚལ་མོད། ད་སྔ་ང་ཚོའི་མཐོང་སྐལ་དུ་སྨིན་མེད། མིག་སྔར་རྒྱུད་འབུམ་འདི་ཝ་དྡེལ་གྱིས་གང་ཟག་སུ་ཞིག་གི་ཕྱག་ནས་ཇི་ལྟར་རེག་པའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཅི་ཡང་རྙེད་ཐབས་མི་འདུག་མོད། འོན་ཀྱང་། རྒྱུད་འབུམ་དེ་ཁོ་རང་སྒེར་གྱིས་གཅེས་ཉར་བྱས་པ་ལས་དབྱིན་ཇིའི་རྟེན་མཛོད་ཁང་དུ་ཕུལ་ཚུལ་བྲིས་ཡོད་པ་ནི། “དབུ་ཞབས་ལྷ་སྐུས་ལེགས་པར་བརྒྱན་པའི་ཡིག་ཆ་ཕྱོགས་བསྒྲིགས་ཡག་ཤོས་པོད་སུམ་ཅུའི་བདག་ཉིད་ཅན་ཞིག་ཁོ་བོ་སྒེར་གྱིས་གཅེས་ཉར་བྱས་པ་ལས་རྒྱ་གར་གཞུང་སྒྲུབ་ཁང་གི་དཔེ་མཛོད་དུ་ཕུལ”ཞེས་པ་དེའོ། །

V&A རྟེན་མཛོད་ཁང་དུ་འཁྱར་བའི་དབུ་ལྡེབ།(I.M. 318-1920)
རྒྱུད་འབུམ་ལག་བྲིས་མ་འདི་ནི་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བུ་སློབ་ཏུ་གྱུར་བ་པདྨ་ཆོས་འཛོམས་སུ་འབོད་པ་ཞིག་གིས་བླ་མ་ཁོང་གི་དགོངས་རྫོགས་ལ་ཆེད་དུ་བཞེངས་པ་ཞིག་སྟེ། ང་ཚོས་པདྨ་ཆོས་འཛོམས་ཞེས་པ་འདི་སུ་ཡིན་སྐོར་རྒྱུ་མ་ཕུ་འདེད་ཀྱི་ཚུལ་གྱིས་ཅུང་ཟད་ཅིག་བཀྲལ་ན། མོ་རང་ནི་མི་དབང་ཕོ་ལྷ་བའི་སྲིང་མོ་གཉིས་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། དུས་སྐབས་དེར་ཧོར་ཇུན་གར་གྱི་དམག་ལ་འཇིགས་ཏེ་མང་ཡུལ་དཀར་ཡེ་དགོན་དུ་ཡུལ་བྱོལ་ལ་ཕེབས་ཤིང་རྒྱུན་རིང་པོར་བཞུགས་ཏེ་ཡུལ་ཕྱོགས་དེར་བསྟན་པའི་སྦྱིན་བདག་མཛད་དེ་ནང་བའི་བསྟན་པར་ཕན་པའི་ལས་མང་དུ་བགྱིས། དེ་དག་ལས་རྙིང་མའི་རྒྱུད་འབུམ་པོད་སོ་གསུམ་ཅན་འདི་ཡང༡༧༥༠རྩ་གྲངས་སུ་དཀར་ཡེ་དགོན་དུ་བཞེངས་ཡོད་འདུག་ལ། སྤུས་དག་ཅིང་བཟོ་རྩལ་ཁྱད་དུ་འཕགས་པའི་རྒྱུད་འབུམ་འདི་འདྲ་ཞིག་བཞེངས་པ་ལ་འགྲོ་གྲོན་སོགས་ཅི་བས་ཀྱང་ཆེ་བས་ན། མོ་རང་གི་གོ་ཐོབ་ཇི་འདྲའི་མཐོ་བོ་དང་ནོར་ལོངས་སྤྱོད་ཅི་ཙམ་རྒྱས་པོ་ཡོད་པར་ཚོད་དཔག་ཅུང་ཙམ་རེ་བྱེད་ཐུབ་པའོ།།

ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ།(1698-1755)
རྙིང་མའི་རྒྱུད་འབུམ་འདི་ལ་གཞན་ལས་ལྷག་པའི་ཁྱད་ཆོས་དུ་མ་བདོག་པ་ལ། རྒྱུད་འབུམ་འདི་སྤྱིར་སྣག་བྲིས་ཡིན་ནའང་དབུ་ལྡེབ་མཐིང་ཤོག་བརྩེགས་མ་རུ་གསེར་བྲིས་བྱས་ཡོད་ཅིང་། དབུ་ལྷ་ལ་གཡོན་དུ་ཀཿཐོག་རིག་འཛིན་ཆེན་མོ་དང་། དབུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་གཡས་གཡོན་གཉིས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་ལྕམ་མནྡྷ་ར་བ་བཞུགས་པའི་སྐུ་དང་། གཡས་སུ་རྗེ་འབངས་ཉེར་ལྔ་སོགས་གང་རུང་ཞིག་འབྱུང་ཞིང་། དམིགས་བསལ་དུ་པོ་ཏི་གཅིག་གི་དབུ་ལྷ་རུ་ཚེ་ལྷ་རྣམ་གསུམ་ཡང་བྱུང་ཡོད་དོ། །རྒྱུད་འབུམ་འདིར་པོད་གྲངས་སོ་གསུམ་བཞུགས་པའི་གྲངས་ནི་གསལ་བྱེད་སུམ་ཅུ་ཨོཾ་ཨཱ་ཧཱུཾ་དང་བཅས་པས་མཚོན་ཡོད་འདུག་ཅིང་། པོད་གྲངས་ཀྱི་ཆ་ནས་སྡེ་དགེ་ཤིང་སྤར་མའི་པོད་ཉེར་དྲུག་དང་། འབྲུག་ཡུལ་མཚམས་བྲག་བྲིས་མའི་པོད་ཞེ་དྲུག གཏིང་སྐྱེས་དགོན་པ་བྱང་གི་པོད་སོ་དྲུག་ཅན་དང་མི་འདྲ་ནའང་། ཆོས་ཚན་གྱི་གོ་རིམ་སྒྲིག་སྟངས་སོགས་ཀྱི་ཐད་གཏིང་སྐྱེས་དགོན་པ་བྱང་གི་ལག་བྲིས་དང་ཐག་ཧ་ཅང་ཉེ་ཚུལ་ཉམས་ཞིབ་པ་སྔོན་མ་དག་གིས་གསུངས་ཡོད། རྙིང་མའི་རྒྱུད་འབུམ་སྤྱི་དང་ཁྱད་པར་དབྱིན་ཇིའི་དཔེ་མཛོད་དུ་བཞུགས་པའི་རྒྱུད་འབུམ་ལག་བྲིས་མ་འདི་ལ་དབྱིན་ཇིའི་ཞིབ་འཇུག་པRobert MayerདངCathy Cantwellཁྱོ་ཤུག་གཉིས་ཀྱིས་ལོ་མང་རིང་ཉམས་ཞིབ་བགྱིས་ཏེ་དཔྱད་འབྲས་མི་ཉུང་བ་ཞིག་སྤེལ་ཡོད་པ་དང་། ད་ལྟ་ཁོང་གཉིས་ནི་རྒྱུད་འབུམ་འདིར་རྒྱུས་མངའ་ཆེས་ཆེ་བའི་ཉམས་ཞིབ་པ་ཆགས་ཡོད་ཅིང་། ཁོང་གཉིས་ནས་རྒྱུད་འབུམ་འདིའི་དཀར་ཆག་རྒྱས་པ་ཞིག་ཀྱང་བྲིས་གནང་མཛད་འདུག(དཀར་ཆག་དེ་ཉམས་ཞིབ་ཕྱིར་མཁོ་བ་བྱུང་ཚེ་ཁོ་བོས་འདོན་སྤྲོད་གནང་ཆོག)
གཞན་ཡང་རྒྱུད་འབུམ་འདི་གླེང་དུས། ངེད་དཔེ་མཛོད་ཀྱི་བོད་རིག་པ་སྨྲ་བSam van Schaikལགས་ནས༢༠༠༠ལོར་ཆེས་ཐོག་མར་གླང་རབ་སློབ་ཆེན་དུ་བཞུགས་པའི་པོད་དང་པོའི་སྐོར་ལ་དཀར་ཆག་རྩོམ་ཡིག་ཅིག་བྲིས་པ་དེས་རྒྱུད་འབུམ་འདི་བོད་རིག་པའི་ཞིབ་འཇུག་གི་སྡེར་ཕ་ངོ་བུ་ངོ་སྤྲད་ཅིང་། དུས་དེ་ནས་བཟུང་ཞིབ་འཇུག་གི་སྡེར་རྙིང་མའི་རྒྱུད་འབུམ་གྱི་རིག་འཛིན་ཚེ་དབང་ནོར་བུའམ་ཝ་དྷེལ་པར་མ་ཞེས་རླུང་ལྟར་དུ་གྲགས་སོ། །

དབྱིན་ཇིའི་དཔེ་མཛོད་དུ་བཞུགས་པའི་རྙིང་མའི་རྒྱུད་འབུམ།(Or. 15217)
རྒྱུད་འབུམ་སྐོར་གྱི་འཕྲོས་ཀློག
1. Cantwell, Cathy. "Distinctive Features of the Rig ‘Dzin Tshe Dbang nor bu (Waddell) Edition of the Rnying ma’i Rgyud ‘Bum." InProceedings of the Ninth Seminar of the IATS, 2000. Volume 10: The Many Canons of Tibetan Buddhism, pp. 359–376. Brill, 2002.
2. Ehrhard, Franz-Karl. "The Scribe's Remark: A Note on the 'Rig 'dzin Tshe dbang nor bu (Waddell) Edition' of rNying ma rgyud 'bum." Zentralasiatische Studien 41 (2012): 231–237.
3. van Schaik, Sam. “A Catalogue of the First Volume of the Waddell Manuscript rNying ma rgyud 'bum.”The Tibet Journal 25, no. 1 (2000): 27–50.
ཚེ་རིང་བསམ་གྲུབ་ཀྱིས་དབྱིན་ཇིའི་ལོན་ཏོན་དུ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号