བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་གཟེངས་བསྟོད་མཛད་སྒོ་འདི་འདྲ་ཞིག་སྤེལ་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-05-02 21:22:17 ཀློག་གྲངས།:
       ཟླ4པའི་ཚེས30ཉིན་གྱི་ཕྱི་དྲོར། པདྨ་གསེར་བྲིས་གླིང་གིས་གཙོ་གཉེར་བྱས་པའི་སྐབས་གསུམ་པའི་པདྨ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་གཟེངས་བསྟོད་མཛད་སྒོ་དང་བརྩམས་ཆོས་འགྲེལ་སྟོན་མཛད་སྒོ་དེ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ་བ་རེད།
       བོད་ཀྱི་ཡིག་གཟུགས་འདི་ཉིད་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། 2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་ཡོད། ད་ཐེངས་ཀྱི་མཛད་སྒོ་དེས་བྲིས་པའི་སྨྱུག་རྩེ་ནས་ཐོག་མའི་བསམ་འདུན་མངོན་ཞིང་། ཡིག་གཟུགས་བརྩམས་ཆོས་ཀྱིས་སྤེལ་རེས་ལ་སྐུལ་འདེད་གཏོང་ཞེས་པའི་བརྗོད་གཞིར་དམ་པོར་གཞིགས་ནས། བོད་ཡིག་གི་ཡིག་གཟུགས་གཙོས་པའི་མི་རིགས་ཁག་གི་ཕུལ་བྱུང་ཡིག་གཟུགས་བརྩམས་ཆོས་མང་པོ་ཞིག་འགྲེམ་སྟོན་བྱས་པས་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད།
       གསར་འགོད་པར་རྒྱུས་ལོན་བྱུང་བར་གཞིགས་ན། པདྨ་གསེར་སྨྱུག་རྟགས་མའི་འགྲན་བསྡུར་དེ2023ལོ་ནས་སྤེལ་འགོ་ཚུགས་ཤིང་། ལོ་རེར་ཐེངས་རེ་སྤེལ་ཏེ་ད་བར་སྐབས་གསུམ་སྤེལ་ཡོད། ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་སྐབས་སྔོན་མ་གཉིས་དང་བསྡུར་ན། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་བོད་འབྲེལ་ས་ཁུལ་གྱི་ཡིག་མཁན་རྣམས་ཀྱིས་བྲིས་གནང་མཛད་པའི་ཡིག་གཟུགས་ལ་དབུ་ཅན་དང་ཚུགས་རིང་ཐུང་། དཔེ་ཚུགས། འབྲུ་ཚ། འཁྱུག་བྲིས། ལཉྫ་དང་ཝརྟུ། སྒྱུ་རྩལ་ཡིག་གཟུགས་བཅས་ཀྱི་ཡིག་རྒྱུན་སྣ་ཚོགས་ཀྱི་འགྲན་ཞུགས་བརྩམས་ཆོས2000ལྷག་ཡོད་པ་དང་། བརྩམས་ཆོས་ཀྱི་གྲངས་འབོར་མང་བ་དང་སྤུས་ཀ་ལེགས་པ། ཡིག་རྒྱུན་སོ་སོའི་ཡིག་མཁན་རྣམ་པའི་བྲིས་ཀྱི་བྱང་ཚད་མཐོན་པོར་སླེབས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སྐབས་འདིའི་འགྲན་བསྡུར་འདི་ལ་དམིགས་བསལ་འགྲན་རིམ་ཁག་གཅིག་ཁ་སྣོན་བྱས་ཡོད་པ་དང་། དེ་ལ་ས་སྐྱ་ལེགས་བཤད་བློར་འདོན་དང་། AIམི་བཟོས་རིག་ནུས། ཤིང་བརྐོས་དང་རྡོ་བརྐོས། རུས་བརྐོས་སོགས་བརྐོས་རིགས་བརྩམས་ཆོས་གང་མང་ཞིག་ཀྱང་ཡོད་པ་དང་། དེ་དག་ལའང་ཆེད་ལས་རང་བཞིན་དང་སྤུས་ལེགས་རང་བཞིན་འབུར་དུ་ཐོན་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་རེད།
       འགྲེམ་སྟོན་མཛད་སྒོའི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། སྣག་ཚའི་དྲི་བསུང་གང་སར་འཐུལ་བ་དང་། མཛེས་པ་ཀུན་གྱིས་ཕྱུག་པའི་ཡིག་གཟུགས་བརྩམས་ཆོས་སྣ་ཚོགས་ལས་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་གྱི་གཏིང་ཟབ་པའི་མཚོན་དོན་མངོན་པ་མ་ཟད། དེ་བས་ཀྱང་དེང་རབས་ཀྱི་གསོན་ཤུགས་ཤིག་ཀྱང་མངོན་བཞིན་མཆིས། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་ནས་ཡིན་པའི་ཡིག་མཁན་དཀར་ལེབ་ལགས་ཀྱིས་ཡིག་གཟུགས་བརྩམས་ཆོས་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་བཞུགས་སོ་ཞེས་བྱ་བར་བརྟེན་ནས་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་ཡོད། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། བོད་སྐད་ཡིག་གི་སློབ་དཔྱོད་ལས་དོན་མི་སྣ་དང་ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སླད་ཕྱིན་སེམས་ཤུགས་ལྡབ་བརྒྱ་འཕེལ་བར་བྱས་ཐོག ཡིག་གཟུགས་ཐད་ཀྱི་དགེ་སློབ་དེ་བས་མང་བ་གསོ་སྐྱོང་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་འཕེལ་རྒྱས་དང་རྒྱུན་འཛིན་ཆེད་འབད་པ་བྱ་རྒྱུ་ཡིན་ཞེས་གསུངས།
       ཡུལ་དངོས་སུ། ཕུལ་བྱུང་འགྲན་ཞུགས་བརྩམས་ཆོས་ལ་གཟེངས་བསྟོད་སྤྲོད་པའི་མཛད་སྒོ་སྤེལ་བའི་ཁར་ད་དུང་གློག་རྡུལ་ཡིག་གཟུགས་འགྲེམ་སྤེལ་དང་། ཁྱད་འཕགས་ཡིག་གཟུགས་གཅེས་ཉར་གྱི་དཔང་ཡིག་སྤྲོད་པ། འཛམ་གླིང་ཟིན་ཐོ་ཁྱབ་བསྒྲགས་བྱེད་པ་སོགས་མཛད་སྒོ་རབ་དང་རིམ་པ་སྤེལ་ཡོད། དཀར་མཛེས་ཀྱི་ཡིག་མཁན་དཔག་བསམ་དོན་འགྲུབ་ནི་ཐེངས་འདིའི་གློག་རྡུལ་ཡིག་གཟུགས་འགྲེམ་སྤེལ་བྱེད་མཁན་གྱི་གྲས་ཤིག་ཡིན་པ་དང་། ཁོང་གིས་པདྨ་གསེར་བྲིས་གླིང་ནས་གཟེངས་བསྟོད་སྤྲོད་པའི་མཛད་སྒོ་དང་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ་འདི་འདྲ་ཞིག་གཉེར་བར་ཐུགས་རྗེ་ཆེ་ཞུ། ཆབས་གཅིག་ཏུ་ང་རང་གི་ཡིག་གཟུགས་འདི་གྲངས་འཛིན་ཅན་དུ་བསྒྱུར་ཐུབ་པར་ཡང་ཧ་ཅང་དགའ་པོ་བྱུང་། དེའི་ཐོག་ནས་བོད་ཀྱི་ཡིག་གཟུགས་ཚད་ལྡན་ཅན་དུ་ཁྱབ་སྤེལ་དང་། སློབ་གསོ་དང་ཚོང་ལས་ཉེར་སྤྱོད་ཐད་ཁྱབ་གདལ་གཏོང་བར་ནུས་པ་ཐོན་སྲིད་སྙམ། འབྱུང་འགྱུར་ང་རང་གིས་མུ་མཐུད་མངོན་མིན་རིག་གནས་ཤུལ་བཞག་གྲངས་འཛིན་ཅན་དུ་བསྒྱུར་བའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲངས་འཛིན་དུས་རབས་སུ་ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་འདི་ཉིད་ལས་བཀྲག་མདངས་གསར་པ་འཚེར་བར་བྱ་རྒྱུ་ཡིན་ཞེས་གསུངས།
       ད་ཐེངས་ཀྱི་བྱེད་སྒོས་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚོར་ཡིག་གཟུགས་ཀྱི་ཆུ་ཚད་དང་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་པའི་སྟེགས་བུ་བསྐྲུན་ནས་མི་དེ་བས་མང་བ་བོད་ཡིག་ཡིག་གཟུགས་ལ་རྒྱུས་ལོན་དང་དགའ་ཞེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་བཅངས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།