ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་ཡང་བྱ་དགའ་ཆེན་པོ་གཉིས་ཐོབ་འདུག
པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་ཡང་བྱ་དགའ་ཆེན་པོ་གཉིས་ཐོབ་འདུག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-03-14 10:39:00
ཀློག་གྲངས།:
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་ཡ་གླིང་གློག་བརྙན་བྱ་དགའ་ཆེན་མོ་སྐབས17པའི་འཁྲབ་གཞུང་རྩེ་གྲ་དང་བརྙན་ལེན་རྩེ་གྲའི་བྱ་དགའ་ཆེན་པོ་གཉིས་ཐོབ་པ།
རྒྱུས་ལོན་པ་ལྟར་ན། སྤྱི་ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུའི་སྟེང་། ཡ་གླིང་གློག་བརྙན་བྱ་དགའ་ཆེན་མོ་སྐབས17པ་ཧོང་ཀོང་ཞིས་ཀྱིག་ལུང་ཟློས་གར་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་ཤིང་། སྐབས་འདིར་ཡང་པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་འཁྲབ་གཞུང་རྩེ་གྲ་དང་བརྙན་ལེན་རྩེ་གྲའི་གཟེངས་རྟགས་ཐོབ་འདུག
«གསའ»ནི་པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་བརྒྱད་པ་ཡིན་ལ། གློག་བརྙན་འདི་ན་ནིང་གི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བརྒྱད་ཅུ་པ་དང་དང་ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཞེ་བརྒྱད་པ་གཉིས་ནས་གཟིགས་འབུལ་བྱས་རྗེས། ཏོང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་སོ་དྲུག་པའི་གློག་བརྙན་རྩེ་གྲ་དང་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་འབྲས་བཟང་བླངས་ཤིང་། དེ་ནས་ཡང་བསྐྱར་ཡ་གླིང་གློག་བརྙན་དུས་ཆེན་གྱི་འོས་མིང་བཞི་ཐོབ་པའི་གཏམ་བཟང་གི་རྗེས་སུ། འདི་ལྟར་འཁྲབ་གཞུང་རྩེ་གྲ་དང་བརྙན་ལེན་རྩེ་གྲའི་གཟེངས་རྟགས་བདག་གེར་བཞེས། སྐབས་འདིར་གློག་བརྙན་འདིའི་ལག་སྟར་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་དང་བརྙན་ལེན་པ་མར་ཐིས་ཡཱ་སི་སྒྲེ་ཝའོ་ཁི་སི་ལགས་གཉིས་གཟེངས་རྟགས་སྤྲོད་པའི་ཡུལ་དངོས་སུ་སོང་ནས་གཟེངས་རྟགས་བླངས།
གློག་བརྙན«གསའ»ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་སྤྱི་ལོ2020ལོའི་ནད་ཡམས་སྐབས་རང་ཁྱིམ་ནས་བྲིས་པའི་གཏམ་རྒྱུད་ཅིག་ཡིན་ལ། འཁྲབ་ཁྲིད་པ་ཁོང་གིས་སྤྱི་ཚོགས་དང་རིག་གནས། དད་མོས་སོགས་ལ་གཏིང་ཟབ་པའི་སྒོ་ནས་བསམ་བཞིགས་བྱས་པའི་ཤུལ་བཞག་བརྩམས་ཆོས་རྩ་ཆེན་ཤིག་ཀྱང་ཡིན།
གློག་བརྙན་འདིའི་བཟོ་སྐྲུན་པ་ཝང་ལི། མཉམ་འབྲེལ་བཟོ་སྐྲུན་པ་ཝན་ཅོན། ལག་སྟར་བཟོ་སྐྲུན་པ་ཚེ་མདོ། གཙོ་འཁྲབ་མཁན་སྤྱིན་པ་དང་། ཞོང་ཙི་ཆིས། ཚེ་བརྟན་བཀྲ་ཤིས། འཁྲབ་སྟོན་ཟུར་པ་དགེ་འདུན་ཕུན་ཚོགས་དང་། ཀུན་བདེ། དབང་སྒྲོན་འཚོ་སོགས་ཡིན། ཐེངས་འདིའི་བརྙན་ལེན་པ་ནི་བྷིས་ལིས་ཧྲིའི་ན་གཞོན་བརྙན་ལེན་པ་མར་ཐིས་ཡཱ་སི་དང་། ཁྱད་རྩལ་འཛུབ་སྟོན་པ་ནི་ཀྲང་ཧན་སུའུ། ཁྱད་རྩལ་སྤྱི་བ་ཀྲང་པའེ་ཕིན། ཧྥང་ཞའོ་པིན་སོགས་ཀྱིས་གྲུབ་པའི་རྒྱལ་ནང་གི་ཁྱད་རྩལ་ལག་རྩལ་རྩེར་སོན་རུ་ཁག་གིས་གློག་བརྙན་འདིའི་མཇུག་གི་ཁྱལ་རྩལ་བཟོ་སྐྲུན་གྱི་ལས་ཀ་ལེགས་པར་བསྐྱངས།
གློག་བརྙན་འདིའི་ནང་དུ་མི་དང་སྲོག་ཆགས་ཇི་ལྟར་མཉམ་གནས་བྱ་བའི་སྐོར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་ལ། ཕབ་སྐྲུན་བྱ་ཡུལ་ནི་མགོ་ལོག་རྨ་སྟོད་ཀྱི་རི་ཆུའི་བཀོད་པ་རབ་ཏུ་མཛེས་པའི་སྟོང་རི་མཚོ་རྒན་གྱི་ཉེ་འདབས། རི་དྭགས་གསའ་རྒྱུན་སྡོད་བྱ་ཡུལ་ནས་ཕབ་སྐྲུན་བྱས་པ་ཡིན། འཁྲབ་ཁྲིད་པ་ཁོང་དང་ཁོང་གི་ལས་བཟོ་པས་བརྩམས་ཆོས་ལེགས་པར་འཁྱོངས་ཆེད་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ཏེ། ས་མཐོ་རི་གཙང་གི་ཡུལ་དུ་གུར་ཕུབ་ནས་བརྙན་ཕབ་བྱས་ཤིང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་ས་བབ་ཀྱི་མཐོ་ཚད་ཀྱིས་བརྙན་ཕབ་ཀྱི་ལས་ཀར་བཀག་རྒྱ་བཟོས་མོད། ལས་བཟོ་པས་དཀའ་ངལ་གདོང་གཏད་ཀྱི་སྤོབས་པ་ཆེན་པོས་ལས་གཞི་བདེ་ལེགས་ངང་འགྲུབ་པར་བྱས་པ་ཞིག་རེད།
གློག་བརྙན་འདི་ལ་པདྨ་ཚེ་བརྟན་ཁོང་གི་གློག་བརྙན་མཛེས་དཔྱོད་ཀྱི་ཁྱད་ཆོས་ཏེ། རྨི་ལམ་དང་སྙན་ངག་གི་བྲོ་བའི་ཁྱད་ཆོས་སྤྱད་ཡོད་དེ། གཏམ་རྒྱུད་ཀྱི་དངོས་ཡོད་དང་དངོས་བརྒལ་གྱི་རྣམ་པ་ཚོན་མདོག་དང་སྐྱ་བརྙན་གྱི་རྣམ་པས་བསྐྲུན་འདུག དེ་མིན། གློག་བརྙན་འདི་ནི་པདྨ་ཚེ་བརྟན་ལགས་ཀྱི་གཞི་རྒྱ་ཆེས་ཆེ་བའི་བཟོ་སྐྲུན་དང་། CGལག་རྩལ་སྤྱད་པའི་གློག་བརྙན་ཐོག་མ་ཡིན་ལ། འཁྲབ་ཁྲིད་པ་ཁོང་གིས་བོད་ཀྱི་རིག་གནས་དང་བོད་མིའི་དངོས་ཡོད་འཚོ་གནས་བརྗོད་པའི་གློག་བརྙན་གྱི་འཇིག་རྟེན་གསར་པ་ཞིག་བཞེངས་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། དེས་ན་ཁོང་གི་གློག་བརྙན་ནི་མི་རིགས་རང་བཞིན་དང་། འཛམ་གླིང་རང་བཞིན་གྱི་བརྩམས་ཤིག་རེད་ཅེས་བརྗོད་ཆོག་ལ། ཁོང་གི་གློག་བརྙན་གྱིས་མཚོན་པའི་བོད་ཀྱི་མི་ཆོས་དང་དམིགས་བསལ་གྱི་རང་བྱུང་མཛེས་པ་དག་ཁོང་གི་ཚེ་ཡི་མར་མེ་ཟད་ཚད་དུ་རྒྱལ་སྤྱིའི་སྒང་ལ་གྱ་ནོམ་པའི་ངང་བསྒྲགས་ཅི་ཐུབ་བྱས་པ་རེད།«དངུལ་ཡོལ»གྱིScreenལགས་ཀྱིས། “པདྨ་ཚེ་བརྟན་ལ་གཏིང་ཟབ་པའི་བོད་པའི་རིག་གནས་ཀྱི་མཐོང་ནུས་ཡོད་པར་མ་ཟད། རྒྱལ་སྤྱིའི་རང་བཞིན་གྱི་གཏམ་རྒྱུད་ཞིབ་བརྗོད་ཀྱི་མཐོང་རྒྱ་ཡང་འདུག མ་རྩ་དམའ་བའི་ཚད་བཀག་གི་བཟོ་སྐྲུན་ལས། CGལག་རྩལ་ཀྱིས་བཟོ་སྐྲུན་བྱས་པའི་གསའ་ནི་གསལ་ཞིང་དྭངས་ལ། གསོན་ཉམས་དོད་པ་ཞིག་རེད”ཟེར།
ཆེད་ལས་བརྙན་དཔྱད་སྨྱན་སྦྱོརThe Film Verditནས། “གཏམ་རྒྱུད་འདི་ནི་ཞིབ་ཅིང་ཕྲ་ལ། ཡིད་འགུལ་བ། ཕུན་སུམ་ཚོགས་པ་ཞིག་རེད། གློག་བརྙན་འདིའི་དམིགས་བསལ་གྱི་མཐོང་ཚོར་གྱིས་བོད་པའི་རིག་གནས་ཀྱི་ཟབ་ཚད་དང་མཛེས་པའི་ཆ་མངོན་འདུག་ལ། མི་དང་རང་བྱུང་ཁམས་ཀྱི་མཉམ་གནས་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་བསྟད་འདུག”ཟེར། International Cinephile Societyནས། “པདྨ་ཚེ་བརྟན་གྱིས་མིའི་རིགས་གནས་བབ་ཀྱི་ཁྲག་རྩ་ཁོང་དུ་ཆུད་འདུག”ཟེར།
གློག་བརྙན་འདིའི་བརྗོད་བྱ་ནི་མི་དང་མིའི་གནས་སྟངས་དམིགས་སུ་བཟུང་བའི་ཁོང་གི་གློག་བརྙན་སྔོན་མ་དག་ལས་བརྒལ་ཏེ། གོ་སླ་ལ་གཏིང་ཟབ་བའི་སྒོ་ནས་མི་དང་གཅན་གཟན། རང་བྱུང་ཁམས་ནི་ཕན་ཚུན་རྟེན་འབྱུང་གི་ཚུལ་དུ་གནས་པ་བསྟན་བྱ་བྱས་པ་དང་། སྣོད་བཅུད་ཀྱི་འབྲེལ་བ་དེ་ཉིད་རང་གི་གློག་བརྙན་གྱི་ཁྱད་ཆོས་སུ་བསྡུས་ཏེ། དོན་ལ་མི་དང་གཅན་གཟན་བར་ལ་གནོད་པའི་འབྲེལ་བ་ཡོད་དམ། ཡང་ན་ཕན་པའི་འབྲེལ་བ་ཡོད་པར་དོགས་སློང་བྱས་ཡོད། དེ་མིན་སྤྱི་ཚོགས་དང་དཔལ་འབྱོར། རང་བྱུང་ཁམས། དད་མོས་སོགས་རང་བྱུང་ཁམས་དང་མི་ཆོས་ཀྱི་སྐྱེ་ཁམས་མ་ལག་ཁྲོད་ཕྲད་པའི་དཀའ་རྙོག་དང་འགྲན་སློང་བཅས་གཏིང་ཟབ་པའི་སྒོ་ནས་བརྗོད་པ་དེས་གློག་བརྙན་འདིར་ཚད་མཐོ་བའི་བསམ་བློ་དང་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པ་ཞིག་བསྐྲུན་འདུག
གློག་བརྙན་འདིར་ཧྥུའུ་རུའོ་ཅིན་དང་ནན་ཅིས། ཀྲུའུ་ལིས་ཆིན། ཀྲིག་ཧའོ། པདྨ་ཚེ་བརྟན། ཀོང་ཡོས་སོགས་ཀྱིས་ཕབ་སྐྲུན་པའི་འགན་ཁུར་འདུག་ལ། གདུགས་དཀར་ཚེ་རིང་ནས་སྒྲ་ལེན་མཛུབ་སྟོན་པ། སྟག་རྩེ་དོན་འགྲུབ་ནས་མཛེས་རིས་མཛུབ་སྟོན་པ། ཅིན་ཏིས་ནས་སྒྲིག་སྦྱོར་མཛུབ་སྟོན་པ། ཧྥུའུ་ཧྲུའོ་ནས་ཚོན་མདངས་མཛུབ་སྟོན་པ་བཅས་ཀྱི་འགན་འཁུར་འདུག དེ་མིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་དང་ཚེ་བརྟན་བཀྲ་ཤིས། རྒྱའི་འཁྲབ་སྟོན་པ་ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་པའི་འགན་འཁུར་བ་དང་། དབང་སྒྲོན་འཚོ་ནས་ཆེད་ཞུས་འཁྲབ་སྟོན་པའི་འགན་ཡང་ཁུར་འདུག་ལ། གློག་བརྙན་འཁྲབ་སྟོན་པ་རྒན་བློ་བཟང་ཆོས་འཕེལ་དང་། ན་གཞོན་གློག་བརྙན་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་དང་། ཀུན་བདེ། རྒྱའི་འཁྲབ་སྟོན་པ་ཏང་ཧའོ་ཡོས། བོད་ཀྱི་འཁྲབ་སྟོན་པ་འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན་སོགས་ཡང་གློག་བརྙན་ཁྲོད་འཁྲབ་ཞུགས་བྱས་འདུགགློག་བརྙན་འདི་ནི་པེ་ཅིང་ནན་ཅིས་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་། པེ་ཅིང་རིག་ལའེ་ཁའེ་ཁྲང་རིག་གནས་སྨྱན་སྦྱོར་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཨེ་ཆིས་ཡིས་གློག་བརྙན་ལས་རིགས་པེ་ཅིང་ཀུང་ཟི། པེ་ཅིང་ཝིན་ཐིག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། ཧང་ཀྲིག་ཧའེ་ཞིས་གློག་ཆས་ཚོང་དོན་ཚད་ཡོད་ཀུང་ཟི། ཧྲང་ཧའེ་ཧྥང་ཐན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། པེ་ཅིན་ཡུན་ཧྭ་ཧྲི་ཀང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་ཤིང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ཀྱིས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་འཁུར་འདུག །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།