སྡེ་དགེ་པར་གཞིའི་བཀའ་འགྱུར་གསར་བརྐོས་མ་ཇི་ལྟར་བསྒྲུབས་པའི་ཚུལ་གླེང་བ།

རྩོམ་པ་པོ།:ཀརྨ་རྒྱལ་མཚན། ཡོང་ཁུངས།:ཁ་བཏགས་དཀར་པོ། དུས་ཚོད།:2025-11-18 08:54:49 ཀློག་གྲངས།:
       སྡེ་དགེ་པར་གཞིའི་བཀའ་འགྱུར་གསར་བརྐོས་མ་འདི་ནི་སྡེ་དགེ་རྫོང་ཏང་སྲིད་དང་། འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག །བོད་རབ་བྱུང་བདུན་པའི་ཆུ་སྦྲུལ་ལོའི་བོད་ཟླ༢་པའི་ཚེས༡༡རྒྱལ་ཕུར་འགྲུབ་སྦྱོར་སྟེ་སྤྱི་ལོ༢༠༡༤ལོའི་ཟླ༤པའི་ཚེས༡༠ཉིན་མདོ་ཁམས་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་སྡེ་དགེ་པར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་དུ་འགོ་བརྩམས་ཏེ་སྤྱི་ལོ༢༠༢༥ལོའི་ལོ་མཇུག་ཏུ་མཇུག་བསྒྲིལ་ལ་ཉེ།
       ལས་གཞི་ཆེན་པོ་འདི་ནི་སྡེ་དགེ་རྗོང་གིས་མ་དངུལ་བཏང་བ་དང་། པར་བརྐོས་ལས་གཞིའི་འགན་ཁུར་མཁན་ནི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པར་བརྐོས་ལག་རྩལ་གྱི་ཚབ་མཚོན་རྒྱུན་འཛིན་པ་འཇམ་དབྱངས་གྲགས་པ་ཡིན། པར་རྐོ་མཁན་ནི་ཁམས་བརྐོས་ཀྱི་ཕ་ས་རུ་གྲགས་པའི་ཀུ་སེའི་པར་རྐོ་བ་ཡིན་ཞིང་། སྔོན་གྱི་སྡེ་དགེ་པར་གཞིའི་བཀའ་འགྱུར་ལྟར་འཕྲི་སྣོན་གང་ཡང་མ་བྱས་པ་དང་། བརྐོས་ལྷ་ཀླུ་དགྱེས་ཀྱིས་གསར་གཏོད་མཛད་པའི་ཁམས་ལུགས་པར་བརྐོས་བཟོ་རྩལ་ལྟར་བརྐོས་ཡོད། ཤིང་པར་ཉར་ཚགས་ལག་ལེན་བདེ་བའི་ཆེད་དུ་པར་ཡུའི་གོང་འོག་ཏུ་རིགས་དབྱེའི་སྡེ་ཚན་དང་། པོད་གང་དང་པར་གྲངས་བཅས་གསར་དུ་བརྐོས་པ་བཅས་ལ་གསུམ་སྟེ། པར་གསར་དུ་བརྐོ་དགོས་པའི་ལོ་རྒྱུས་རང་བཞིན་དང་དེའི་རྒྱབ་ལྗོངས་དང་། བཀའ་འགྱུར་གསར་བརྐོས་མའི་རྣམ་དཀར་གྱི་བྱ་བ་དངོས་སྨོས་པ། བཀའ་འགྱུར་པར་གཞི་ཁག་ལས་སྡེ་དགེའི་པར་གཞིའི་ཁྱད་ཆོས་རགས་ཙམ་གླེང་བ་བཅས་སོ། །
དང་པོ། པར་གསར་དུ་བརྐོ་དགོས་པའི་ལོ་རྒྱུས་ཀྱི་རང་བཞིན་དང་དེའི་རྒྱབ་ལྗོངས།
       སྡེ་དགེ་པར་གཞིའི་བཀའ་འགྱུར་ནི་ཁམས་སྡེ་དགེ་རྒྱལ་པོའི་གདུང་རབས་ཞེ་གཉིས་པ་ཆོས་རྒྱལ་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང(༡༦༧༨—༡༧༣༩)གིས་བདག་རྐྱེན་གྱི་བྱེད་པོ་མཛད་པ་དང་། སྡེ་དགེ་རྒྱལ་པོའི་དབུ་བླ་ཁག་ལྔའི་ཡ་གྱལ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སི་ཏུ་སྤྲུལ་སྐུ་ན་རིམ་བརྒྱད་པ་སི་ཏུ་ཆོས་ཀྱི་འབྱུང་གནས(༡༦༩༩—༡༧༧༤)ཀྱིས་ཞུ་ཆེན་པ་དང་སློབ་སྟོན་པ་མཛད་ནས། བོད་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་སྟེ་སྤྱི་ལོ༡༧༢༩ལོ་ནས་ཆུ་མོ་གླང་སྟེ་སྤྱི་ལོ༡༧༣༣བར་བགྲང་བྱ་ལོ་ངོ་ལྔའི་བར་མཆོད་ཡོན་ལས་བཟོ་སྤྱིས་བརྩོན་པ་ཆེན་པོས་པར་དུ་བཞེངས་། དེང་སང་གི་བར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་ཆོས་སྦྱིན་གྱི་ཕྱི་མོའི་རྒྱུན་མ་ཆད་པར་བཞུགས་ཡོད་པ་རེད། འོན་ཀྱང་། ལོ་ངོ་སུམ་བརྒྱ་ལ་ཉེ་བའི་པར་གཞི་དེ་དག་ཀྱང་སྐྱེ་གནས་འཇིག་གསུམ་གྱི་རང་བཞིན་གྱི་ཆོས་ཉིད་ལས་མ་འདས་པས། པར་གཞི་ཡོངས་ལ་ཟད་སྐྱོན་ཆེ་བ་དང་། དུས་ཡུན་རིང་དུ་སོང་བའི་དབང་གིས་པར་གཞི་རང་ངོས་ནས་འགྱུར་ལྡོག་བྱུང་བ་སྟེ། པར་གཞིའི་བཟོ་ལྟ་འགྱུར་བ་དང་། ལ་ལ་ཆག་སྐྱོན་ཅན་དུ་གྱུར་པ། ལ་ལའི་སྟེང་གི་ཡི་གེ་རང་ཤུགས་ཀྱིས་ཡལ་ནས་མཐོང་མི་ཐུབ་པ་དང་། པར་གཞི་འཇོག་སའི་གནས་ཀྱི་དྲོད་ཚད་དང་བརླན་ཚད་ཆ་སྙོམས་ཀྱི་ཚད་དང་མི་ལྡན་པས་རིམ་བཞིན་པར་གཞི་ཆག་གྲུག་ཏུ་གྱུར་དང་འགྱུར་བཞིན་ཡོད། ལྷག་པར་དུ་པར་གཞི་ཡོངས་རྫོགས་ཀྱི་རྒྱུ་ཆ་ཤིང་ལེབ་ཁོ་ནར་ཡིན་པར་མ་ཟད་ལག་ལེན་གྱི་ཁྲོད་དུ་སྣུམ་བྱུགས་གྲངས་མང་བས། པར་གཞིའི་གཏིང་དུ་སྣུམ་དིམ་པས་མེའི་གནོད་འཚེའི་ཉེན་ཁ་ཆེ་བ་བཅས་ཀྱི་དངོས་ཡོད་གནས་ཚུལ་དང་། གཞན་ཡང་སྡེ་དགེ་པར་ཁང་གི་པར་གཞི་ཐམས་ཅད་སྤྱི་ལོ༡༩༩༦ལོའི་ཟླ་བ༡༡པའི་ཚེས་པ༢༠ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་བྱ་བའི་སྡེ་ཚན་གྱི་གྲས་སུ་བཞག་ཡོད། དེར་བརྟེན། སྤྱི་ལོ༡༩༨༢ལོའི་ཟླ་བ༡༡པར་གཏན་འབེབས་བྱས་པའི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་གི་བཅའ་ཁྲིམས»དོན་ཚན་བཞི་པར། རིག་དངོས་ལས་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲུང་སྐྱོབ་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་དགོས། ཞེས་པའི་དགོངས་དོན་ལྟར། ༡༩༡༣ལོ་ནས་བཟུང་སྡེ་དགེ་རྫོང་ཏང་སྲིད་བཅས་པའི་རྫོང་གི་ལས་ཁུངས་ཆེ་ཁག་བཞིས་ཐུན་མོང་ནས་སྡེ་དགེ་པར་ཁང་གི་པར་གཞི་རྩ་ཆེན་གྲས་བཀའ་བསྟན་འགྱུར་དང་། བརྒྱད་སྟོང་སུམ་ཕབ་དང་། རྙིང་མ་རྒྱུད་འབུམ་སོགས་རིག་དངོས་རྩ་ཆེན་ཡིན་པ་འགའ་ཞིག་པར་འདེབས་མཚམས་འཇོག་སྟེ་པར་གཞི་རྙིང་པ་སྲུང་སྐྱོབ་བྱ་རྒྱུ་དང་། ཀྲུང་ཧྭ་བཀའ་འགྱུར་ཆེན་མོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་ཤེས་བྱ་ཀུན་འདུས་ཀྱི་དཔེ་ཚོགས་ཆེན་པོ་ཡིན་ལ། དེའི་ནང་བོད་ཡིག་གི་བཀའ་བསྟན་འགྱུར་གྱིས་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཟུང་ཡོད་པ་དང་། སྤྱི་ཚོགས་ཚན་རིག་སྡེ་ཁག་དང་། སློབ་གྲྭ་ཆེན་མོ། རྒྱ་ཆེ་བའི་དད་ལྡན་དམངས་ཚོགས་བཅས་ཀྱི་རེ་འདོད་བསྐང་བའི་ཆེད་དུ་ཤེར་ཕྱིན་བརྒྱད་སྟོང་སུམ་ཕབ་སོགས་པར་གཞི་རྩ་ཆེན་འགའ་བསྐྱར་བརྐོས་བྱས་ཏེ་གང་ལ་གང་དགོས་ཀྱི་པར་གཞིའི་ཡིག་ཆ་མཁོ་སྤྲོད་བྱ་རྒྱུ་བྱས།
       དེའང་སྡེ་དགེ་རྫོང་གིས་བཀའ་འགྱུར་སོགས་པར་གཞི་བསྐྱར་བརྐོ་མཛད་པ་འདི་ནི་ལས་གཞི་གཞན་དང་མི་འདྲ་བ་སྟེ། རང་རྒྱལ་གྱི་རིག་དངོས་སྲུང་སྐྱོང་གི་བཅའ་ཁྲིམས་ཀྱི་སྙིང་དོན་ལྟར་བེད་སྤྱོད་ལུགས་མཐུན་བྱེད་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྙིང་དོན་ལག་བསྟར་བྱེད་དགོས་པ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལས་གཞི་ལེགས་འགྲུབ་བྱ་བ་ལ། རྒྱུ་དངོས་ལས་གསུམ། བསམ་སྦྱོར་དངོས་གསུམ་ཐམས་ཅད་རྣམ་པར་དག་པའི་ལེགས་ལམ་ཕུན་སུམ་ཚོགས་པ་དགོས་པའི་ཕྱིར། གྲ་སྒྲིག་གི་བྱ་བ་ཐམས་ཅད་སྐབས་དེའི་སྡེ་དགེ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧོ་ཞའོ་ཁྲུན་ལགས་ཀྱིས་འགན་ཁུར་ཏེ། ཁོང་སྐུ་ངོ་མས་པར་བསྐྱར་བརྐོ་བྱ་བའི་ཐད་བྱུང་བའི་བསམ་འཆར་འདྲ་མིན་རྣམས་གཅིག་སྡུད་མཛད་དེ། བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་གྱི་དབུ་བརྙེས་པ་ནས་བཟུང་སྟེ་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་རབ་འཁྲུལ་བ་མེད་པ་ཕྱི་མོ་ཇི་ཙམ་རྙེད་པ་དག་ཆོས་རྒྱལ་བསྟན་པ་ཚེ་རིང་ཡབ་སྲས་ཀྱི་བདག་རྐྱེན་ལས་དཔྱོད་ལྡན་རྣམས་ཀྱིས་ཡིད་རྟོན་པའི་གནས་སུ་འོས་པ་འདི་དག་ལ་འཕྲི་སྣོན་མེད་པ་ཇི་བཞིན་དུ་པར་བསྐྱར་བརྐོ་བྱ་དགོས་པ་དང་། བསྐྱར་བརྐོ་བྱ་བ་ལའང་དེང་སང་འཕྲུལ་ཆས་ཀྱིས་བརྐོ་བ་མ་ཡིན་པར་སྔོན་གྱི་སྡེ་དགེའི་ཡུལ་དུ་ཤིང་པར་བརྐོ་འདེབས་ཀྱི་ལག་རྩལ་ཇི་ཡོད་ལྟར་བེད་སྤྱོད་བྱེད་དགོས་པ། སྡེ་དགེ་པར་ཁང་དང་། སྡེ་དགེ་རྫོང་མི་རིགས་ཆོས་ལུགས་ཅུས། སྡེ་དགེ་རྫོང་ནང་བསྟན་མཐུན་ཚོགས་བཅས་ཀྱི་ངག་བཀོད་ལྟར་པར་གཞིའི་ཞུ་དག་སྔོན་ལས་མ་ལྷག་ན་མི་ཞན་པ་ཞིག་བྱེད་པ་ལ་དགོན་པ་ཁག་གིས་མཁན་སློབ་བླ་སྤྲུལ་དག་གིས་ཀྱང་རྒྱབ་སྐྱོར་བྱ་དགོས་པ། དེ་ལྟ་བུ་ལ་དགོས་ངེས་ཀྱི་གྲོན་དངུལ་ལ་རང་གཞན་ཐམས་ཅད་ཀྱིས་རྩོལ་སྒྲུབ་བྱས་ཏེ་པར་ཡོན་གང་ཡོད་ཐམས་ཅད་དོན་མེད་ཆུད་ཟོས་སུ་མི་ཤོར་བ་བྱ་དགོས་པ། ཞེས་སོགས་གསུངས་པ་ལྟར་སྡེ་དགེ་རྫོང་ཏང་སྲིད་གྱི་ཐུགས་ཁུར་ཟོལ་མེད་དང་། འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་ལྷོད་མེད་ཀྱིས་བྱ་བ་མཐའ་དག་བདེ་བླག་ངང་བསྒྲུབས་དང་སྒྲུབ་བཞིན་པའོ། །
གཉིས་པ། བཀའ་འགྱུར་གསར་དུ་བརྐོས་པའི་རྣམ་དཀར་གྱི་བྱ་བ་དངོས་སྨོས་པ།
       བསྒྲུབ་བྱའི་རྣམ་དཀར་གྱི་བྱ་བ་དངོས་སྨོས་པ་ལ་ཡུལ་དེའི་དགེ་མཚན་གྱི་དབང་དུ་བྱས་ན། ཆོས་ནོར་འདོད་ཐར་བཞི་དང་། ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ །ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ །ཁང་ཤིང་བུད་ཤིང་ཤིང་གི་དགེ །ཞེས་པ་ལྟར་སྡེ་བཞི་དགེ་བཅུ་ཚང་བའི་གནས་ཕུན་སུམ་ཚོགས་པ་སྡེ་དགེ་དགོན་ཆེན་དཔལ་ལྡན་ལྷུན་གྲུབ་སྟེང་། འཛམ་གླིང་རྒྱན་གཅིག་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དུ་བོད་རབ་བྱུང་བདུན་པའི་རྣམ་རྒྱལ་ཆུ་སྦྲུལ་ལོ་བོད་ཟླ༢པའི་ཚེས༡༡རྒྱལ་ཕུར་འགྲུབ་སྦྱོར་ཉིན་ལེགས་བྱས་རྒྱ་ཆེན་པོ་འདིའི་དབུ་ཚུགས་པའི་སྐབས་སྡེ་དགེ་རྫོང་ཏང་སྲིད་ཀྱི་དབུ་ཁྲིད་རྣམ་པས་གསུང་བཤད་ནན་པོ་གནང་བ་དང་། ལས་གཞི་འགན་ཁུར་བ་འཇམ་དབྱངས་གྲགས་པས་ཀྱང་ལས་གཞི་མཐར་ཕྱིན་པ་དང་སྤུས་ལེགས་པ་བསྒྲུབ་རྒྱུ་ཡིན་པའི་དམ་བཅའི་སྐོར་གསུང་བཤད་ཀྱང་གནང་ཡོད་པ་རེད།
       སྤྱིར་ཤིང་པར་ཞིག་བརྐོ་བ་ལ་ཐོག་མར་པར་ཡིག་གམ་པར་རྩ་འབྲི་དགོས་པ་ནི་ཆེས་དཀའ་ཤོས་ཀྱི་ལས་ཀ་ཞིག་ཡིན་ཡང་། འདིར་པར་རྩ་ལག་བྲིས་བྱེད་མི་དགོས་པར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་པར་དུ་བཏབས་ནས་སྡེ་དགེ་པར་ཁང་རང་གིས་ཉར་ཚགས་བྱས་ཡོད་པའི་པར་མ་པར་བཤུས་བྱས་ཏེ་པར་རྩ་བྱ་ཆོག་པ་ནི་དོན་གྱི་ཆ་ནས་ཆད་ལྷག་མེད་པ་དང་། སྔོན་གྱི་སྡེ་དགེའི་པར་གཞིའི་བཀའ་འགྱུར་བསྐྱར་བརྐོས་ཡིན་པའི་ངེས་ཤེས་སྐྱེས་ཆོག་ཆོག་ཏུ་གྱུར་ཡོད། དེ་ལྟར་པར་དུ་བརྐོ་བའི་ལག་རྒྱུན་ནི་སྔོན་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གི་སྐུ་རིང་དུ་བྱུང་བའི་ཀུ་སེ་བ་བརྐོས་ལྷ་ཀླུ་དགྱེས་ཀྱིས་གསར་གཏོད་མཛད་པའི་ཁམས་ལུགས་པར་བརྐོས་བཟོ་རྩལ་ཞེས་གྲགས་པ་འདི་ཡིན། ཀུ་སེ་པར་བརྐོའི་ཕ་ས་ཞེས་དོན་ཐོབ་ཀྱི་མིང་ཐོགས་ཡོད་ལ། སྤྱི་ལོ༢༠༠༨ལོར་ཀུ་སེའི་པར་བརྐོའི་ལག་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་ཚུད་ཡོད་པ་ལས་བྱུང་བའི་ལག་རྒྱུན་མ་ཉམས་པ། ཀུ་སེ་བ་མང་སྐབས་གཅིག་བརྒྱ་ཙམ་དང་། ཉུང་སྐབས་བཞི་བཅུ་ཞེ་གྲངས་ཀྱིས་བརྐོས་དང་རྐོ་བཞིན་པ་རེད། དེ་ལྟར་པར་དུ་བརྐོས་ཟིན་རྣམས་ཀྱང་ཞུས་ཐེངས་རེ་སོང་མཚམས་སུ་བརྐོ་བཙུགས་རེ་ཐོན་ངེས་བྱས་ཤིང་ཞུས་ཐེངས་ལན་མང་ལ་བརྐོ་བཙུགས་ཀྱང་ལན་མང་དུ་བྱ་དགོས་པ་ལ། པར་ངོས་རེའི་སྟེང་དུ་བརྐོ་བཙུགས་བྱས་གྲངས་མང་དྲགས་ན་ཤིང་པར་གྱི་ཟད་ཤུལ་ལ་གནོད་པས་ཤིང་པར་བརྗེས་ནས་བསྐྱར་བརྐོས་བྱས། པར་རྩིས་ལེན་སྐབས་ཚད་དུ་ལངས་མེད་པ་རྣམས་ནི་གཞི་ནས་ཡང་བརྐོས་བྱས། མཇུག་མཐའི་ཞུ་ཆེན་ཁམས་བྱེ་བཤད་གྲྭས་བྱས་ཡོད། ཡོ་བྱད་ཤོག་བུ་དང་བཅས་ཤིང་པར་སོགས་ཡུལ་སྡེ་རང་ལས་ཐོན་པ་ཁོ་ན་བྱས་པས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ལ་ཕན་པའི་ཁྱད་ཆོས་ལྡན། དེ་མིན་སྔོན་གྱི་པར་གཞི་དང་མི་འདྲ་བ་པར་གཞིའི་གཡོན་གདོང་ཟུར་ཡུ་བའི་སྟེང་འོག་ལ་པར་ལེབ་འདིའི་སྡེ་ཚན་དང་པོད་རྟགས་པར་ལེབ་ཀྱི་གྲངས་གང་ཡིན་གདོང་རྟགས་བརྐོས་ཡོད་པ་ནི་པར་འབྲུ་སྲུང་སྐྱོང་དང་ལག་ལེན་ལ་སྟབས་བདེའི་ཕན་ནུས་ཡོད། གཞན་ཡང་ཤིང་པར་གྱི་ཡུ་བ་སྔར་ལས་ལྷག་པའི་འཇམ་མཉེན་དོད་པོ་བྱས་པས་ལས་གྲ་བའི་བདེ་འཇགས་ལ་ཕན་པའི་དགེ་མཚན་ལྡན་པའོ། །
གསུམ་པ། བཀའ་འགྱུར་པར་གཞི་ཁག་ལས་སྡེ་དགེའི་པར་གཞིའི་ཁྱད་ཆོས་རགས་ཙམ་གླེང་བ།
       སྤྱི་ལོའི་དུས་རབས་བཅོ་ལྔ་པ་ནས་བཟུང་རྒྱ་འཇང་བོད་འབྲུག་སོག་པོ་སོགས་སུ་སྔ་ཕྱི་བཀའ་འགྱུར་གྱི་པར་གཞི་མི་འདྲ་བ་ཁག་མང་པོ་བྱུང་སྟེ། ཐོག་མར་ཡུང་ལོ་བཀའ་འགྱུར་ནས་བཟུང་རིམ་བཞིན་དུ་ཝན་ལི་བཀའ་འགྱུར། འཇང་བཀའ་འགྱུར། པེ་ཅིན་བཀའ་འགྱུར། ཅོ་ནེ་བཀའ་འགྱུར། སྡེ་དགེ་བཀའ་འགྱུར། སྣར་ཐང་བཀའ་འགྱུར། རྭ་རྒྱ་བཀའ་འགྱུར། ལྷ་ས་བཀའ་འགྱུར། འབྲུག་པུ་ན་ཁ་བཀའ་འགྱུར། སོག་ཁུ་རེ་བཀའ་འགྱུར། ཆབ་མདོ་ཡབ་ཚང་བཀའ་འགྱུར་བཅས་ཀྱི་པར་གཞི་བརྐོས་མ་བྱུང་བ་ལས། ད་ལྟ་སྡེ་དགེ་བཀའ་འགྱུར་གྱི་པར་གཞི་རྙིང་པ་ཆ་ཚང་ལུས་ཡོད་པ་ལས་གཞན་དག་ཐམས་ཅད་ཀྱི་པར་གཞི་བརླགས་ཟིན། ཉེ་བའི་ལོ་ཤས་ནང་འཇང་དང་ཆབ་མདོ་བཀའ་འགྱུར་གཉིས་ནི་ལག་བརྐོས་དང་འཕྲུལ་བརྐོས་བྱས་དང་བྱེད་བཞིན་པ། ལྷ་ས་བཀའ་འགྱུར་ཤིང་པར་རྙིང་པ་གང་འཚམ་ཞིག་ལུས་ཡོད་པར་ཁ་སྐོང་གྲུབ་པར་གྲགས། སྡེ་དགེའི་བཀའ་འགྱུར་པར་རྗེས་རྭ་རྒྱ་བཀའ་འགྱུར་གྱི་ཕྱི་མོ་དང་ལྷ་ས་བཀའ་འགྱུར་སོགས་ཀྱི་ཁུངས་གཏུགས་སར་བྱས། ཀྲུང་ཧྭ་བཀའ་བསྟན་བོད་ཡིག་དཔེར་བསྡུ་མའི་བསྡུ་གཞི་གཙོ་བོའང་འདི་བྱས། སྡེ་དགེའི་བཀའ་འགྱུར་ནི་པར་གཞི་གཞན་དག་ལས་རྒྱལ་བའི་བཀའ་ཆ་ཚང་བ་དང་། ཞུས་དག་ཡིད་རྟོན་དུ་རུང་བ། ཡིག་གཟུགས་ཁོད་སྙོམ་ལ་ངོས་གཙང་བ། པར་ངོས་ཀྱི་སྒྲིག་གཞི་བཟོ་རྩལ་ལྡན་པ། པར་གཞི་ལ་ནག་ནོག་མེད་ཅིང་གསལ་ལྷང་ངེ་བཅས་ལ་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྲན་ཟླ་མེད་པ་ཡིན་པ་ནི་ཞུ་མ་དགོས་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེ་ལྟ་བུའི་ལེགས་བྱས་འདི་ད་ལྟའི་བར་དུ་གནས་ཐུབ་པའི་ཞབས་ཏོག་ཐམས་ཅད་དཀའ་བ་དང་ལེན། བྱ་མིག་གྱེན་ལྟ། ཕྱ་བ་གྲུ་འདེགས་བྱས་ནས་བྱུང་བས། ད་ཐེངས་སྡེ་དགེ་པར་གཞིའི་བཀའ་འགྱུར་གསར་བརྐོས་མའི་ལས་གཞི་འདིའང་པར་གཞི་རྙིང་པ་གས་པ་དང་། ཟད་པ། འཆུས་པ། འཁྱོགས་པ་ལ་སོགས་པའི་སྐྱོན་དུ་གྱུར་དང་འགྱུར་བཞིན་པས། སྔོན་གྱི་པར་གཞི་ཇི་མ་ཇི་བཞིན་དུ་བསྐྱར་བརྐོའི་བྱ་རིམ་ཁག་ལ་དཀའ་བ་མ་བསམ་ནས་ཕན་པ་བསམས་ཏེ། ཇི་ལྟར་ཆ་ཚང་བ་དང་། ཇི་ལྟར་ཞུས་དག་པ། ཇི་ལྟར་བརྐོས་ཟབ་པ། ཇི་ལྟར་སྲུང་ཞིང་ལག་ལེན་བདེ་བའི་ཐབས་ལ་ནན་ཏན་དུ་བྱས་ཏེ་བརྐོས་པའོ། །
       སྡེ་དགེའི་བཀའ་འགྱུར་ལ་ཁྱོན་བསྡོམས་གླེགས་བམ་མམ་པོད103བཞུགས་ལ་ཤིང་པར33049སྟེ། གླེགས་བམ་སོ་སོའི་དབུ་ཁང་གཡས་གཡོན་དུ་འདུལ་མདོ་རྒྱུད་གསུམ་རང་རང་ནས་བྱུང་བའི་ཡི་དམ་གྱི་ལྷའི་གཙོ་བོ་དང་། དེའི་བྱེད་པ་པོ། པཎྜི་ཏ་དང་། ལོ་ཙཱ་བ་སོགས་ཀྱི་སྐུ་བརྙན་ཁྱོན212ཙམ་བཞུགས། པར་གཞིའི་བཞུགས་བྱང་གི་གྲངས་ཀ་ནི་དཀར་ཆག་དང་། སྡེ་དགེའི་པར་ཁང་དུ་ད་ལྟར་བཞུགས་སུ་གསོལ་བའི་པར་གཞི་ངོ་མའི་མཐའ་ལྡེབ་རིང་རྩིས་ཀྱི་གྲངས་གཉིས་གོ་བསྡུར་ཡང་ཡང་བྱས་ཏེ་འཁོད་པ་ཡིན་པས་ཡིད་རྟོན་རུང་བའོ། །བཀའ་འགྱུར་ནང་གསེས་ཀྱི་རིགས་དབྱེ་སྟངས་ཀྱང་སྤྱིར་བཀའ་འགྱུར་གྱི་པར་གཞི་མི་འདྲ་བ་ལ་ཁྱད་པར་རེ་ཡོད་ནའང་གསར་བརྐོས་མའི་ཕྱི་ཁོག་སྔོན་མ་ལས་ཅུང་ཆེ་བ་རིང་ཚད་ལི་སྨི༧༢དང་ཞེང་ཚད་ལི་སྨི༡༢བཅས་ཏེ་འདི་སྡེ་དགེའི་བཀའ་འགྱུར་རང་གི་རིགས་དབྱེ་སྟངས་ལྟར་སོར་བཞག་བྱས་པ་ཡིན། པར་ངོས་ཉིན་སྲིབ་གཉིས་ཏེ་ངོས་རེའི་རིང་ཚད་ནང་ཁོག་ལི་སྨི54དང་ཞེང་ཚད་ལི་སྨི10 པར་ཡུའི་རིང་ཚད་ལི་སྨི10 མཐུག་ཚད་ལི་སྨི3ཙམ་བཅས་ཏེ།
       གཅིག །ཐོག་མར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་འདུལ་བ་ལུང་སྡེ་བཞིར་གྲགས་པའི་ཀ་པ་ལ་ལྡེབ་བུ311 ཁ་པ་ལ317 ག་པ་ལ293 ང་པ་ལ302 ཅ་པ་ལ292 ཆ་པ་ལ287 ཇ་པ་ལ287 ཉ་པ་ལ269 ཏ་པ་ལ328 ཐ་པ་ལ310 ད་པ་ལ333 ན་པ་ལ302 པ་པ་ལ313 བསྡོམས་པོད13 ལ་ཤིང་པར3944 དབུ་ལྷ26ཡོད།
       གཉིས། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ཡན་ལག་དང་བཅས་པའི་ཐོག་མར་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་ཀ་པ་ལ394 ཁ་པ་ལ402 ག་པ་ལ394 ང་པ་ལ381 ཅ་པ་ལ395 ཆ་པ་ལ382 ཇ་པ་ལ398 ཉ་པ་ལ399 ཏ་པ་ལ384 ཐ་པ་ལ387 ད་པ་ལ411 ཨ་པ་ལ395 ཉི་ཁྲི་ལས་ཀ་པ་ལ་ལྡེབ་བུ382 ཁ་པ་ལ393 ཨ་པ་ལ381 ཁྲི་བརྒྱད་ཀ་པ་ལ300 ཁ་པ་ལ304 ག་པ་ལ297 ཁྲི་པ་ག་པ་དང་ང་པ་གཉིས་ལ397 བརྒྱད་སྟོང་པ286 ཤེས་རབ་སྣ་ཚོགས284 བསྡོམས་པོད21ལ་ཤིང་པར7746 དབུ་ལྷ42ཡོད།
       གསུམ། བཀའ་ཐ་མ་མདོ་བཞུགས་ཚོགས་ཆེ་བའི་སྐོར་ཕལ་ཆེན་ཀ་པ་ལ་ལྡེབ་བུ393 ཁ་པ་ལ396 ག་པ་ལ396 ཨ་པ་ལ363 བསྡོམས་པོད4ལ་ཤིང་པར1548 དབུ་ལྷ8ཡོད།
       བཞི། དཀོན་མཆོག་བརྩེགས་པ་ཀ་པ་ལ270 ཁ་པ་ལ294 ག་པ་ལ297 ང་པ་ལ288 ཅ་པ་ལ309 ཆ་པ་ལ299 བསྡོམས་པོད6ལ་ཤིང་པར1757 དབུ་ལྷ12ཡོད།
       ལྔ། ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་གཙོ་བོར་གྱུར་ཅིང་འཁོར་ལོ་གཞན་ཡང་ཅི་རིགས་པར་ཡོད་པའི་མདོ་མང་དུ་གྲགས་པ་ལ་ཀ་པར་ལྡེབ་བུ340 ཁ་པ་ལ278 ག་པ་ལ305 ང་པ་ལ288 ཅ་པ་ལ292 ཆ་པ་ལ297 ཇ་པ་ལ298 ཉ་པ་ལ343 ཏ་པ་ལ339 ཐ་པ་ལ296 ད་པ་ལ316 ན་པ་ལ300 པ་པ་ལ344 ཕ་པ་ལ319 བ་པ་ལ314 མ་པ་ལ296 ཙ་པ་ལ308 ཚ་པ་ལ307 ཛ་པ་ལ297 ཝ་པ་ལ299 ཞ་པ་ལ306 ཟ་པ་ལ310 འ་པ་ལ319 ཡ་པ་ལ318 ར་པ་ལ307 ལ་པ་ལ312 ཤ་པ་ལ305 ས་པ་ལ310 ཧ་པ་ལ309 ཨ་པ་ལ300 ཨཾ་པ་ལ298 ཨཿཔ་ལ281བཞུགས། བསྡོམས་པོད32ལ་ཤིང་པར9851 དབུ་ལྷ64ཡོད།
       དྲུག །གསང་ཆེན་རྡོ་རྗེ་ཐེག་པའམ་རིག་པ་འཛིན་པའི་སྡེ་སྣོད་དུ་གྲགས་པའི་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིའི་སྐོར་ལ་ཀ་པ་ལ་ལྡེབ་བུ370 ཁ་པ་ལ311 ག་པ་ལ292 ང་པ་ལ343 ཅ་པ་ལ286 ཆ་པ་ལ331 ཇ་པ་ལ303 ཉ་པ་ལ274 ཏ་པ་ལ272 ཐ་པ་ལ322 ད་པ་ལ309 ན་པ་ལ334 པ་པ་ལ273 ཕ་པ་ལ287 བ་པ་ལ287 མ་པ་ལ316 ཙ་པ་ལ311 ཚ་པ་ལ266 ཛ་པ་ལ295 ཝ་པ་ལ264 བསྡོམས་པོད20ལ་ཤིང་པར6046 དབུ་ལྷ40ཡོད།
       བདུན། རྙིང་རྒྱུད་ཀ་པ་ལ358 ཁ་པ་ལ311 ག་པ་ལ287 བསྡོམས་པོད3ལ་ཤིང་པར956 དབུ་ལྷ6ཡོད།
       བརྒྱད གཟུངས་འདུས་ཨེ་པ་ལ283 ཝཾ་པ་ལ278 བསྡོམས་པོད2ལ་ཤིང་པར561 དབུ་ལྷ4ཡོད།
       དགུ དྲི་མེད་འོད་ཤྲཱི་ལ469 དབུ་ལྷ4ཡོད།
       བཅུ དཀར་ཆག་ལཀྵྨི་ལ171 དབུ་ལྷ6ཡོད།
མཇུག་བསྡུ་བའི་གཏམ།
       སྡེ་དགེ་པར་གཞིའི་བཀའ་འགྱུར་གསར་བརྐོས་མའི་སྤྱིའི་དོ་དམ་པའམ་འགན་ཁུར་བ་པོ་ནི། སི་ཁྲོན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པར་བརྐོས་ལག་རྩལ་གྱི་མཚོན་བྱེད་རྒྱུན་འཛིན་པ་འཇམ་དབྱངས་གྲགས་པ་ཡིན་ལ་ཁོང་ནི་ཀུ་སེ་གླང་ཐོད་གྲོང་ཚོ་པར་བརྐོས་ཀྱི་ཁྱིམ་རྒྱུན་འཛིན་པ་གླག་སྡེར་ཚང་དུ་སྐྱེས་ཤིང་། བརྡ་དག་པར་བྱེད་པའི་སྦྱོར་བ་སོགས་ལ་མཁས་པས་གསུང་རབ་ལ་ལྟ་བའི་མིག་གྲུང་པོར་གྱུར། ཡིག་བྲིས་དང་པར་བརྐོ་བའི་སྒྱུ་རྩལ་སོགས་ལ་བྱང་ཞིང་མཁས། གཞུང་དྲང་ལ་ཚུགས་ཐུབ་པ། ཁོག་ཡངས་ལ་དཀྱེལ་ཆེ་བ། ཇི་སྐད་དུ། ཆོས་རྣམས་ཡིད་ནི་སྔོན་འགྲོ་བས །ཡིད་ནི་གཙོ་བོ་ཞེས་སུ་བརྗོད །ཅེས་དང་། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་བཤད་པ་ལྟར་སེམས་ཀྱི་ཀུན་སློང་རྣམ་པར་དག་པའི་སྒོ་ནས་འབད་པ་དང་རྩོལ་བ་ཆེན་པོས་བསྒྲུབས་པའི་སེམས་པ་རྒྱུད་ལ་སྐྱེས་ཏེ་བཀའ་འགྱུར་གསར་བརྐོས་མ་ལས་འགོ་བརྩམས་ནས་ད་བར་བྱ་བ་འདི་ལ་འབད་འབུངས་ཟོལ་མེད་དུ་བྱས་དང་བྱེད་བཞིན་པ་ཀུན་གྱིས་ཡིད་སྨོན་དུ་གྱུར་རོ།།
       ༢༠༢༣ལོར་སྡེ་དགེ་རྫོང་གི«བཀའ་བསྟན་འགྱུར»པར་བརྐོ་ལས་གཞིའི་འགོ་ཁྲིད་ཚོ་ཆུང་གིས་ཁོང་ལ་བྱས་རྗེས་གཟེངས་ཐོན་གྱི་བྱ་དགའ་སྤྲད་ནས་གཟེངས་བསྟོད་བྱས་པའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།