༄༅། །གསོ་བ་རིག་པ་དང་འབྲེལ་བའི་རྒྱུ་རྐྱེན་འབྲས་བུ་གསུམ་གྱི་ཟིན་བྲིས།

རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-16 08:32:54 ཀློག་གྲངས།:
ནང་དོན་གནད་བསྡུས། རྒྱུ་རྐྱེན་འབྲས་བུ་གསུམ་ལ་བོད་ཀྱི་ཐུན་མོང་རིག་གནས་སྐབས་ཀྱི་འགྲེལ་ཚུལ་ཞིག་དང་གསོ་བ་རིག་པའི་འགྲེལ་ཚུལ་རིགས་གཉིས་ཡོད་པ་དང་། ལྷག་པར་དུ་གསོ་བ་རིག་པའི་སྐབས་སུ་དངོས་ཡོད་ལག་ཐོག་གི་སྒོ་ནས་འཆད་སླ་བ། གོ་བདེ་བ། མིག་གིས་ཟིན་པ་ཞིག་ཡིན་དགོས་པའི་དྲན་ཚུལ་ཞིག་ཡིད་ལ་རྒྱུན་དུ་འཁོར་བས། བཤད་རྒྱུད་ཀྱི་ཆགས་རྒྱུ་དང་འཕེལ་རྐྱེན། བཙའ་རྟགས་གསུམ་དང་སྦྱར་ནས་རྒྱུ་རྐྱེན་འབྲས་བུའི་ཁྱད་པར་འབྱེད་ཚུལ་དང་། མན་ངག་རྒྱུད་ཀྱི་ནད་རྒྱུ་དང་སློང་རྐྱེན། ནད་རྟགས་གསུམ་དང་སྦྱར་ནས་རྒྱུ་རྐྱེན་འབྲས་བུའི་ཁྱད་པར་འབྱེད་ཚུལ་ལ་རང་བློས་གོ་ཚོད་ཐོས་ཚོད་ཀྱིས་ཟིན་བྲིས་ལྟ་བུ་ཞིག་བཏབ་ཡོད།
གནད་ཚིག རྒྱུ་རྐྱེན་འབྲས་བུ། ནད་རྒྱུ། སློང་རྐྱེན།

དང་པོ། རྒྱུ་རྐྱེན་འབྲས་བུ་གསུམ་གྱི་ཁྱད་པར་འབྱེད་ཚུལ།
       རྒྱུའི་མཚན་ཉིད་ནི། ཆོས་གཞན་ལ་ཕན་འདོགས་པ་ཡིན། ཡང་ན་སྐྱེད་བྱེད་རྒྱུའི་མཚན་ཉིད། རྐྱེན་གྱི་མཚན་ཉིད་ནི། རང་ལ་ཕན་འདོགས་པའི་རྣམ་པར་གནས་པའི་ཆོས་དེ་རྐྱེན་གྱི་མཚན་ཉིད། ཡང་ན་རང་འབྲས་སྐྱེ་བ་ལ་གྲོགས་བྱེད་པ་རྐྱེན་གྱི་མཚན་ཉིད་དུ་བཞག འབྲས་བུའི་མཚན་ཉིད་ནི། བསྐྱེད་བྱ་འབྲས་བུའི་མཚན་ཉིད། ཅེས་དང་། འབྲས་བུའི་མཚན་ཉིད་ནི། ཆོས་གཞན་གྱིས་ཕན་བཏགས་པའོ། །ཞེས་གསུངས་པ་ལྟར་སྐྱེ་དངོས་ཀྱི་ཕུང་བོའི་གྲུབ་སྟངས་ལ་དཔེ་བཞག་ན་ས་བོན་དང་འབྲས་བུ། རྒྱུ་དང་འབྲས་བུ། དེ་ལས་དེ་བྱུང་གི་འབྲེལ་བ་ལྟར་ཕོ་མོའི་ཁམས་དཀར་དམར་ནི་མིའི་ལུས་ཕུང་གྲུབ་བྱེད་ཀྱི་རྒྱུ་ཡིན་ལ། འབྱུང་བ་ལྔ་ནི་ལྷན་ཅིག་བྱེད་རྐྱེན། ཁམས་དཀར་དམར་དང་འབྱུང་བ་ལྔ་ཚོགས་པ་ལས་ལུས་གསར་བ་ཞིག་བསྐྱེད་པ་ནི་འབྲས་བུ་ཡིན། དེ་བཞིན་ཁམས་དཀར་དམར་གྱིས་གང་ལ་ཕན་འདོགས་པ་ཡིན་སྙམ་ན་འབྲས་བུ་གསར་དུ་བསྐྱེད་པའི་ལུས་གྲུབ་པ་ལ་ཕན་བཏགས་པ་ཡིན་པས། ལྷན་ཅིག་བྱེད་རྐྱེན་དེས་གསར་དུ་གྲུབ་པའི་ལུས་ཀྱི་ཁྱད་པར་ཕོ་དང་མོ་མ་ནིང་སོགས་དང་གཟུགས་ཀྱི་སྦོམ་ཕྲ་ཡག་བཙོག རིག་པ་རྣོ་རྟུལ་གྱི་ཁྱད་པར་འབྱེད་པ་ཡིན། དེ་བས་རང་གི་འབྲས་བུ་གང་ཡིན་པ་དེ་སྐྱེད་པར་བྱེད་པ་ལ་རྒྱུ་ཞེས་བརྗོད་པ་ཡིན། རྒྱུ་རྐྱེན་ཞིག་གིས་གསར་དུ་བསྐྱེད་པར་བྱས་པའི་ཆོས་དེ་ལ་འབྲས་བུ་ཞེས་བརྗོད་པ་ཡིན། བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ཁྱད་པར་ཡོད། རྣམ་འགྲེལ་ལས། དེ་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་ཏན་སྲིད་འགྱུར་བ། །ཞེས་རྒྱུ་ཁོ་ན་ཡོད་པ་ལས་འབྲས་བུ་འབྱུང་མི་སྲིད་ལ་དེ་ལ་རྐྱེན་འབྱུང་བ་ལྔ་སོགས་ལྷན་ཅིག་ཚོགས་པ་ན་ལུས་གསར་དུ་བསྐྱེད་པ་ཡིན། དཔེར་ན་ཞིང་ས་དང་འདྲ་བའི་མངལ་ལ་རྒྱུ་ས་བོན་བཏབ་པ་ཙམ་གྱིས་ལོ་ཏོག་ལྟ་བུའི་སེམས་ཅན་གྱི་འབྲས་བུ་མི་འབྱུང་ཞིང་། དེ་ལ་རྐྱེན་ཉི་མའི་དྲོད་ཁོལ་དང་རླུང་གི་རྒྱུ་བ། ཆུའི་བརླན་གཤེར་སོགས་ལྷན་ཅིག་ཚོགས་ན་ལོ་ཏོག་སྨིན་ཞིང་མགོ་ཚོས་པ་ཇི་བཞིན་འབྲས་བུ་སེམས་ཅན་གྲུབ་པ་ཡིན།
       སྤྱིར་ན་རྒྱུ་རྐྱེན་གཉིས་ཐ་དད་དུ་འདོད་ཚུལ་ཞིག་དང་རྒྱུ་རྐྱེན་གཉིས་ཐ་མི་དད་པར་འདོད་ཚུལ་གཉིས་ཡོད་པ་ལས། རྒྱུ་ནི་འབྲས་བུའི་ངོ་བོ་སྐྱེད་བྱེད་ཡིན་ལ་རྐྱེན་ནི་འབྲས་བུའི་ཁྱད་པར་སྐྱེད་བྱེད་དུ་འདོད་པའི་རིགས་ལམ་འདི་གསོ་བ་རིག་པའི་ལུགས་དང་སྦྱར་ན་འོས་ཤིང་འཚམ་པར་འདོད། གསོ་བ་རིག་པའི་སྐབས་སུ་རྒྱུ་རྐྱེན་འབྲས་བུ་གསུམ་བཤད་ཚུལ་གཙོ་བོ་དེ་བཤད་རྒྱུད་ཀྱི་ཆགས་ཚུལ་དང་མན་རྒྱུད་ནད་ཀྱི་སྐབས་གཉིས་ཡིན། དང་པོ་ཆགས་ཚུལ་གྱི་སྐབས་སུ་རྒྱུ་ཕ་མའི་ཁམས་དཀར་དམར་དང་དེ་དང་ལྷན་ཅིག་གནས་པའི་འབྱུང་བའི་རྫས་ཕྲ་མོ་རྣམས་ནི་རྒྱུར་བཞག་ལ། སེམས་ཅན་དེ་ཉིད་བདུན་ཕྲག་རིམ་པར་འཕེལ་བའི་རྐྱེན་ནི་འབྱུང་བ་ལྔ་ལྡན་གྱི་ཟས་དང་བཅུད་འདྲེན་པར་བྱེད་པའི་སྦུ་གུ་ལྟེ་བ་ལ་བཞག  མངལ་དུ་ཆགས་པའི་སེམས་ཅན་དེ་ཉིད་བདུན་ཕྲག་སོ་བརྒྱད་ལོན་ནས་བཙའ་བ་ནི་འབྲས་བུར་བཞག ནད་ཀྱི་སྐབས་སུ་རྒྱུ་མ་རིག་པ་ལས་བྱུང་བའི་ཉེས་གསུམ། རྐྱེན་དུས་གདོན་ཟས་སྤྱོད། འབྲས་བུ་རྣམ་པར་གྱུར་བའི་ནད་དངོས་ཞེས་རྒྱུད་དང་འགྲེལ་བ་མང་ཆེར་རྒྱུ་དང་རྐྱེན་གཉིས་སོ་སོར་བསྟན་ཡོད་པ་ཡིན། དེ་ལ་གསོ་རིག་རྒྱུད་བཞི་ལས། ནད་དེ་འདི་ཡིན་རྒྱུ་རྐྱེན་འདི་ཡིས་སྐྱེད། །ད་ལྟ་འདི་ན་མཐའ་གཞུག་འདི་རུ་འགྱུར། །[1P89]ཞེས་རྒྱུ་རྐྱེན་དང་མཐའ་གཞུག་གི་འབྲས་བུ་གསུམ་གསུངས་ཡོད་པ་ལྟར་ཡིན། ཡང་བྱེ་བྲག་ཏུ་སྙིང་གི་ནད་ལྟ་བུར་མཚོན་ན། རྒྱུད་བཞི་ལས། རྒྱུ་ནི་མྱ་ངན་སེམས་འཁྲུགས་ཡིད་མི་བདེ། །ལྟོ་ཆག་གཉིད་ཆག་ཞེ་སྡང་དྲག་པོས་སྐྱེད། །དབྱེ་བ་སྙིང་འཕྱོས་སྙིང་གཟེར་སྙིང་ཚད་དང་། །སྙིང་ཆུ་སྙིང་འཐིབས་སྙིང་གི་སྲིན་བུ་དང་། །སྙིང་ནད་ཁ་ལེ་ནག་པོ་ཞེས་བྱ་བདུན། །[1P293]ཞེས་སོགས་གསུངས་པའི་སྐབས་སུ་ནད་ཀྱི་རྒྱུ་དང་རྐྱེན་གཉིས་ཁ་གསལ་སྒོས་སོ་སོར་བསྟན་མེད་པ་ལྟ་བུར་སྣང་ཡང་། ཞིབ་ཏུ་བསམ་ན་རྒྱུ་ནི་མྱ་ངན། སེམས་འཁྲུགས། ཡིད་མི་བདེ་ཞེས་འདི་གསུམ་སེམས་ཁམས་ལ་རག་ལས་པས་ལྷན་སྐྱེས་དང་ལྟོ་ཆག་གཉིད་ཆག་ཞེ་སྡང་གསུམ་ལྟ་བུ་ཕྱི་རྐྱེན་གློ་བུར་བ་ཡིན་པས་ལྷན་སྐྱེས་དང་གློ་བུར་གྱི་ཁྱད་པར་ལས་རྒྱུ་ལྷན་སྐྱེས་སུ་ཡོད་པའི་སེམས་ཁམས་དང་རྐྱེན་གློ་བུར་བའི་ལྟོ་ཆག་དང་གཉིད་ཆག་ཞེ་སྡང་གསུམ་ལྟ་བུའི་འབྲེལ་བ་དང་ཕྱི་ནང་གི་རྒྱུ་རྐྱེན་གྱི་ཁྱད་པར་ཡོད། འབྲས་བུ་ནི་སྙིང་གི་ནད་བདུན་སོགས་ཡིན། དེ་ལ་བདུད་རྩི་ཤེལ་གྱི་མེ་ལོང་གི་རྒྱུད་ལས། ལྷན་ཅིག་སྐྱེས་དང་གློ་བུར་ནད་ཅེས་དང་། ཡང་། ལྷན་ཅིག་སྐྱེས་པ་ཡི་ནད་ཀྱི་ལེའུ་སྟེ་ལྔ་བའོ། །ཚངས་པ་ཉོན་ཅིག་འཕྲལ་གྱི་རྐྱེན་རྣམས་ནི། །[2P4-5]ཞེས་སོགས་ལས་ལྷན་སྐྱེས་དང་འཕྲལ་རྐྱེན་གྱི་ཁྱད་པར་བཞག་ཡོད་ལ། ལྷན་སྐྱེས་ཡིན་ན་འོག་ནས་བཤད་པ་ལྟར་བརྒྱུད་རྒྱུ་ལ་འབྲེལ་ཡོད་པ། གློ་བུར་ཡིན་ན་ད་ལྟའི་འཕྲལ་རྐྱེན་ལ་རག་ལས་ཡོད་ཚུལ་དཔག་ནུས་སོ། །
གཉིས་པ། རྒྱུའི་ཁྱད་པར་འབྱེད་ཚུལ།
       གཅིག ལུས་ཀྱི་རྒྱུ། རྒྱུ་ལ་དབྱེ་ན་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་སུ་དབྱེ་བ། སྐབས་འདིར་དངོས་རྒྱུ་དེ་ཉིད་གོང་དུ་བཤད་པ་ལྟར་ཕ་མའི་ཁམས་དཀར་དམར་ལ་གོ་ཞིང་། དེ་ལ་གསོ་རིག་རྒྱུད་བཞི་ལས།[1P16] དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །ཞེས་ཁམས་དེའི་རང་བཞིན་ལ་གནས་པའི་འབྱུང་བའི་རྫས་ཕྲ་མོ་སྟེ། འབྱུང་བ་ས། ཆུ། མེ། རླུང་སོགས་ཀྱི་ཆ་ཤས་འཕེལ་འགྲིབ་ལ་བརྟེན་ནས་འབྲས་བུ་ཕོ་མོ་མ་ནིང་སོགས་སུ་སྐྱེད་རུང་བའི་རྒྱུ་དེ་དངོས་རྒྱུ་དང་ཡང་ན་ས་བོན་ཞེས(基因DNA)སུ་བཤད་པ་དང་། འབྲས་བུའི་རང་ངོ་ན(ས་བོན་གྱིས་སྐྱེད་པའི་མི་རབས་ཕྱི་མ)དངོས་རྒྱུའི་ཆ་ཤས་མང་ཉུང་དང་འཕེལ་འགྲིབ་ཀྱི་དབང་གིས་དེ་ལས་བརྒྱུད་ཅིང་འབྲས་བུ་བྱིས་པའི་ལུས་སྟེང་ནས་ཕ་མ་དེའི་གཟུགས་དང་། བྱད་བཞིན་དང་། རྣམ་འགྱུར། མི་གཤིས་སོགས་མཐོང་ཞིང་རྙེད་ཐུབ་པ་ནི་བརྒྱུད་རྒྱུ(遗传inherit)ཡིན་ཏེ། ང་ཚོས་བྱིས་པ་འདི་དེ་ཚང་གི་རྒྱུད་པ་ཡིན་དང་ཡང་ན་མི་ཆ་མེད་ཅིག་ལ་བལྟས་ནས་མི་རྒྱུད་ཁེད་བཞིན་པ་ལྟ་བུ་ཡིན། གསོ་བ་རིག་པའི་སྐབས་སུ་ཁྱིམ་རྒྱུད་ལ་ནད་རིགས་གང་ཡོད་འདྲི་བའི་རྒྱུ་མཚན་ཡང་བརྒྱུད་རྒྱུ་ལ་བརྟག་དཔྱད་གཏོང་བ་ཡིན། ཡང་བརྒྱུད་རྒྱུའི་ཆ་ཤས་ལ་ལ་ཞིག་ལས་དང་སྔོན་བསགས(ཕ་མའི་ས་བོན་གྱི་སྐྱོན་ཡོན)ལྟ་བུའི་རྐྱེན་གྱིས་ཕ་མའི་ས་བོན་གྱི་དངོས་རྒྱུ་སྐོར་ཞིག་ད་ལྟ་སད་ཐུབ་པ་དང་། སྐོར་ཞིག་མི་རབས་གཉིས་སམ་གསུམ་གྱི་མཚམས་སུ་མ་གཏོགས་སད་ཐུབ་ཀྱི་མེད་པ་རེད། སྐབས་འདིར་ལས་དང་སྔོན་བསགས་ཞེས་པའང་ཕ་མའི་ས་བོན་ལ་ཆགས་པའི་འབྱུང་བའི་ཕྲ་རབ་ཀྱི་བྱེད་ལས་རྣོ་རྟུལ་དང་སྐྱོན་ཡོན། སྦྲུམ་སྐབས་ཀྱི་བཅུད་དང་སྲོག་རླུང་སོགས་ལ་འབྲེལ་བ་ཡོད། བརྒྱུད་རྒྱུ་ལས་དངོས་རྒྱུའི་བག་ཆགས་ད་ལྟ་ཉིད་དུ་སད་པའི་རིགས་ལ་ཚང་མས་ཤེས་གསལ་ལྟར་གཟུགས་དང་བྱད་བཞིན། སྐད། རྣམ་འགྱུར་སོགས་ཡོད་ལ། ལྷག་པར་དུ་བཟང་ངན་དང་དགེ་སྐྱོན་གཉིས་ལས་ངན་དང་སྐྱོན་གྱི་རིགས་སད་སླ་བ། དེ་བཞིན་དུ་ནད་ཅན་དང་ནད་མེད་གཉིས་ལས་ནད་ཀྱི་རིགས་བརྒྱུད་ཅིང་སད་སླ་བ་ཡིན། མདོར་ན་དངོས་རྒྱུ་ནི་བརྒྱུད་རྒྱུའི་སྐྱེ་ཁམས་ཡིན་ལ་བརྒྱུད་རྒྱུ་ནི་དངོས་རྒྱུའི་སྐྱེ་ཁམས་འཛིན་པའི་ཕ་བུ་དང་ཚ་བོའི་མི་རབས་ཀྱི་ཕྱིའི་གཟུགས་ནས་ནང་གི་རྣམ་འགྱུར་བར་གྱི་བག་ཆགས་ཡིན།(基因是DNA片段,是遗传的物质基础;遗传是亲代和子代间性状相似的现象)དེ་ཡང་། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས། །ཞེས་པའི་ཚིག་རྐང་འདི་གཉིས་ལ་གསོ་རིག་གི་ངོས་ནས་འགྲེལ་ན་ཕ་མ་དེའི་བྱད་བཞིན་དང་གཟུགས་སོགས་ཀྱི་ཡག་བཙོག ནད་ཅན་ཡིན་མིན། མི་གཤིས། སེམས་ཁམས་སོགས་བྱིས་པའི་ལུས་ལ་བལྟས་པས་ཕ་མ་དེ་ཉིད་གསལ་བོར་མཐོང་ཐུབ་པ་ཡིན་ལ། ཕྱི་མ་རང་ཉིད་ལ་བྱིས་པ་ནད་མེད་དུག་མེད། གསལ་ཞིང་ཐིངས་པ་ཞིག་སྐྱེ་མིན་དེ་ད་ལྟ་རང་གི་ལས་ཀ་གང་བྱེད་དང་ཟས་སྤྱོད་གོམས་གཤིས་སོགས་བཟང་ངན་གྱི་ཚོགས་བསགས་འདི་ལ་རག་ལས་པས་ད་ལྟའི་ལུས་ཀྱི་ལས་ལ་བལྟས་པས་མ་འོང་བའི་བྱིས་པ་དེ་ཉིད་གསལ་བོར་མཐོང་ཐུབ་པ་ཡིན་ཞེས་པའི་དོན་ཡིན། ཡང་ཤེལ་གྱི་མེ་ལོང་གི་འཕྲེང་བ་ལས། ལས་ཀྱི་འཕེན་པས་མངལ་སྒོ་ཐམས་ཅད་ཉུལ། །བཟང་ལུས་ན་ལུས་ལས་ཀྱི་འཕེན་པས་སྤྲོད། །[3P4]ཅེས་བྱིས་པ་ནད་མེད་དུག་མེད་ཀྱི་བཟང་ལུས་དང་ཡང་ན་ནད་ཅན་དུག་ཅན་གྱི་ན་ལུས་ཤིག་གང་ཞིག་སྐྱེས་མི་སྐྱེ་ད་ལྟའི་ཕ་མའི་ལུས་དང་ལས་ཀྱི་སྟོབས་བཟང་ངན་ཟས་སྤྱོད་ཚུལ་མཐུན་ཡིན་མིན་ལ་རག་ལས་ཡོད་པ་ཡིན། ཡང་མནའ་མ་རྩད་གཅོད་པའི་ཐབས་ལ་ཁ་དཔེར། མ་བུ་མོ་ལེན་ན་མ་ལ་ལྟོས། ཡང་ཕ་བཟང་གི་བུ། གཡག་བཟང་གི་ཀོ་སོགས་ཞེས་པའི་དོན་ཀྱང་དེ་བཞིན་རེད།
       གཉིས། ནད་ཀྱི་རྒྱུ། གསོ་རིག་རྒྱུད་བཞི་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། །དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། །རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང་། །འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང་། །མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། །ཁྱད་པར་རྒྱུ་ནི་མ་རིག་ལས་བྱུང་བའི། །འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། །འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད། །ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ། །རྣམ་པར་མ་གྱུར་ནད་ཀྱི་རྒྱུར་འགྱུར་ལ། །རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། །[1P34]ཞེས་ནད་རིགས་སྤྱིའི་རྒྱུ་མ་རིག་པ་ལ་ཁྱད་པར་གྱི་རྒྱུ་དུག་གསུམ་དང་ནད་ཀྱི་ཉེ་རྒྱུ་རླུང་མཁྲིས་བད་ཀན་གསུམ། རྣམ་པར་མ་གྱུར་བ་ནད་ཀྱི་རྒྱུ་ཡིན་ལ། རྣམ་པར་གྱུར་ན་ནད་ཀྱི་ངོ་བོ་སྟེ་འབྲས་བུར་གསུངས། དེ་ལྟར་རིང་རྒྱུ། ཁྱད་རྒྱུ། ཉེ་རྒྱུ་གསུམ་གྱིས་ནད་རིགས་ཀྱི་རྒྱུ་ཡོངས་སུ་གསུངས། སྐབས་འདིར་མ་རིག་པ་ཞེས་པའང་དེ་སྔར་མ་རིག་པ་ནད་ཀྱི་རྒྱུར་བཞག་རུང་གི་གོ་བདེའི་ཟིན་བྲིས་ཤིག་བཏབ་ཡོད་པ་དེ་ལ་བལྟས་ན་གསལ་ཡོང་། གསུང་སྒྲོས་ཕན་བྱེད་རིག་པའི་མཛོད་ལས། མི་ཡི་ལུས་ལ་སྲིན་འབུ་ཡི། །གྲོང་ཁྱེར་སུམ་བརྒྱ་དྲུག་ཅུ་ཡོད། །མཉམ་གནས་ཟས་འཇུ་སྟོབས་བསྐྱེད་བྱེད། །ལྷག་ནས་ལ་ལ་དུག་ཏུ་འགྱུར། །[4P113]ཞེས་དང་། དེའུ་དམར་གསོ་རིག་གཅེས་བཏུས་ལས། སྤྱིར་ན་མི་ལུས་འདོམས་གང་གྲུ་བཞི་ལ། །སྲིན་བུའི་གྲོང་ཁྱེར་ཉི་ཁྲི་ཆིག་སྟོང་དང་། །བརྒྱད་ཅུ་ལ་སོགས་ཡོད་པར་བཤད་ནའང་། །རྣམ་པར་མ་གྱུར་ཚེ་ན་ལུས་འཚོ་བྱེད། །གྱུར་ཚེ་འཇིག་བྱེད་དེ་ཡང་གདུག་པའི་རིགས། །[5P389]ཞེས་གསུངས་པའི་སྲིན་ནི་ཕྲ་ཞིང་ཆུང་ངུའི་དོན་ལ་འཇུག་པས་ཕྲ་བས་ཕྲ་བ་དུ་མ་ཚོགས་པ་ལས་ལུས་ཀྱི་ཕུང་བོ་འདི་གྲུབ་པ་ཡིན་གཤིས། ཕ་མའི་ཁམས་དཀར་དམར་ལ་གནས་པའི་སྲིན་བུ་ནི་མིའི་ལུས་ཕུང་གྲུབ་བྱེད་ཀྱི་བརྒྱུད་རྒྱུ་ཡིན་པ་དང་ལུས་དང་ལྷན་སྐྱེས་སུ་ཆགས་པའི་འབྱུང་བ་དང་ཉེས་པ་དང་ཆུ་སེར་གྱི་ཕུང་བོ་ཕྲ་མོ་ཡན་གཉིས་སུ་མེད་པར་ལྷན་ཅིག་ཚོགས་པ་ནི་ལུས་ཀྱི་དངོས་རྒྱུ་ཡིན། ཀོང་སྤྲུལ་ཟིན་ཏིག་ལས། དེ་ཉིད་རྣམ་པར་མ་གྱུར་སྐབས། །སྟོབས་མདངས་ལ་སོགས་བསྐྱེད་པ་དང་། །རྐྱེན་བཞིས་རྣམ་པར་གྱུར་བའི་ཚེ། །ཟུག་རྔུ་མི་ཟད་འབྱུང་བར་བྱེད། །གཉན་ནད་ཀུན་གྱི་རྩ་བ་ཡང་། །སྲིན་བུ་འཁྲུགས་ལས་བྱུང་བ་དང་། །གསོ་བ་དཀའ་བའི་མཛེ་ནད་ཀྱང་། །སྲིན་བུ་འཁྲུགས་ལས་བྱུང་བ་ཡིན། །བཟོད་དཀའི་པགས་ནད་གདུག་ཅན་ཡང་། །སྲིན་བུ་འཁྲུགས་ལས་བྱུང་བ་དང་། །ལྷན་སྐྱེས་རྨ་རིགས་ཕལ་ཆེར་ཡང་། །ལུས་ཀྱི་སྲིན་བུ་འཁྲུགས་ལས་བྱུང་། །[6P379]ཞེས་རྒྱུ་ནད་མེད་ལས་འབྲས་བུ་ནད་མེད་པ་བསྐྱེད་པ་དང་རྒྱུ་ནད་ཅན་ལས་འབྲས་བུ་ནད་ཅན་བསྐྱེད་པ་ནི་གྲུབ་པ་ལུས་ཀྱི་ཆགས་རྒྱུའི་སྐབས་དང་མན་རྒྱུད་ཀྱི་ནད་རྒྱུའི་སྐབས་གང་ལའང་སྦྱར་རིགས་སོ། །
       སྐབས་འདིར་ཉེར་ལེན་གྱི་རྐྱེན་ཞེས་པ་གོང་དུ་བཤད་པའི་ཕ་མའི་ཁམས་དཀར་དམར་དེ་ལ་ལྡན་པའི་ཉེས་པའི་རང་བཞིན་ཉི་ཤུ་སོགས་ཤས་ཆེ་ཆུང་གི་དབང་གིས་བརྒྱུད་པའི་བྱིས་པ་དེའི་ལུས་སྟེང་ལ་ལྷན་སྐྱེས་སུ་གྲུབ་པའི་ཁམས་དང་རང་བཞིན་རྣམ་འགྱུར། བག་ཆགས་སོགས་ལ་ཟེར་བ་ཡིན་ཏེ། བྱིས་པའི་ན་སོ་སྨིན་པ་དང་ཁ་ཟས་དང་ཁོར་ཡུག་གི་འགྱུར་ལྡོག བྱ་བ་སྤྱོད་ལམ་གྱི་གོམས་གཤིས་དང་བསྟུན་ནས་ཉིན་རེར་ལུས་ཀྱི་འབྱུང་ཁམས་ལ་བྱུང་བའི་འགྱུར་ལྡོག་དེས་བྱིས་པའི་ལུས་སེམས་ལ་རིམ་གྱིས་སྐྱེ་རྒ་ན་འཆི་ལྟ་བུ་དང་ནད་རྒྱུ་སྣ་ཚོགས་ཉེ་བར་ལེན་ཅིང་སྐྱེ་ལ། སྐྱེས་བཞིན་པ་དེ་ཡང་ཡུན་གྱིས་མཆེད་དེ་གསོག་པ། བྱིས་པའི་ལུས་སེམས་ཧྲིལ་བོར་འགྱུར་བ་གཏོང་བཞིན་པའི་སྐབས་དེར་ཉེར་ལེན་གྱིས་རྐྱེན་བྱེད་པ་དང་ཡང་ན་བཤད་རྒྱུད་ལས། སྐྱེ་ཞིང་མཆེད་པར་བྱེད་པ་སྐྱེ་མཆེད་དང་། །གསོག་ཅིང་ལྡང་བར་བྱེད་པས་གསོག་ལྡང་ཞེས། །ཞེས་པའི་སྐྱེ་མཆེད་དང་གསོག་ལྡང་གི་རྐྱེན་ལ་ངོས་བཟུང་བར་རིགས་ཤིང་དེ་ལ་ཉེར་ལེན་གྱི་རྐྱེན་ཞེས་ན་ཧ་ཅང་འཚམ། སྐྱེ་མཆེད་དང་གསོག་ལྡང་གང་ཡིན་ཀྱང་དུས་དང་དབང་བོ། སྤྱོད་ལམ་གསུམ་ལ་རག་ལས་པ་ཡིན་པས། ནད་པ་རང་ཉིད་ཀྱིས་ཤེས་མེད་ཚོར་མེད་ངང་ལུས་སེམས་ལ་ནད་གཞི་སྐྱེ་རུང་གི་རྒྱུ་ཕལ་བའམ་རྐྱེན་གང་རུང་ཚོགས་ཤིང་དུས་དང་དབང་པོ་སྤྱོད་ལམ་གསུམ་མཉམ་པ་ལས་གནས་སྐབས་མི་བདེ་བའི་ཚོར་བ་རེ་འགའ་འབྱུང་ཡང་དོ་སྣང་ཆེར་མེད་པས་བཞག་པ་དང་། ངལ་གསོ་ཅུང་ཙམ་ནས་སླར་སོས་པ་ལྟ་བུའི་ངལ་དུབ་རང་བཞིན་གྱི་རྟགས་ཙམ་ལས་མི་འབྱུང་བས་སྐྱེ་མཆེད་དང་གསོག་ལྡང་གི་གནས་སྐབས་འདི་ཧ་ཅང་ངོས་འཛིན་དཀའ་བས་དུས་སྤྱོད་སོགས་དམིགས་བསལ་དུ་གསུངས་པའི་དགོས་པའང་འདི་ལ་རག་ལས་པ་ཡིན། ཡང་རྒྱུད་ལས། བསགས་པ་སློང་བར་བྱེད་པ་སློང་རྐྱེན་ཡིན། ཞེས་སློང་རྐྱེན་དངོས་དེ་ནི་ལྷན་ཅིག་བྱེད་རྐྱེན་ཡིན་པར་འདོད།
གསུམ་པ། རྐྱེན་གྱི་ཁྱད་པར་འབྱེད་ཚུལ།
       རྣམ་པར་མ་གྱུར་པའི་ཐ་མལ་དུ་གནས་པའི་ལུས་ལ་ཉེས་པ་རྣམ་པར་འགྱུར་བྱེད་ཀྱི་རྐྱེན་ནི་སྤྱིར་དུས་གདོན་ཟས་སྤྱོད་བཞི་དམན་ལྷག་ལོག་པ་དང་། རྒྱུ་ལ་སྐྱེད་པར་བྱེད་པའི་རྐྱེན་གསུམ་སྟེ། །སྐྱེ་མཆེད་གསོག་ལྡང་སློང་རྐྱེན་རྣམ་པ་གསུམ། །ཞེས་པའི་སྐབས་སུ་རྒྱུའི་རྐྱེན་སྐྱེ་མཆེད། རྣམ་འགྲེལ་དུ། ཐོག་མེད་བག་ཆགས་ལས་བྱུང་བའི། །སྒྲོ་བཏགས་སྤྱོད་ཡུལ་ཅན་བློ་རྣམས། །འབའ་ཞིག་དེ་ལ་སྐྱེ་འགྱུར་གྱི། །དོན་གྱི་སྤྱོད་ཡུལ་ཅན་མ་ཡིན། །ཞེས་གསུངས་པ་ལྟར་ཤེས་པ་ལ་བརྟེན་པའི་ནད་རྐྱེན་མྱ་ངན་དང་ཡི་མུག་སོགས་ལས་གདོན་ནད་སྐྱེད་པར་བྱེད་པའི་དམིགས་རྐྱེན་འདིའི་ཁོངས་སུ་འདུས་བར་སེམས། བདག་པོའི་རྐྱེན་གསོག་ལྡང་། དེ་མ་ཐག་རྐྱེན་སློང་རྐྱེན་དང་རྣམ་པ་གསུམ་པོ་དེ་ལས་རྒྱུ་དེ་ཉིད་རྣམ་པར་གྱུར་ནས་སྐྱེ་ཞིང་མཆེད་པར་བྱེད་པས་ན་སྐྱེ་མཆེད་ཅེས་བྱ་སྟེ་ཤིང་ལས་མེ་སྐྱེ་ཞིང་གཞན་དུ་མཆེད་པ་ལྟ་བུའོ། །རྒྱུའི་གནས་སུ་གསོག་ཅིང་འཕེལ་ནས་གཞན་དུ་ལྡང་བར་བྱེད་པས་ན་གསོག་ལྡང་ཞེས་བྱ་སྟེ་དམག་རང་ཡུལ་དུ་བསགས་ནས་གཞན་དུ་དྲངས་ཏེ་གནོད་པར་བྱེད་པ་ལྟ་བུའོ། །རྒྱུ་ཆེར་བསགས་པ་དེ་ཉིད་སློང་བར་བྱེད་པས་ན་སློང་རྐྱེན་ཡིན་ཏེ་རྫིང་གི་འོར་ཁུང་བརྟོལ་བ་ལྟ་བུ་ཡིན་ཞེས་གསུངས་པས་དེ་ལྟར་རྐྱེན་རྣམ་པ་གསུམ་ལས་སྐྱེ་མཆེད་ལ་རྒྱུའི་རྐྱེན་དང་། གསོག་ལྡང་ལ་བདག་པོའི་རྐྱེན། སློང་རྐྱེན་ལ་དེ་མ་ཐག་པའི་རྐྱེན་དུ་དབྱེ་བ་ཡིན།
       གཅིག སྐྱེ་མཆེད་ཀྱི་རྐྱེན་ནི་རང་རྒྱུ་མ་རིག་པ་དང་རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་གསུམ་ནད་ཀྱི་རྒྱུར་གནས་པ་དེའི་མཚན་ཉིད་ལོག་པས་རིམ་གྱིས་མེ་མཆེད་པ་བཞིན་འགྲོ་བས་རྒྱུ་དེ་འཕེལ་བའི་རྐྱེན་དུ་འགྱུར་ཕྱིར་རྒྱུའི་རྐྱེན་ཞེས་དུས་དང་དབང་པོ་སྤྱོད་ལམ་རྣམས་དམན་ལྷག་ལོག་པའི་རྐྱེན་གྱིས་ཕྱི་ནང་གི་འབྱུང་བ་ཆ་མ་སྙོམས་པར་གྱུར་ཏེ་ནད་ཀྱི་རྒྱུན་ཕྲ་མོ་དག་ཐོག་མར་ལུས་ཁམས་ལ་སྐྱེ་ཞིང་རིམ་བཞིན་མཆེད་པར་བྱེད་པས་སྐྱེ་མཆེད་ཀྱི་རྐྱེན་ཞེས་བརྗོད།
       གཉིས། གསོག་ལྡང་གི་རྐྱེན་ནི་གཙོ་བོ་དུས་ཀྱི་འགྱུར་བའི་ཁྱད་ཆོས་ལ་བརྟེན་ནས་དུས་སོ་སོར་ཉེས་པ་གཅིག་དམིགས་ཏེ་གསོག་ལྡང་བྱེད་པ་ཡིན་པས་བདག་པོའི་རྐྱེན་ཞེས་ནད་རྒྱུན་ཕྲ་མོ་དག་རིམ་བཞིན་མཆེད་པ་ནས་ཉེས་པ་རང་རང་གི་གནས་སུ་གསོག་ཅིང་གཞན་གནས་སུ་ལྡང་བ་ལ་མངོན་པར་ཕྱོགས་པས་གསོག་ལྡང་གི་རྐྱེན་ཞེས་བརྗོད།
       གསུམ། སློང་རྐྱེན་ནི་ནད་གསོག་པ་དེ་ཟས་སྤྱོད་ཀྱིས་འཕྲལ་མ་ཉིད་དུ་ལྡང་བར་བྱེད་པས་དེ་མ་ཐག་རྐྱེན་ཞེས་རིམ་བཞིན་བསགས་པའི་ནད་རྒྱུ་ལྡང་བ་ལ་མངོན་པར་ཕྱོགས་པའི་ཚེ་ཉེས་པ་སོ་སོའི་ངོ་བོའི་མཚན་ཉིད་དང་མཐུན་པའི་ཆོས་གང་དང་གང་འཕྲད་ཚེ་དེས་ནད་དག་དངོས་སུ་སློང་བར་བྱེད་པ་ཡིན་པས་སློང་བའི་རྐྱེན་ཞེས་བརྗོད།
       དེ་གསུམ་ནི་གློ་བུར་བ་མ་གཏོགས་པའི་ནད་གཞན་དག་སྐྱེད་བྱེད་ཀྱི་རྐྱེན་དང་། ནད་དུ་འགྱུར་བའི་བརྒྱུད་རིམ། ནད་ཀྱི་ཕུགས་བཙལ་སའི་ལམ་རྒྱུད་བཅས་ཡིན་པས་ནད་ཐོག་བརྟག་བཅོས་ཐད་རིན་ཐང་ངེས་ཅན་ལྡན་ངེས་ཡིན། དེ་བས་དེང་རབས་གསོ་རིག་གི་ཞིབ་འཇུག་ཐབས་ལམ་ཁྲོད་དུའང་ནད་ཀྱི་རྒྱུ་རྐྱེན་ཞིབ་འཇུག(疾病病因及危险因素研究)ཅེས་པ་འདི་ནི་ཆེས་དབང་བཙན་ཤོས་སུ་འཛིན་པའི་དགོངས་པ་དང་ཡང་མཐུན། རིག་པ་འདི་དག་སྔ་མོ་ནས་རང་ལུགས་སྲོལ་རྒྱུན་གསོ་རིག་གི་གཞུང་དུ་ཆ་ཚང་བར་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། སྐབས་སུ་བབས་པ་གསོ་བ་རིག་པ་ལས་ཕྱི་ནང་རྐྱེན་གྱིས་འབྲས་བུ་ནད་སྐྱེད་པར་བྱེད་པའི་འབྲེལ་ལྡན་བརྒྱུད་རིམ་ལ་གཞིག་ནས་རྐྱེན་གྱི་རྣམ་གྲངས་དང་ཐ་སྙད་འདོགས་ཚུལ་ཡང་སྤྱིའི་དབང་དུ་བྱས་ཏེ་སྐྱེ་མཆེད། གསོག་ལྡང་། སློང་རྐྱེན་བཅས་རྣམ་པ་གསུམ་དུ་བཀར་ཡོད།
བཞི་པ། རྒྱུ་དང་རྐྱེན་ལས་འབྲས་བུའི་ཁྱད་པར་འབྱེད་ཚུལ།
       འདི་ལ་དག་ཡིག་ངག་སྒྲོན་སོགས་ལས། ལྗང་བ་ལྟ་བུ་སྐྱེས་པར་བྱེད་པའི་ཉེར་ལེན་གྱི་རྒྱུ་ནི་ས་བོན་ཡིན་པ་དང་། ལྗང་བ་དེ་སྐྱེས་པར་བྱེད་པའི་རྐྱེན་གཞན་ཞིག་ཡོད་པ་ནི་ས་དང་ལུད་དང་། དྲོད་བཤེར་སོགས་ནི་ལྷན་ཅིག་བྱེད་རྐྱེན་ཡིན།[7P309]ཞེས་གསུངས་པ་ལྟར་བཤད་རྒྱུད་ཆགས་ཚུལ་གྱི་སྐབས་སུ་སེམས་ཅན་གྱི་འབྲས་བུ་ཇི་ལྟར་བསྐྱེད་ཚུལ་ནི་མའི་མངལ་གྱི་ཞིང་ས་ལ་འབྲས་བུ་སེམས་ཅན་ཆགས་པར་བྱེད་པའི་རྒྱུ་ནི་ཁམས་དཀར་དམར་ཡིན་པ་དང་། སེམས་ཅན་དེ་ཉིད་བདུན་ཕྲག་བཞིན་འཕེལ་བར་བྱེད་པའི་རྐྱེན་གཞན་ཞིག་ཡོད་པ་ནི་རགས་པར་མའི་ཁ་ཟས་ཀྱི་བཅུད་དང་བཅུད་དེའི་ས་ཆུ་སོགས་དྭངས་མའི་འབྱུང་ཁམས། ལྟེ་བའི་ལམ་ནས་འདྲེན་པའི་གྲོགས་བཅས་ནི་ལྷན་ཅིག་བྱེད་རྐྱེན་ཡིན་པར་གོ་བ་ལེན་ཆོག་ལ། མན་རྒྱུད་ནད་ཀྱི་སྐབས་སུ་ནད་གཞིའི་འབྲས་བུ་ཇི་ལྟར་བསྐྱེད་ཚུལ་ནི། དང་པོ་རྒྱུ་ལ་རིང་རྒྱུ་ཉེ་རྒྱུ་གཉིས། །ཞེས་པ་ལྟར་ལུས་ཀྱི་བག་ལ་ལྷན་ཅིག་གནས་པའི་དུག་གསུམ་དང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་སོགས་ནི་ནད་གཞིའི་འབྲས་བུ་སྐྱེས་པར་བྱེད་པའི་ས་བོན་ཡིན་པ་དང་། ནད་གཞིའི་ས་བོན་དེ་ཉིད་སློང་བར་བྱེད་པའི་རྐྱེན་གཞན་ཞིག་ཡོད་པ་ནི་དུས་དང་དབང་བོ་སྤྱོད་ལམ་དམན་ལྷག་ལོག་པའི་སྐྱེ་མཆེད་ཀྱི་རྐྱེན་དང་། དུས་དང་ཟས་སྤྱོད་ཀྱི་ངོ་བོ་ཕྲད་པ་ལས་རང་གནས་སུ་གསོག་པས་གསོག་ལྡང་གི་རྐྱེན། འབྱུང་བའི་དུས་དང་གདོན་དུག་མི་འཕྲོད་པའི་ཁ་ཟས། གསོ་བ་ལོག་པ་དང་ལས་ངན་སད་པ། ཉེས་པའི་མཚན་ཉིད་དང་རྗེས་སུ་མཐུན་པའི་རྐྱེན་བཞི་སོགས་ནི་ནད་གཞི་ཐུན་མོང་དང་ཁྱད་པར་གྱི་ལྷན་ཅིག་བྱེད་རྐྱེན་དངོས་ཡིན།
       མདོར་ན་ང་ཚོས་རྒྱུན་པར་ནད་གཞི་གང་གི་འབྱུང་རྐྱེན་དེ་ཉིད་བཀྲ་མ་ཤིས་པས་བྱུང་བ། སྟབས་སྟབས་པོར་བྱུང་བ། གློ་བུར་དུ་བྱུང་བ། སྔ་དྲོའི་ལམ་དུ་བྱུང་བ། ཆུ་འཁྱག་འཐུང་བ་ལས་བྱུང་བ་ལྟ་བུའི་གློ་བུར་བའི་དོན་རྐྱེན་ལ་འཇོག་ཅིང་ངོས་འཛིན་པར་མོས་མོད། གཞི་མཐུན་གྱི་རྒྱུ་དེ་ལུས་ཀྱི་ས་བོན་ནས་འགོ་བརྩམས་ཏེ་གྲུབ་ཡོད་པ། སྐྱེ་མཆེད་དང་གསོག་ལྡང་སློང་རྐྱེན་ལྟ་བུའི་གྲོགས་དེ་ལུས་དང་གྲིབ་མ་བཞིན་དུ་མཚུངས་པར་ལྡན་པ། འབྲས་བུའི་ནད་གཞི་དེ་ཉིད་འཕེལ་སྐྱེད་རྫོགས་པའི་དུས་ལ་བབས་མ་བབ་ཀྱི་དབང་གིས་དུས་དེ་རིང་ངམ་ཕྱི་ལ་འབྱུང་བར་འགྱུར་བས་ན། རྒྱུའི་ཐད་ནས་སྔོན་ལས(遗传因素) རྐྱེན་ཟས(不良饮食) སྤྱོད་ལམ(缺乏运动) གདོན(心理因素)སོགས་ཀྱིས་སྨྱོ་ནད་འབྱུང་བ་ལ། གསོ་རིག་རྒྱུད་བཞི་ལས། རྒྱུ་རྐྱེན་སྙིང་སྟོབས་ཞན་ལ་མྱ་ངན་དང་། །ཡིད་མི་བདེ་དང་སེམས་ལས་ཆེས་པ་དང་། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་བྱས་ཏེ། །ཉེས་པ་འཁྲུགས་པས་རྣམ་ཤེས་རྒྱུ་གནས་ཞུགས། །ཡིད་ཀྱི་ལམ་ལོག་དྲན་ཉམས་སྨྱོ་བར་འགྱུར། །[1P387]ཞེས་གསུངས་པ་ལྟར་ལྷན་སྐྱེས་སྙིང་སྟོབས་ཞན་པ་དང་། བྱ་བའི་སེམས་ལས་ཆེ་བ། གནོན་ཤུགས་ཡོད་པ། རྣམ་རྟོག་དང་མཚར་སྣང་འཛིན་ཆེ་བ། མྱ་ངན་ལས་ཐར་ཐུབ་ཀྱི་མེད་པ་སོགས་ཀྱི་སྣང་ཚུལ་དེ་དག་རྒྱུན་ལྡན་དུ་མཐོང་མོད། དེའི་ཤུགས་སམ་རྒྱུན་ཡུན་རིང་བོར་བསྐྱངས་པ་ནི་ནད་ཀྱི་རྒྱུ་ཡིན་ལ། རྒྱུ་དེ་དང་མཚན་ཉིད་མཚུངས་ལྡན་གྱི་དུས་དང་གདོན་དང་ཟས་དང་སྤྱོད་ལམ་སོགས་ལྷན་ཅིག་ཚོགས་པ་ནི་རྐྱེན་དང་འཕྲད་པ་ཡིན། མ་འོངས་པར་སྨྱོ་བར་འགྱུར་བའི་ནད་གཞིའི་ཉེན་ཕྱོད་དང་ལྡན་ལ་སྨྱོས་ཟིན་པ་ནི་ནད་ཀྱི་འབྲས་བུ་མངོན་དུ་གྱུར་བ་ཡིན། ཡང་གོང་དུ་བཤད་པ་ལྟར་རྒྱུ་རྐྱེན་ཐ་མི་དད་པར་འཇུག་ཚུལ་དང་། རྒྱུ་རྐྱེན་ཞེས་བཤད་ཚེ་རྒྱུ་མཚན་དང་གནས་ལུགས་ལ་གོ་བ་ལེན་ཚུལ་སོགས་སྣ་མང་ཡོད་པས་རྗེས་སོར་གོ་སྐབས་བྱུང་ན་དལ་མོར་གླེང་ཆོག་པ་ཞུ།

དཔྱད་གཞིའི་ཡིག་ཆ། 
1.གཡུ་ཐོག་ཡོན་ཏན་མགོན་པོ། གསོ་རིག་རྒྱུད་བཞི། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006.05
2.ཙན་པ་ཤི་ལ་ཧ། བདུད་རྩི་ཤེལ་གྱི་མེ་ལོང་གི་རྒྱུད། [Z] ཕྱག་བྲིས་མ། བོད་ཀྱི་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས།
3.ཙན་པ་ཤི་ལ་ཧ། བདུད་རྩི་ཤེལ་གྱི་མེ་ལོང་གི་འཕྲེང་བ། [Z] ཕྱག་བྲིས་མ། བོད་ཀྱི་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས།
4.དགེ་སྦྱོང་པྲ་བྷ་རཏྣ། གསུང་སྒྲོས་ཕན་བྱེད་རིག་པའི་མཛོད། [M] མི་རིགས་དཔེ་སྐྲུན་ཁང་། 2013.12
5.དེའུ་དམར་བསྟན་འཛིན་ཕུན་ཚོགས། དེའུ་དམར་གསོ་རིག་གཅེས་བཏུས། [M] མི་རིགས་དཔེ་སྐྲུན་ཁང་། 2007.03
6.ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཀོང་སྤྲུལ་ཟིན་ཏིག [M] ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། 2014.07
7.བཙན་ལྷ་ངག་དབང་ཚུལ་ཁྲིམས། བརྡ་དཀྲོལ་གསེར་གྱི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 2024.08

རྩོམ་པ་པོ་ངོ་སྤྲོད།
       རྔོག་བུ་བདུད་མགོན་ཚེ་རིང་། «ཀྲུང་གོའི་བོད་ཀྱི་གསོ་རིག»དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་གཞོན་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།