《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ》ཅེས་པའི་དཔེ་དེབ་འགྲེམ་སྤེལ།
《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ》ཅེས་པའི་དཔེ་དེབ་འགྲེམ་སྤེལ།
སྤྱི་ཟླ6པའི་ནང་། ཁྲི་ཤར་བསོད་ནམས་ཚེ་རིང་གིས་བསྒྲིགས་པའི《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ》ཅེས་པའི་དཔེ་དེབ་དེ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
སྔོན་འགྲོ།
དེ་ཡང་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཡི་གེའི་བསྒྱུར་ལས་ཀྱི་རིམ་པ་དང་། རང་བྱུང་སྐད་ཆ་བསྒྱུར་ལས་ཀྱི་རིམ་པ། མཉེན་ཆས་བོད་ཡིག་ཅན་གྱི་རིམ་པ། ཉེར་སྤྱོད་རིམ་པ་བཅས་རིམ་པ་མི་འདྲ་བ་དུ་མར་ཕྱེ་ཆོག་ཅིང་། ཡིག་རྟགས་ཀྱི་བཀོད་པ། ནང་འཇུག་མཉེན་ཆས་སོགས་ནི་ཡི་གེ་བསྒྱུར་ལས་ཀྱི་རིམ་པར་གཏོགས་པ་དང་། བོད་ཡིག་གི་མིང་གི་དབྱེ་མཚམས་ངོས་འཛིན་གྱི་ལག་རྩལ་དང་། བོད་ཡིག་གི་མིང་དང་ཚིག་གི་རིགས་དབྱེ། བརྡ་སྤྱོད་དཔེ་རྣམ་གྱི་ཤེས་བྱའི་མཛོད། ཡིག་མཛོད་ཇུས་འགོད་དང་། བོད་ཡིག་གི་འཕྲུལ་ཆས་ལོ་ཙཱ་དང་འཕྲུལ་ཆས་དོན་འགྲེལ་སོགས་ནི་རང་བྱུང་སྐད་ཆ་བསྒྱུར་ལས་ཀྱི་རིམ་པར་གཏོགས་ལ་འདི་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྲོག་རྟེན་ནམ་སྙིང་ཕུར་ལྟ་བུར་ཡང་ཆགས་ཡོད། མ་ལག་གམ་རྒྱུད་ཁོངས་དང་གཞུང་ལས་སྡེབ་ཆས་བོད་ཡིག་ཅན་དུ་བསྒྱུར་བ་དང་བོད་ཡིག་ཅན་གྱི་ལག་ཆ་གསར་སྤེལ་སོགས་ནི་མཉེན་ཆས་བོད་ཡིག་ཅན་གྱི་རིམ་པར་བསྡུས་ཆོག བོད་ཡིག་གློག་རྡུལ་ཚིག་མཛོད། བོད་ཡིག་གི་སྦྱོར་འབྲིའི་ཞིབ་བཤེར་སོགས་ནི་ཉེར་སྤྱོད་རིམ་པར་གཏོགས་པ་ཡིན། དཔེ་དེབ་འདིར་ཕྱོགས་བསྡུས་བྱས་ཡོད་པའི་དཔྱད་རྩོམ་དག་གོང་བསྒྲིགས་ཏེ་བལྟས་ན་ཡང་གོང་གི་རིམ་པ་བཞི་ལས་མ་འདས་ཤིང་། སྤྱིའི་ཆ་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་བྱུང་འཕེལ་དང་འབྲེལ་བའི་གྲུབ་འབྲས་མང་པོ་ཞིག་ཤེས་རྟོགས་བྱུང་ཐུབ་པ་དང་། བྱེ་བྲག་གི་ཆ་ནས་ངོས་དང་ཟུར་མི་འདྲ་བའི་སྒོ་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁྱབ་ཁོངས་མི་འདྲ་བར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པའི་གྲུབ་འབྲས་ཀྱང་མཐོང་ཐུབ་པ་ཡིན།
སྤྱིར་ན་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གི་མགོ་བརྩམས་ནས་ད་ལྟའི་བར་མི་ལོ་ཉི་ཤུ་རྩ་གྲངས་ཤིག་གི་ལོ་རྒྱུས་ཡོད་ཀྱང་། འདིའི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་། སྐྱོན་སེལ། གོ་བསྡུར། དག་སྡེབ་བྱས་པའི་བོད་ཡིག་གི་དཔྱད་ཡིག་ཅིག་ད་ལྟའི་བར་དུ་བྱུང་མེད། ཐེངས་འདིར་སྐུ་ཞབས་བསོད་ནམས་ཚེ་རིང་ལགས་ཀྱིས་གོང་གི་རིམ་པ་བཞི་རུ་ཕྱེས་པའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རིམ་སྐྱ་ཐིག་ཏུ་བཏབ་སྟེ་རིམ་པ་སོ་སོའི་གནད་དོན་དང་འབྲེལ་བའི་དཔྱད་ཡིག་དག་འཚོལ་བསྡུ་བྱས་ཏེ་དེབ་ཏུ་བསྒྲིགས་ཡོད་ལ། འདི་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་བོད་ཡིག་ཏུ་བཏབས་པའི་དཔེ་དེབ་ཐོག་མ་ཡིན་ཙ་ན། ལོ་རྒྱུས་ཀྱི་རིན་ཐང་དང་། བེད་སྤྱོད་ཀྱི་རིན་ཐང་། དུས་རབས་ཀྱི་རིན་ཐང་མི་དམན་པ་ཞིག་ཡོད་པ་ནི་སྨོས་མ་དགོས་ལ། ལྷག་དོན་བོད་ཡིག་ཆ་འཕྲིན་ལག་རྩལ་ཕྱོགས་ལ་འཇུག་མཁན་གྱི་ལས་དང་པོ་བ་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བ་མ་ཟད། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ལའང་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འདོན་ཐུབ་པར་ཁོ་བོ་ཡིད་ཆེས་ཀྱིས་བརྟས་ཡོད། མཐར་དགེ་རྒན་བསོད་ནམས་ཚེ་རིང་ལགས་ཀྱི་སྔར་བྱས་དོན་དུ་སྨིན་ཞིང་འབྱུང་འགྱུར་བགྱི་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་བཅས་བྱ་མདོ་རྡོ་ལྷས་སྔོན་འགྲོའི་ཚབ་ཏུ་སྦྱར་བ་དགེའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com