ཤེས་རབ་བསྟན་དར་གྱིས་བརྩམས་པའི《ཚངས་མགུར་ཞིབ་འཇུག》 ངོ་སྤྲོད།
དེང་གི་ཚངས་མགུར་གྱི་ཞིབ་འཇུག་ལ་ཚ་རླབས་མཐོ་ནས་མཐོ་རུ་འཕྱུར་ཞིང་། རྒྱ་བོད་ཡིག་རིགས་ཀུན་ཏུ་ཡིག་ནོར་གཡག་རོ་ལྟར་སྤུངས་པའི《ཚངས་མགུར་ཞིབ་འཇུག》གི་དཔེ་དེབ་ཡ་མ་བླའི་གད་སྙིག་གང་འདོད་དུ་སྤུངས་ཀྱིན་པའི་དུས་འདིར། ཤེས་རབ་བསྟན་དར་གྱིས་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་དང་མགུར་གླུར་ཆ་ཚང་བའི་སྒོ་ནས་ཞིབ་འཇུག་དང་ཟུར་མི་འདྲ་བའི་སྒོ་ནས་ལྟ་ཚུལ་བཏོན་པའི་དེབ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་སོང་ལ། རྒྱ་ཆེ་བའི་ཀློག་མཁན་ཁྲི་སྟོང་གི་གྲས་སུའང་གདེང་འཇོག་འདྲ་མིན་བྱུང་དང་འབྱུང་མུས་སུ་འདུག
དེབ་འདིར་ཁྱོན་བསྡོམས་ལེའུ་གསུམ་གྱིས་གྲུབ་ཅིང་། ལེའུ་དང་པོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྐོར་གྱི་ལོ་རྒྱུས་མི་མཐུན་པ་སོ་སོ་བསྡུར་ནས་དོགས་དཔྱོད་བྱས་ཡོད་པ་སྟེ། ལྷག་པར་དུ་ཁོང་གིས་བསླབ་པ་ཕུལ་དོན་དང་རྒྱལ་དབང་ལྔ་བའི་སྤྲུལ་སྐུར་ཁས་ལེན་མིན། ཀུན་དགའ་མཚོར་སྐུ་འདས་མིན་ལ་སོགས་པ་ཕྱོགས་ཡོངས་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོར་གདེང་འཇོག་ཇི་ལྟར་བྱེད་མིན་སྐོར་ལ་རང་ལུགས་སྤེལ་ཡོད་པ་དང་། ལེའུ་གཉིས་པ་རུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་འབྲེལ་བའི་གནད་དོན་འགའ་ལ་དཔྱད་པ་བཏང་ཡོད་པ་སྟེ། དེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ཁོང་གིས་དངོས་སུ་བརྩམས་མིན་དཔྱད་པའི་ཞོར་དུ་བརྩམས་པའི་དུས་དང་དམིགས་ཡུལ་ལ་དཔྱད་པ་བཏང་ཡོད་པར་མ་ཟད། ཚངས་མགུར་གྱི་དཔར་གཞི་དང་ཡིག་བསྒྱུར། ཞིབ་འཇུག འགྲེལ་སྟངས་མི་འདྲ་བ་སོགས་ཟུར་དང་རྣམ་པ་མི་འདྲ་བའི་སྒོ་ནས་ཞིབ་འཇུག་བྱས་ཡོད། ལེའུ་གསུམ་པ་རུ་ཆེད་དུ་ཚངས་མགུར་གྱི་འགྲེལ་ཚུལ་མི་འདྲ་བ་དེ་དག་ལ་བཤིབ་བསྡུར་དང་མྱོང་འགྲེལ། སྙན་ངག་གི་ཁྱད་ཆོས། དོགས་དཔྱོད་སོགས་ཀྱི་སྒོ་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་ཞིབ་འཇུག་བྱས་པའི་ངེས་ཤེས་གནས་ལུགས་ཀྱིས་འདྲོང་ཡོད་པས། ང་ཚོས་ཚངས་མགུར་ལ་གོ་བ་གསར་བ་ཞིག་དང་སྣ་མང་ཞིག་ལེན་པར་མཐུན་རྐྱེན་གྱ་ནོམ་པ་ཞིག་སྐྲུན་འདུག་པ་ནི་དཔེར་ན། རྩོམ་པ་པོས་འདིར་སློབ་དཔོན་དོར་ཞི་གདོང་དྲུག་སྙེམ་བློའི་འགྲེལ་དང་མཁར་བླ་ཀརྨ་འཕྲིན་ལས་དབང་ཕྱུག་གི་འགྲེལ། ཤོ་ཏིས་ཡན་གྱི་འགྲེལ་གསུམ་མདོར་ཙམ་བསྡུར་ནས་བཀོད་པ་དང་། དེ་ནས་ད་ལྟའི་ཡོངས་གྲགས་ཀྱི་གོ་སྟངས་དང་རང་གི་མྱོང་བའི་འགྲེལ་སྟངས་བཀོད་ཅིང་དེ་ནས་སྙན་ངག་གི་ཁྱད་ཆོས། གོང་གི་འགྲེལ་སྟངས་གསུམ་ལས་འགྲེལ་མི་ཆགས་པར་དོགས་པ་ཡོད་པ་སོགས་ལ་དཔྱད་པ་བཏང་བ་གཅིག་བཀོད་ན་འདི་ལྟ་སྟེ།
ཤར་ཕྱོགས་རི་བོ་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། །
མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་ཤར་བྱུང་། །
དོར་ཞིས། འདི་ལ་མདོ་སྔགས་ཀྱི་འགྲེལ་ཚུལ་གཉིས་བྱུང་སྟེ། ཟླ་བས་སྙིང་རྗེ་དང་ཨ་མས་སྟོང་ཉིད་རྟོགས་པར་གོ་བ་དང་ཡང་ཟླ་བས་ཡུལ་ཅན་སྙིང་རྗེ་ཆེན་པོ་དང་། མ་སྐྱེས་ཨ་མའི་ཞལ་རས་ཀྱིས་ཡུལ་སྟོང་བ་ཉིད་དེ། ཡོངས་རྫོགས་ཀྱིས་བདེ་སྟོང་ཟུང་འཇུག་གམ། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་ལམ་རྒྱུད་ལ་འཁྲུངས་པར་བསྟན།
མཁར་བླས། མ་སྐྱེས་ཨ་མའི་ཞལ་རས་ཞེས་པས་སྡེ་སྲིད་ལ་གོ་སྟེ་རང་ལ་མ་ལས་དྲིན་ཆེ་བ་དེའི་བཀའ་དྲིན་དྲན་པ་སྟེ། ཤར་ཕྱོགས་རི་བོ་ཞེས་པ་ལྷ་སར་གོ་དགོས་ཟེར།
ཤོ་ཏིས་ཡན་གྱིས། ཟླ་བ་འཕེལ་འགྲིབ་ཡོད་པ་སོགས་ཀྱིས་སྡེ་སྲིད་དང་ལྷ་བཟང་གི་དབང་རྩོད་པ་ལ་མ་དགྱེས་པས་མ་སྐྱེས་ཨ་མ་སྟེ་ད་དུང་མ་སྐྱེས་པའི་ཨ་མ་གོ་དགོས་ཟེར།
སྲོལ་རྒྱུན་གྱི་གོ་སྟངས་ཡིན་ན། ཁོང་སྐུ་བཞུགས་མ་འདོད་པའི་ཞུལ་བསྟན་པ་སྟེ་མ་འོངས་པར་སྐྱེ་བའི་མ་ཡུམ་བསྟན།
ཡོངས་ཁྱབ་ཀྱི་གོ་སྟངས་ནི། མ་སྐྱེས་ཨ་མ་ན་ཆུང་མར་གོ་ནས་བརྩེ་དུང་གི་སྙན་ངག་ལ་ངོས་འཛིན།
མྱོང་འགྲེལ། ངའི་རེ་སྨོན་ལྟ་བུའི་ཟླ་བ་ཤར་ཐེངས་རེར། ཁྱོད་རང་དྲན་འོང་། ངའི་དྲན་གདུང་ལྟ་བུའི་ཟླ་བ་ཤར་ཐེངས་རེར། ཁྱོད་དྲན་འོང་། ངའི་ཁེར་རྐྱང་གི་མཚོ་མོའི་དབུས་སུ། ངའི་དྲན་གདུང་གི་རི་བོའི་རྩེ་རུ། བདག་གི་འཁྲེང་སེམས་ཀྱི་ན་སྤང་ཚལ་དུ། ཁྱོད་ནི་དུས་བས་འཛུམ་པའི་ཟླ་བ་དེ་ཡིན་ལ། ཁྱོད་ནི་རེ་སྨོན་གྱིས་ཤར་བའི་ཟླ་བ་དེ་ཡིན། ངའི་ཁེར་རྐྱང་གི་བསམ་གཞིགས་སུ་བཟུང་བའི་མ་སྐྱེས་ཨ་མ། ཁྱོད་ནི་ངའི་ཁེར་རྐྱང་གི་སེམས་གསོ་ཡིན། ཁྱོད་ནི་ངའི་སེམས་གསོའི་བརྩེ་བ་ཡིན།
སྙན་ངག་གི་ཁྱད་ཆོས། རྩོམ་འདིས་ཡུལ་དང་ཡུལ་ཅན་གཅིག་ཏུ་སྦྲེལ་ཅིང་། ཡུལ་གྱི་ངོས་དེ་དྲན་གདུང་དང་ཡུགས་གཅིག་ཏུ་སྦྲེལ་ནའང་། སྤྱིར་བཤད་ན་དྲན་གདུང་གི་ཚིག་དེ་ལྷོད་ཡངས་དང་འདྲེས་པ་ལས་སྐྱོ་ཤ་དང་འདྲེས་མེད་པས་ད་གཟོད་མ་སྐྱེས་ཨ་མ་དེ་གོ་བ་སྣ་མང་དུ་བུད་འགྲོ མ་སྐྱེས་ཨ་མ་ནི་མཚོན་བྱེད་ཅིག་ཡིན་ལ་གོ་བ་མག་མོག་གི་ཐ་སྙད་ཅིག་ཀྱང་རེད། ད་ལྟ་མ་སྐྱེས་ཨ་མ་ཞེས་པ་འདིར་ད་དུང་རྣལ་དུ་འཁྱོངས་པ་ཞིག་འགྲེལ་ཐུབ་མེད་མོད། འདི་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
ལྷག་པར་དུ་རྩོམ་པ་པོས་གོང་གི་འགྲེལ་གསུམ་བསྡུར་ཞིང་རང་གི་མྱོང་འགྲེལ་ལྷུག་པོར་བརྗོད་པའི་ཞོར་དུ། མཁར་བླ་དང་དོར་ཞི། ཤོ་ཏོས་ཡན་གསུམ་གྱི་སུ་ཡིན་རུང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མི་ཕལ་བ་ཞིག་མིན་པ་དང་སྤྱི་ཚོགས་སྟེང་གི་གླེང་བརྗོད་དེ་དག་ལ་དགག་པ་བརྒྱབས་ནས་དག་སེལ་བྱས་ཡོད་པས། ང་ཚོས་ཚངས་མགུར་ནི་ལོ་རྒྱུས་དང་གསང་སྔགས། འཆལ་སྤྱོད་ལ་སོགས་པར་སྦྱར་བའི་འགྲེལ་སྟངས་སོ་སོར་འགྲེལ་བ་པོའི་དམིགས་ཡུལ་ངེས་ཅན་རེ་ཡོད་པ་གསལ་བོར་ཤེས་ཡོང་ལ། འགྲེལ་བར་སྙན་ངག་གི་ངོས་ནས་གོ་བ་ལེན་པ་མ་གཏོགས་རྩོམ་པ་པོ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཡིན་པའི་ཆ་ནས་བཤད་ནས་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པར་འགྱུར་བའི་ཞིབ་འཇུག་དེ་ལ་ཡང་སྤྱི་ཆ་ནས་གནད་དོན་ཆེན་པོ་ཞིག་ཡོད་པར་འགྱུར་བས་ན། རྩོམ་པ་པོ་གསུང་བ་ནང་བཞིན་དེབ་འདི་མ་བཀླགས་པའི་སྔ་རོལ་དུ་བསམ་བློའི་གྲ་སྒྲིག་ཅི་ཡང་མི་དགོས་ནའང་། བཀླགས་རྗེས་ད་གཟོད་བསམ་གཞིག་ཐེངས་འགར་གཏང་རྒྱུ་གལ་ཆེ་བོ་རེད་སྙམ་མོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com