《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》ཅེས་པའི་དཔེ་དེབ་ངོ་སྤྲོད།

རྩོམ་པ་པོ།:བླ་མ་བཀྲ་ཤིས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-07 09:23:00 ཀློག་གྲངས།:


《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》།

     《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》ཅེས་པའི་དཔྱད་རྩོམ་དེབ་འདིར། མར་ཁེ་སི་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་རིག་པའི་ལྟ་བ་དང་ཐབས་ཤེས་ཀྱི་མཛུབ་སྟོན་འོག རྩོམ་རིག་གཞུང་ལུགས་དང་སྐད་བརྡ་རིག་པ། མཛེས་རྟོག་རིག་པ་བཅས་ཀྱི་རིག་ཚན་སྣ་མང་གི་གཞུང་ལུགས་དང་ཐབས་ཤེས་བེད་སྤྱད་དེ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་ཉེ་བའི་ལོ་ངོ་ཉི་ཤུ་ལྷག་གི་རིང་གསར་རྩོམ་མཛད་པའི་སྒྲུང་འབྲིང་དང་སྒྲུང་ཐུང་གཙོས་པའི་བརྩམས་ཆོས་བདུན་ཅུར་ཉེ་བ་ལྷག་ལ་མ་ལག་ཅུང་འཐུས་ཚང་གི་སྒོ་ནས་ཞིབ་འཇུག་གནང་ཡོད། བརྩམས་ཆོས་བྱེ་བྲག་པའི་དབྱེ་ཞིབ་དང་ཞིབ་འཇུག་གི་རྨང་གཞིའི་སྟེང་རྩོམ་པ་པོའི་གསར་རྩོམ་གྱི་བརྒྱུད་རིམ་ཁག་གསུམ་ལ་དབྱེ་ཞིང་། རྩོམ་པ་པོ་སྟག་འབུམ་རྒྱལ་ཉིད་གཞི་རིམ་གྱི་དགེ་རྒན་དཀྱུས་མ་ཞིག་ནས་རིམ་གྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་ན་གོ་གནས་ངེས་ཅན་ཡོད་པའི་རྩོམ་མཁན་གྲགས་ཅན་ཞིག་ཏུ་གྱུར་བའི་བརྒྱུད་རིམ་གནད་དུ་བཟུང་སྟེ་དཔྱད་པ་བཏང་ཡོད། རྩོམ་གྱི་བརྗོད་གཞི་གཙོ་བོ་དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་ཇི་མ་ཇི་བཞིན་འབྲི་བར་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཟུར་དུ་མཚོན་པ་དང་། གསར་རྩོམ་བྱེད་ཐབས་གཙོ་བོ་དངོས་ཡོད་རིང་ལུགས་ལ་བརྟེན་ཞིང་། བསམ་བློའི་ནང་དོན་སྟབས་བདེ་དང་ཆིག་རྐྱང་བ་ནས་གྱ་ནོམ་པ་དང་སྣ་མང་གི་ཕྱོགས་སུ་འཕེལ་རྒྱས་སོང་བ། སྒྱུ་རྩལ་གྱི་ཐབས་ཤེས་སྟབས་བདེ་སླ་བཅོས་ནས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཕྱོགས་སུ་སྙེག་ཅིང་། སྒོས་སུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་རྟོག་པ་འོག་འགྱུའི་རིང་ལུགས་སོགས་ཀྱི་ཐབས་ཤེས་ལ་སློབ་སྦྱོང་དང་མིག་དཔེ་བལྟས་པས་སྒྱུ་རྩལ་གྱི་གསར་རྩོམ་སྔར་བས་རྒྱ་ཆེ་ཞིང་ཁོད་ཡངས་པར་གྱུར་ཡོད།
     དེ་མིན། དཔྱད་རྩོམ་འདིར་སྔ་མའི་ཞིབ་འཇུག་གི་རྨང་གཞིའི་སྟེང་ཞིབ་འཇུག་གི་མ་ལག་ཅུང་འཐུས་ཚང་གི་སྒོ་ནས་སྔར་བས་ཚད་ལྡན་དུ་བཏང་ཞིང་། བསམ་བློའི་ལྟ་སྟངས་ཡང་དག་པ། ཞིབ་འཇུག་གི་ཐབས་ཤེས་འོས་ཤིང་འཚམ་པ། དཔྱད་གཞིའི་རྒྱུ་ཆ་གསོག་འཇོག་དང་བཀོལ་སྤྱོད་བྱས་པ་ཞིབ་ཚགས་ལྡན་པ། རྩོམ་གྱི་སྒྲིག་གཞི་ཚགས་དམ་ཞིང་རིགས་ལམ་གསལ་བ། སྐད་ཆ་ཚད་ལྡན་ཡིན་པ་བཅས་ཀྱི་ཁྱད་ཆོས་རེ་འགའ་བདོག་པས་རྒྱ་ཆེའི་ཀློག་མཁན་རྣམ་པས་མངགས་ཉོ(སིལ་འཚོང་དང་སྡེབ་འཚོང་གང་རུང)གནང་བར་དགའ་བསུ་ཞུ།
      《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》ཅེས་པའི་དེབ་འདི་ནི་དགོན་བཀྲ་ཤིས་དོན་གྲུབ་ཀྱི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ཡིན་ལ། དེ་ཡང་ཁོས་ཞིབ་འཇུག་སློབ་མ་འདོན་སྐབས་ཀྱི་ཀྲུང་དབྱང་མཐོ་རིམ་སློབ་གྲྭའི་ཆེད་དམིགས་མ་དངུལ་གྱིས་རོགས་སྐྱོར་བྱས་པའི་ལས་གཞིའི་རྨང་གཞིའི་སྟེང་ཁ་གསབ་དང་ལེགས་བཅོས་ཅུང་ཟད་རེ་བྱས་ཏེ་གྲུབ་པ་ཡིན་པས། དཔྱད་གཞིའི་འཚོལ་བསྡུ་དང་ཞིབ་འཇུག་གི་དུས་ཡུན།   ནང་དོན་གྱི་ཞིབ་ཆ། རིག་གཞུང་གི་རྒྱབ་རྟེན་སོགས་ཐད་ནས་ཅུང་འཛོམས་པོ་བྱུང་ཡོད་པས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་ཆེད་གཉེར་གྱི་རེབ་དེའི་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་སྐབས་གདེང་འཇོག་ཅུང་མཐོན་པོ་ཐོབ་ལ་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ཕུལ་བྱུང་དུའང་བདམས་ཐོན་བྱུང་།  
     དེ་མིན་དཔྱད་དེབ་འདིར་སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་བརྩམས་གྲུབ་ལོ་ཚིགས་ལ་རྩད་ཞིབ་དང་། ཁོང་གི་སྒྲུང་རྩོམ་གྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས།  དགེ་སྐྱོན་བཅས་ཐད་རྩོམ་རིག་གཞུང་ལུགས་ལ་རྒྱབ་བརྟེན་ཅིང་སྔར་ཐོན་དཔྱད་འབྲས་ལ་ཟུར་ལྟའི་སྒོ་ནས་དཔྱད་བརྗོད་ཅུང་ཁེབས་ཆེ་ཞིང་སྔ་རབས་ཀྱི་བཅུད་འདུས་ལ།   རང་ལུགས་ཀྱི་ལྟ་ཚུལ་གསལ་བ། དཔྱད་གཞིའི་རྒྱུ་ཆ་འཛོམས་པ། སྒྲུབ་བྱེད་ཀྱི་ལུང་རིགས་ལྡན་པ་སོགས་མདོར་ན་མིག་སྔའི་བོད་ཀྱི་སྒྲུང་རྩོམ་ཞིབ་འཇུག་ཕྱོགས་ཀྱི་དཔྱད་འབྲས་གསར་བ་ཞིག་ཏུའང་བལྟ་ཆོག་ཆོག་རེད་སྙམ།
     དེབ་འདི་ནི་གླེང་གཞི་དང་མཇུག་བསྡུ་ཕུད་པའི་ས་བཅད་བཞི་ཡིས་གྲུབ་ཡོད། ས་བཅད་དང་པོའི་ནང་དུ“རྩོམ་པ་པོའི་ངོ་སྤྲོད་ཁག་ཅིག”དང་འབྲེལ་ནས་ཁོའི་སྒྲུང་རྩོམ་ཧྲིལ་བོའི་གྲངས་ཚད་ངོས་འཛིན་དང་། འཕེལ་རིམ་སོ་སོའི་ཐུན་མིན་ཁྱད་ཆོས་མདོར་བསྡུས་རེ་མཚམས་སྦྱོར་བ་དང་། གསར་རྩོམ་གྱི་གྲུབ་འབྲས་བཅས་ཀྱི་སྐོར་གཙོ་བོར་བཤད་ཡོད།  ས་བཅད་གཉིས་པའི་ནང་དུ་ཁོའི་སྒྲུང་རྩོམ་ཧྲིལ་བོའི་འཕེལ་རིམ་གསུམ་གནད་དུ་བཟུང་བའི་སྒོ་ནས་ཐོག་མའི་དུས་ཀྱི་སྒྲུང་རྩོམ་དང་བར་སྐབས་ཀྱི་སྒྲུང་རྩོམ། ད་སྐབས་ཀྱི་སྒྲུང་རྩོམ་གསུམ་གྱི་བསམ་བློའི་ནང་དོན་སྤྱིའི་ཆ་ནས་ཕྱོགས་ཆེན་པོ་གསུམ་དུ་བཀར་ཞིང་། བྱེ་བྲག་གི་ནང་དོན་ཡང་རིམ་པ་སོ་སོའི་དགོས་མཁོ་ལྟར་རིགས་དུ་མ་དབྱེ་བའི་སྒོ་ནས་ཁོའི་སྒྲུང་རྩོམ་ཧྲིལ་བོའི་བསམ་བློའི་ནང་དོན་ཐད་ཀྱི་དབྱངས་རྟ་གཙོ་བོ་དག་གང་དང་གང་ཡིན་གྱི་སྐོར་གཙོ་བོར་བྲིས་ཡོད། ས་བཅད་གསུམ་པའི་ནང་དུ་སྒྲུང་རྩོམ་གྱི་རྩ་བའི་གྲུབ་ཆ་གསུམ་དང་སྒྲུང་གཏམ་རྩོམ་པ་ལ་འཇུག་པའི་རྒྱུ་གསུམ་གནད་དུ་བཟུང་བའི་སྒོ་ནས་ཁོའི་སྒྲུང་རྩོམ་ཧྲིལ་བོའི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་དག་ཕྱོགས་ཆེན་པོ་ལྔ་རུ་བསྡུས་ཏེ་བསྟན་ཡོད། ས་བཅད་བཞི་བའི་ནང་དུ་སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཧྲིལ་བོ་དེ་བོད་ཀྱི་སྒྲུང་གཏམ་གསར་བ་དང་བཅས་པའི་རྩོམ་རིག་ཞིབ་འཇུག་གི་སྤྱིའི་བྱུང་གནས་འཕེལ་གསུམ་དང་གཤིབ་བསྡུར་གྱི་སྒོ་ནས་ཁོའི་སྒྲུང་རྩོམ་གྱི་དགེ་མཚན་གཙོ་བོ་དག་དང་། སྐྱོན་ཆའམ་མི་འདང་ས་གང་ཡིན་གྱི་སྐོར་གཙོ་བོར་བྲིས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།