གཅན་རང་སད་ཀྱི་《བོད་བརྒྱུད་ནང་བསྟན་ཆོས་སྤྱོད་ཆེན་མོ》(བོད་རྒྱ་ཤན་སྦྱར)པར་བསྐྲུན་འགྲེམ་སྤེལ་བྱས་པ།
གཅན་རང་སད་ཀྱི《བོད་བརྒྱུད་ནང་བསྟན་ཆོས་སྤྱོད་ཆེན་མོ》འགྲེམ་སྤེལ་བྱས།
གངས་རིའི་མེ་ཏོག་གི་མཆོད་ཕྲེང་མངོན་པར་མཛེས་པའི་བོད་ཡུལ་བསིལ་མོ་ལྗོངས་འདིར། ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱི་སྐུ་དྲིན་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁྱབ་བརྡལ་དུ་དར་ཞིང་། མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་རིམ་པར་བྱོན་པ་རྣམས་ཀྱིས་ཆེས་ཆེར་རྒྱས་པར་མཛད་པ་དང་། ལྷག་པར་སྐྱེས་བུ་ཆེན་པོ་དག་གི་རྣམ་དཔྱོད་ཀྱི་རྩལ་དང་ཐུགས་བསྐྱེད་སྨོན་ལམ་སོགས་མི་འདྲ་བའི་དབང་གིས། ཆོས་བརྒྱུད་ཁག་མི་འདྲ་བ་སྐོར་ཞིག་བྱུང་བ་ལ་བརྟེན་ནས། འཛམ་གླིང་འདིར་བོད་བརྒྱུད་ནང་བསྟན་ཞེས་གྲགས་སྙན་དབྱར་རྔ་ལྡིར་བའི་རྗེས་སུ་འགྲོ་ཞིང་། རང་རེའི་བོད་ཡུལ་འདི་ཡང་དམ་པ་ཆོས་ཀྱི་ཕ་ས་ལྟ་བུར་ཀུན་གྱིས་གླེང་བཞིན་ཡོད་དོ།།
ཆོས་བརྒྱུད་ཁག་དེ་དག་གི་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་གསལ་བོར་མཚོན་པའི་བསྟན་བཅོས་ཀྱང་རི་བོའི་གཏོས་དང་མཉམ་ཞིང་ཆུ་བོའི་རྒྱུན་དང་མཚུངས་པར་བཞུགས་པ་ལགས་ལ། འདིར་སྐུ་ཞབས་བྱམས་པ་དགེ་ལེགས་སམ་གཅན་རང་སད་ལགས་ཀྱིས་མ་སྐུལ་དང་བླངས་སྒོས་དེ་དག་གི་སྙིང་བོར་གྱུར་པའི་ཆོས་སྤྱོད་ཀྱི་སྐོར་ཏེ《བོད་བརྒྱུད་ནང་བསྟན་ཆོས་སྤྱོད་ཆེན་མོའི་དཔེ་ཚོགས》(བོད་རྒྱ་ཤན་སྦྱར)ལས་དགེ་ལུགས་པའི་ཐུན་མོང་བའི་ཆོས་སྤྱོད་ཀྱི་སྐོར་ཁག་ཅིག་སྒྲིག་སྒྱུར་གྱི་བགྱི་བ་ལེགས་པར་གྲུབ་ཟིན་ཅིང་། འདིས་ནི་བོད་དང་རྒྱའི་དགོན་སྡེ་དང་དད་ལྡན་པ་མང་པོར་མཐུན་རྐྱེན་བླ་ན་མེད་པ་ཞིག་སྒྲུབ་ངེས་པར་མ་ཟད། ལྷག་དོན་ནང་བསྟན་ཡིག་སྒྱུར་གྱི་བྱ་བ་གཉེར་མཁན་དག་ལའང་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།
སྒྲིག་སྒྱུར་བྱེད་མཁན་གྱི་ངོས་ནས་བོད་རྒྱའི་ཆོས་དང་རིག་གཞུང་གཉིས་ཆར་ནས་སྦྱངས་པ་ཟབ་ཅིང་། ལོ་ངོ་དུ་མའི་རིང་ལ་ཁྱིམ་ཚང་གི་བྱ་བ་མང་པོ་ཞིག་བློས་བཏང་ནས། བླ་ན་མཐོ་བའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། མ་དཔེ་ཁུངས་ཐུབ་འཚོལ་བའི་ཆེད་དུ་རྒྱ་བོད་ཀྱི་དགོན་སྡེ་ཁག་མང་པོར་འགྲིམས་ནས། ད་སྔ་ཡིག་རིགས་གཉིས་སུ་བཞུགས་པ་དག་འཚོལ་བསྡུ་དང་དཔྱད་བསྡུར་བགྱིས་ཐོག ལྟོས་འཇོག་གིས་བཤད་ན་འགྱུར་ཅུང་ཚད་ལྡན་ཡིན་པ་དག་བོད་རྒྱ་ཤན་སྦྱར་དུ་བསྒྲིགས་ཤིང་། མེད་པ་སྐོར་ཞིག་རང་ཉིད་ཀྱིས་གསར་དུ་བསྒྱུར་བ་སོགས་ངལ་བ་གང་མང་བསྟེན་པའི་མཐའ་མར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་པར་མཐོང་། ད་ལམ་ངེད་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་གླེགས་བམ་འདི་ཉིད་པར་བསྐྲུན་བྱས་པ་ལགས་ཤིང་། དགེ་ཚོགས་ཀྱི་འབྲས་བུར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་བྱེད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com