མང་རའི་རྒྱལ་མཚན་གྱི《ཟུར་མང་བའི་བསམ་གཞིགས》ཞེས་པའི་དཔེ་དེབ་ངོ་སྤྲོད།
མང་རའི་རྒྱལ་མཚན་གྱི་བརྩམས་ཆོས《ཟུར་མང་བའི་བསམ་གཞིགས》།
མང་རའི་རྒྱལ་མཚན་གྱི《ཟུར་མང་བའི་བསམ་གཞིགས》ཞེས་པའི་དཔེ་དེབ་འདི་ནི2013ལོའི་ཟླ3པའི་ཚེས1ཉིན་ཀྲུང་གོ་རྩོམ་སྒྱུ་ལྷན་ཚོགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་ཞིང་། ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེས་ཆེར་ཐོབ་པ་ཡིན།
མཇུག་བྱང་།
དང་པོ། བསམ་གཞིགས་ཀྱི་ཤུལ་ལམ།
ངས་དེབ་ཆུང་འདི་འབྲི་འགོ་བརྩམས་ནས་ཞིབ་དག་རྫོགས་རག་བར་ཕལ་ཆེར་ལོ་ངོ་ཧྲིལ་བོ་གཉིས་ལྷག་ལས་འགོར་མེད་མོད། བརྗོད་གཞི་གནད་དོན་ཁག་ལ་སྔ་ཕྱིེར་མི་ལོ་བཅུ་ལྷག་རིང་མདང་བརྒྱབ་མྱོང་། དེ་ན་འདི་ནི་རང་གིས་འདས་ཟིན་པའི་བསམ་བློའི་བཤུལ་ལམ་ལ་སྤྱི་སྡོམ་ཐེངས་ཤིག་བྱས་པར་ངོས་བཟུང་ཆོག་སྙམ།
ཕྱིར་མདང་རེ་བརྒྱབ་ན། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་སྟོང་ལོ་གཉིས་པ་འགོ་ཚུགས་པའི་སྔ་རྗེས་ཏེ། བདག་གི་ལུས་སེམས་གཉིས་ཀ་ནར་སོན་པའི་ལོ་ཟླ་དེ་དག་ནང་། འུ་ཅག་གི་རིག་གནས་ཀྱི་མཁའ་དབྱིངས་ནི་ད་དུང་སྒེར་གཅོད་དང་གཞན་བསྟུན། ཅལ་འདྲོགས་དང་གུ་དོག་སོགས་རྙིང་རུལ་གྱི་རྨོངས་སྤྲིན་སྟུག་པོ་ཞིག་གིས་ཀུན་ནས་གཡོགས་ཡོད་ལ། སྐྱེ་བོ་ཕལ་མོ་ཆེར་མིག་མཐོང་ལག་ཟིན་གྱི་སྤྱི་ཚོགས་གནད་དོན་གལ་ཆེན་གང་ལ་ཡང་བསམ་ཚུལ་དྲང་མོར་བརྗོིད་པའི་སྙིང་སྟོབས་ཀྱིས་དབེན་ཞིང་། གང་ཟག་གཞན་གྱི་བསམ་གཞིགས་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་ཤིག་ཀྱང་ཆགས་མི་འདུག
ཁྱད་པར་དུ་སློབ་མ་རྣམས་གདུལ་བྱ་དང་སྣོད་ལྟ་བུར་ངོས་བཟུང་ནས་ཤེས་བྱ་རྐྱང་བ་ཀླད་པའི་ནང་ལྡུག་རྐྱང་བྱེད་པ་ལས། ཚུགས་ཐུབ་ཀྱི་མི་གཤིས་དང་འཆར་ཡན་གྱི་བློ་གྲོས་གསོ་སྐྱོང་བྱེད་པར་མི་སྤྲོ་བའི་སློབ་གསོའི་མ་ལག་རྙིང་པ་དེའི་ནང་། གཤིས་རྒྱུད་དྲང་ཞིང་བློ་རིག་རྒོད་པའི་མི་རབས་གསར་བའི་སློབ་བུ་ཅི་འདྲའི་མང་པོ་ཞིག་སོམ་ཉི་དང་ཐེ་ཚོམ་གྱི་འདམ་རྫབ་ཏུ་ལྷུང་མྱོང་ཨང་།
གང་ལྟར་བློ་གྲོས་གཞན་དབང་དུ་མ་ཚུད་པར་རང་འདོད་ལྟར་བེད་སྤྱོད་གཏོང་བ་ནི་འགྲོ་བ་མི་ཚང་མའི་རྒྱུད་ལ་མ་བཅོས་གཉུག་མར་གྲུབ་པའི་དགོས་མཁོ་ཞིག་དང་། སྐྱེ་བོ་རེ་རེར་ལྷན་སྐྱེས་སུ་ཡོད་དགོས་པའི་གཞི་རྩའི་ཐོབ་ཐང་རིགས་ཤིག་ཡིན་ཕྱིར། ཁོ་བོར་མཚོན་ན་ཡང་མི་ལོ་བཅུ་ཕྲག་ལྷག་གི་སློབ་གཉེར་གོ་རིམ་ནང་གཏན་ཁེལ་གྱི་སློབ་གྲྭའི་བསླབ་གཞི་སྦྱངས་པའི་ཞོར་དུ། སློབ་གསོ་དང་རིག་གནས། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཤེས་བྱ་སྣ་ཚོགས་ཅི་ནུས་ཀྱིས་རང་སྦྱོང་དང་། གཞན་རྗེས་ཆུ་སྣ་གར་ཁྲིད་འབའ་ཞིག་བྱེད་མི་འདོད་པའི་ཨུ་ཚུགས་ཤིག་རྒྱུན་འཁྱོངས་བྱས་པ་ཡིན།
སྤྱི་ལོ་ཉིས་སྟོང་གཅིག་ལོ་ཡས་མས་སུ་ངས་སྐབས་དེའི་རང་གི་བསམ་ཚུལ་དང་མྱོང་ཚོར་ཅི་རིགས་ཕྱོགས་བསྡུས་སྒོས་ཁ་བྱང་ལ《བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བསམ་གཞིགས》ཞེས་པའི་མུ་འབྲེལ་སྤྱི་ཚོགས་དཔྱད་བརྗོད་ཅུང་རིང་བོ་ཞིག་བྲིས་མྱོང་། ཕལ་ཆེར་དེ་ནི་བདག་གིས་མི་ཚེ་འདིར་གཟབ་ནན་གྱིས་བྲིས་པའི་བརྩམས་ཆོས་ཐོག་མར་ངོས་བཟུང་ཆོག་ལ། སློབ་ཆེན་ལོ་ངོ་བཞི་ཡི་གུང་གསེང་གི་དུས་ཚོད་མང་པོ་ཞིག་ཀྱང་དེ་ལ་བསྟིམས་ཡོད། ཡིན་ནའང་ཕྱིེས་སུ་ལྷད་མེད་པའི་སེམས་གཏམ་དེ་དག་ཀློག་པ་པོའི་སྤྱན་སྔར་འབུལ་དགོས་སྙམ་ནས་རྩོམ་སྒྲིག་ཁང་ཁ་ཤས་ལ་བསྐུར་བ་ན། ཕལ་བོ་ཆེས་མིག་མདུན་གྱི་སྤྱི་ཚོགས་སྣང་ཚུལ་ལ་ཐད་ཀར་དགག་པའི་འབོལ་རྩོམ་དེ་རིགས་ལ་དགའ་བསུ་མི་བྱེད་པར་མ་ཟད། སྤྱི་བའི་སྒྲིག་ཁྲིམས་གང་རུང་ལ་འགལ་འདུག་ཟེར་བའམ་ཡང་ན་མི་སྒེར་གང་རུང་གི་ཁེ་གྲགས་ལ་གནོད་འགྲོ་ཟེར་ནས་འཛེམ་དོགས་བྱེད་པའི་ཚོད་རེད། ད་དུང་དེ་ལས་ཀྱང་དགོད་བྲོ་བ་ནི་ཚགས་པར་ཁང་ཞིག་གི་རྩོམ་སྒྲིག་པ་ག་གེ་མོས་ང་ལ་ཟུར་ཟ་འདྲེས་མའི་ངང“ན་ནིང་གཞེས་ནངས་བོད་ལ་སྙན་ངག་པ་མང་། ཁ་སང་དེ་རིང་བོད་ལ་བསམ་བློ་པ་མང་ག”ཟེར། མ་གཞི་ངས་རྩོམ་སྒྲིག་པ་དེར“བོད་ལ་བསམ་བློ་བ་མང་ན་ཁྱོད་དགའ་དགོས་མིན་ནམ”ཞེས་ལྡོག་འདྲི་བྱས་ཆོག་མོད། རྒན་པར་ཚིག་ལན་བསློགས་ན་བོད་ཀྱི་གུས་སྲོལ་ལ་མི་རུང་བས་སྨྲ་བ་བཅད་དེ་བསྡད་པ་ཡིན།
དེ་ཡང་གནའ་མི་བོད་ཀྱི་ཁ་དཔེ་ལ“མི་སུམ་ཅུ་བསམ་པ་སུམ་ཅུ”ཟེར་བ་ལྟར། རང་ཅག་མི་ཞིག་སུ་ཡིན་རུང་མ་གཞི་རང་རང་སོ་སོར་བསམ་ཚུལ་དང་གཤིས་ཀ་མི་གཅིག་པ་རེ་ཡོད་ཤ་སྟག་ཡིན་མོད། ཕྱིས་སུ་སྤྱི་ཚོགས་ཟེར་བའི་སྲ་མཁྲེགས་ཀྱི་རྡོ་མཁར་འདི་ལ་ཡང་ཡང་བརྡར་ཞིང་གཙུབས་པ་ན། སྐྱེ་བོ་ཕལ་མོ་ཆེའི་འབུར་དུ་མངོན་པའི་གཉུག་གཤིས་ཀྱི་ཟུར་ཁ་རྣོན་པོ་དག་རིམ་གྱིས་ཟད་ཅིང་རྟུལ་བོར་གྱུར་ཏེ། ཐུན་མོང་དང་ཚོགས་སྤྱི་གང་རུང་གི་འདོད་བློར་འཚམ་པའི་ཚད་ལྡན་ཐོན་རྫས་ལྟ་བུར་འགྱུར་གྱིན་གདའ། དཔེ་དེ་བཞིན་དུ་ཐེངས་དུ་མར་ངས་ཀྱང་རང་གི་སྙིང་གཏམ་ཡིག་ངོར་ཕབ་པ་ལས་ཕམ་ཁ་བསྟུད་མར་རག་པའི་ཉམས་མྱོང་གཞིར་བཟུང་སྟེ། རིམ་གྱིས་སྨྱུག་ཁ་ཡང་དཔྱད་བརྗོད་ནས་སྒྲུང་གཏམ་གྱི་ཕྱོགས་སུ་བསྒྱུར་བ་ཡིན་ལ། སྐབས་དེར་སེམས་སུ་སྤྱི་ཚོགས་དཔྱད་བརྗོད་དང་བསྡུར་ན། སྒྲུང་གཏམ་ནི་མཚོན་སྟངས་ཀྱི་ཆ་ནས་རྣོ་དབལ་དང་ཟུར་ཁ་དེ་ཙམ་མེད་པར་དབྱིབས་ཟླུམ་ཞིང་རེག་བྱ་འཇམ་པོ་ཅན་ལྟ་བུ་ཞིག་དང་། བརྗོད་འདོད་ཀྱི་བློ་ཐད་ཀར་དུ་མི་སྟོན་པར་ཀྱག་ཀྱོག་མག་མོག་དང་བསྟན་དོན་ཤུགས་ལ་སྦས་པ། དཔྱོད་པའི་རིག་ལམ་ལས་སྣང་བའི་ཚོར་འདུ་གཙོ་བ་ཞིག་ཡིན་ངེས་རེད་སྙམ།
ཡིན་ནའང་རྒྱ་ནག་གི་ཁ་དཔེ་ལ“མངའ་ཐང་ཤོར་སླ་ཡང་། རང་གཤིས་བསྒྱུར་དཀའ”ཞེས་པ་ལྟར། ལོ་འདི་དག་ནང་བདག་གིས་ཟུར་ཁ་དེ་ཙམ་མེད་པའི་སྒྲུང་གཏམ་འགའ་རེ་འབྲི་ཁུལ་བྱས་ཡོད་མོད། བྲིས་ཟིན་པ་ཐམས་ཅད་ལ་ཕྱིར་ལྟ་རེ་བྱས་ན། ཤེས་མེད་ཚོར་མེད་ཀྱི་ངང་ནས་སྤྱི་ཚོགས་དཔྱད་བརྗོད་ཀྱི་བྲོ་བ་མང་ཙམ་ཞིག་བསྲེས་འདུག་ལ། རང་གི་ཐོག་མཐའ་བར་གསུམ་གྱི་དཔེ་ཀློག་གོམས་གཤིས་ལ་བསམས་ན་ཡང་རྩོམ་རིག་ཁོ་ན་ལས་བརྒལ་ཏེ་རིག་ཚན་སྣ་མང་དང་འབྲེལ་ཡོད་པ་མ་ཟད། ཆབ་སྲིད་དང་དཔལ་འབྱོར་སྐོར་ལ་བསམ་བློ་གཏོང་བ་དེ་རྩོམ་རིག་བརྩམས་ཆོས་ལ་རོལ་མྱོང་བྱེད་པ་ལས་མངོན་གསལ་གྱིས་མང་བ་རེད།
དེས་ན་ད་ནི་རང་སེམས་རང་ངོ་ཤེས་པའི་སྡོམ་ཚིག་འདི་གཞིར་བཟུང་སྟེ་ཡང་བསྐྱར་ལོ་བཅུ་ལྷག་གི་ཡར་སྔོན་ནས་ཡི་གེར་ཕབ་ཟིན་ཡང་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་མ་མྱོང་བའི་སྤྱི་ཚོགས་དཔྱད་བརྗོད་ཀྱི་མ་རྩོམ་དེ་ཐོག་མའི་ས་བོན་ལྟ་བུར་བཟུང་ཞིང་། ཕྱིས་ཀྱི་སློབ་གཉེར་དང་ལས་ཀའི་གོ་རིམ་ནང་གསར་དུ་ཐོབ་པའི་བསམ་ཚུལ་དང་ཉམས་མྱོང་སྣ་ཚོགས་ཁ་སྣོན་དང་ཟུར་རྒྱན་དུ་བཀོད་དེ་དེབ་ཆུང་འདི་བྲིས་པ་ལགས། དེའི་ཕྱིར་འདི་ནི་ཁ་སང་དེ་རིང་བོད་ཀྱི་རྩོམ་སྟེགས་སྟེང་འབོལ་རྩོམ་རྒྱུགས་ཆེ་བ་འདུག་ཅེས་ཨ་གསར་ལད་ཟློས་བྱེད་པ་མ་ཡིན་པར། ཁ་ཞེ་གཉིས་མེད་ཀྱི་སྨྱུ་གུ་འཛིན་མཁན་ཞིག་བྱེད་ན། ནམ་ཡང་ཕྱིའི་ཁོར་ཡུག་གི་གནོན་ཤུགས་ལ་འཛེམས་ཏེ་རང་གི་འདོད་བློ་ངོ་མར་རྒྱབ་འགལ་བྱེད་མི་རུང་བའི་གོ་རྟོགས་ཤིག་རྙེད་པས་ཡིན།
གཉིས་པ། རྩོམ་འབྲི་བའི་དགོས་པ།
འོ་ན་སྔོན་ཆད་དཔྱད་བརྗོད་འབྲི་རྒྱུར་ཨ་ཐང་ཆད་ཟིན་པ་ཞིག་གིས་ཡང་བསྐྱར་མིག་མདུན་གྱི་འཚོ་བར་གདོང་གཏད་དེ་སེམས་གཏམ་དམར་རྗེན་འཆད་རྒྱུའི་སྤོབས་པ་འདི་གང་ལས་བྱུང་ཞེ་ན། དེ་ནི《ཟུར་མང་བའི་བསམ་གཞིགས》ཞེས་པའི་རྩོམ་ཡིག་དང་པོ་ལས་གླེང་ཟིན་པ་ལྟར། ཉེ་བའི་ལོ་ཤས་ནང་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་རྙིང་ཞེན་མཁྲེགས་འཛིན་དང་གུ་དོག་སྒེར་གཅོད་ལ་རྒོལ་བའི་བློ་འབྱེད་ལས་འགུལ་ཞིག་བྱུང་བ་དེ་དང་ཁ་འབྲལ་ཐབས་མེད་པ། སྣ་མང་བསམ་བློའི་རླབས་རྒྱུན་མཁའ་རུ་འཕྱུར་བའི་རྣམ་དཔྱོད་ཀྱི་ཟེགས་མ་རེ་རེས་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཤེས་རིག་གི་ཞིང་ས་གཤིན་པོར་དཔྱོད་ཤེས་དང་དཀྱེལ་ཡངས་ཀྱི་མྱུ་གུ་གསར་བ་གསོས་ཤིང་། ཡོངས་ཁྱབ་རིན་ཐང་གི་འབྲས་བུའི་ཁུར་གྱིས་ལྕི་བའི་དཔལ་ཡོན་གྱི་སྟོན་ཀ་ཞིག་བསུ་བར་དགེ་ལེགས་ཕུན་ཚོགས་ཀྱི་རྟེན་འབྲེལ་རྨང་ནས་འཛོམས་པར་བྱས་ཡོད།
ཉེན་ཚབས་ཆེ་བའི་ལོ་རྒྱུས་ཀྱི་འགག་འཕྲང་འདི་འདྲར་འུ་ཅག་མི་རིགས་ནང་ཁུལ་དུ་རྣམ་དཔྱོད་གཙུབ་བརྡར་གྱི་ཁོར་ཡུག་གུ་ཡངས་ཤིག་ཆགས་ཀྱིན་པ་འདི་ནི། ང་ཁོ་ན་ཡིན་པར་བསམ་གཞིགས་ལ་དགའ་བའི་བོད་ཀྱི་ཕྱི་རབས་པ་ཐམས་ཅད་ཀྱི་བདེ་སྐྱིད་ཆེ་ཤོས་ཤིག་ལ་མ་འཛེམ་པར་དེབ་འདིར་འགོ་བརྩམས་པའི་དཔྱོད་ལྡན་སྒོ་ཤེས་རབ་རྒྱ་མཚོ་མཆོག་ལ་ཐུགས་རྗེ་ཆེ་ཞུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་དང་། ཕ་ཡུལ་མང་རའི་ཀླུ་ཚང་དགོན་ཆེན་གྱི་རིག་པ་སྨྲ་བ་ཤེས་རབ་བསྟན་དར་ལགས་རྣམ་གཉིས་ཀྱིས《གཞན་མིག་གཡར་ཏེ་རང་ལ་ལྟ་མཁན་དེས།། སྦྲ་ནག་ཀླད་ལ་ལྒང་ཞུ་དམར་བོ་བཀར།།》ཞེས་པའི་རྩོམ་དེར་དགོངས་འཆར་ཞིབ་ཕྲ་བསྩལ་མྱོང་བར་བཀའ་དྲིན་ཆེ་ཞུ། གྲོགས་བླུན་པོ་སྨྱུག་ཐོགས་ལགས་ཀྱིས་དཔེ་དེབ་ཀྱི་ཕྱི་ཤོག་ཇུས་འགོད་དང་། ཕུ་བོ་སྟོབས་ལྡན་དང་གཅེན་མོ་མ་ཁོལ། དགེ་རྒན་ཀུན་ཐར་རྒྱལ་བཅས་ཀྱིས་མ་ཡིག་ལ་བསྐྱར་ཞིབ་བྱས་པ། གྲོགས་མགོན་པོ་སྐྱབས་དང་གཅན་ཚའི་རྒྱལ་མཚན་གཉིས་ཀྱིས་དཔར་སྐྲུན་རམ་འདེགས་གང་ནུས་བྱས་པ་སོགས་ཐེངས་འདིར་དངོས་བརྒྱུད་ཅི་རིགས་ནས་རོགས་རམ་དང་སྐུལ་མ་གནང་བའི་དགའ་ཉེ་སྤུན་གྲོགས་ཀུན་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
གཞན་ཡང་འདིར་སྐྱིད་སྡུག་རེས་མོས་ཀྱི་ལོ་ཟླ་མང་པོར་ཁུ་སིམ་མེར་བདག་དང་དཔུང་མཉམ་གཤིབ་ཀྱིས་རང་ནུས་ཅི་ཡོད་སྒོས་རྒྱབ་སྐྱོར་བྱེད་མཁན་ཆུང་མ་པདྨ་སྐྱིད་ལགས་ལ་ཡང་དཀའ་ལས་མྱངས་སོང་ཞེས་བརྗོད་འདོད་ལ། འདི་ལས་བྱུང་བའི་དགེ་བ་ལེགས་ཚོགས་ཀྱི་ཕན་འབྲས་ཐ་དག་ཀྱང་ངེད་གཉིས་ཐུན་མོང་གི་བུ་མོ་ཤེས་རབ་མེ་ཏོག་དང་། ཁོ་མོ་དང་འདྲ་བའི་གངས་ཅན་བོད་པ་ཚང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་པའི་བུ་རབས་ཚ་རྒྱུད་རྣམས་ཀྱི་མ་འོངས་པའི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་བསྔོ་བར་བྱ། དགེའོ།།
སྤྱི་ལོ2012ལོའི་ཟླ12པའི་ཚེས1ཉིན་མང་རའི་རྒྱལ་མཚན་གྱིས་སྤོས་ལྡན་གྲོང་དུ་སྦྱར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com