ཀླུ་ཚང་བསོད་ནམས་འབུམ་གྱི་རབ་བཏགས་རི་མོའི་དེབ《ཀླུ་འབུམ་མི་རྒོད》པར་དུ་བསྐྲུན་པ།
ཀླུ་ཚང་བསོད་ནམས་འབུམ་གྱི་རབ་བཏགས་རི་མོའི་དེབ《ཀླུ་འབུམ་མི་རྒོད》།
《ཀླུ་འབུམ་མི་རྒོད》ནི་ནག་པོ་སྐལ་བཟང་གི་བརྩམས་ཆོས་ཤིག་ཡིན་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཐོག་དང་པོར་སྤེལ་བའི་དྲག་རྩལ་ཐད་ཀྱི་བརྩམས་སྒྲུང་རིང་མོ་ཞིག་ཀྱང་ཡིན། དེ་ནི་བློ་རིག་དང་སྙིང་རྗེ། དཔའ་མཛངས་དང་རྟུལ་ཕོད་བཅས་ལྡན་པའི་མི་སྣ་གཙོ་བོ་སྟེ། ཀླུ་འབུམ་མི་རྒོད་ཀྱིས་མདོ་དབུས་མཐོ་སྒང་ན་སྡིག་ལས་ལ་གོམས་པ་དག་ཚར་བཅད་ཅིང་། རྒྱ་གར་སོགས་སུ་སོང་ནས་དྲང་བདེན་བསྐྱངས་པ་རེད།
བརྩམས་ཆོས་འདིར་དྲང་བདེན་དང་གཡོ་སྒྱུའི་བར་གྱི་ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་ཡོད་ལ། འཚོ་བ་ལས་བྱུང་བའི་འཇིག་རྟེན་མི་ཡུལ་གྱི་བླ་ན་མ་མཆིས་པའི་བརྩེ་དུངས་ཀྱང་ཡོད། གྲོགས་པོ་དང་གྲོགས་པོའི་བར་གྱི་ལྷད་མེད་རྣམ་དག་གི་བརྩེ་འདང་ཡོད་ལ། མཛེས་སྡུག་རྣམ་པར་བཀྲ་བའི་མཐོ་སྒང་གི་ཡུལ་ལྗོངས་ཀྱང་ཡོད། མི་རྣམས་ཧ་ལས་སུ་འཇུག་པའི་བོད་ཀྱི་དྲག་རྩལ་ཡོད་ལ། ནང་དོན་ཕུན་སུམ་ཚོགས་ཤིང་ཚིག་སྦྱོར་ཡིད་དུ་འོང་བ་ཞིག་ཡིན་པས་ན། ཀློག་མཁན་གྱིས་བཀླགས་མཚམས་འཇོག་དཀའ་བ་དང་། ཉན་མཁན་གྱིས་མཉན་མཚམས་བཞག་ན་མི་འདོད་པ་ཞིག་བྱས་ཡོད་པས། ཀློག་མཁན་དང་ཉན་མཁན་མི་ཉུང་བ་ཞིག་གི་ཡིད་དབང་ཅིག་ཅར་དུ་བཀུག་འདུག
ད་ལན། ཀླུ་ཚང་བསོད་ནམས་འབུམ་གྱིས་བྲིས་པའི《ཀླུ་འབུམ་མི་རྒོད》ཀྱི་རབ་བཏགས་མུ་འབྲེལ་རི་མོ་ནི《ཀླུ་འབུམ་མི་རྒོད》ཀྱི་མ་རྩོམ་གཞིར་བཟུང་སྟེ་རབ་བཏགས་མུ་འབྲེལ་རི་མོའི་ལམ་ནས་བྲིས་པ་ཞིག་ཡིན་ལ། རབ་བཏགས་རི་མོའི་སྒྱུ་རྩལ་ལ་བརྟེན་ནས《ཀླུ་འབུམ་མི་རྒོད》ཀྱི་ཕུགས་ན་མཆིས་པའི་དགའ་སྐྱོ་ཆགས་སྡང་དང་མི་སྣའི་ཕྱིའི་ཆ་བྱད་དང་ནང་སེམས་ཀྱི་འཇིག་རྟེན་དེ་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བཤམས་འདུག
བོད་ལ་མཚོན་ན། བོད་མི་ཞིག་གིས་རབ་བཏགས་རི་མོས་བྲིས་པའི་བརྩམས་ཆོས་ཤིག་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བཤམས་པ་ནི་ད་ཐེངས་ཐོག་དང་པོ་ཡིན་སྲིད་པས། རབ་བཏགས་རི་མོས་བྲིས་པའི《ཀླུ་འབུམ་མི་རྒོད》ཀྱིས་ཀློག་པ་པོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་ཚོར་སྣང་གསར་བ་ཞིག་སྟེར་ངེས་ཡིན་ནོ།།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
ཀླུ་ཚང་བསོད་ནམས་འབུམ་ནི། 1976ལོར་མང་རྫོང་ཀླུ་ཚང་དགོན་གྱི་ཉེ་འདབས་སྐེ་བ་སྡེ་བར་སྐྱེས་ཤིང་། ད་ལྟ། མང་རྫོང་མི་རིགས་སློབ་འབྲིང་དུ་མཛེས་རྩལ་སློབ་ཁྲིད་ཀྱི་བྱ་བ་གཉེར་བཞིན་ཡོད། ཁོས་རི་མོའི་བརྩམས་ཆོས་མི་ཉུང་བ་ཞིག་ལ་ཞིང་ཆེན་ཕྱི་ནང་གི་རི་མོ་འགྲན་བསྡུར་ཁྲོད་བྱ་དགའ་ཐེངས་མང་ཐོབ་མྱོང་། ལྷག་པར་དུ《གངས་རྒྱན་ན་ཆུང་ཚགས་པར》གྱི་བློ་ལྡན་བཀྲ་ཤིས་ལེ་ཚན་དང་དམངས་ཁྲོད་ཀྱི་ངག་རྒྱུན་སྐོར་ཞིག་མུ་འབྲེལ་རི་མོར་ཕབ་པའི་རྒྱུན་བསྐྱངས་དང་སྐྱོང་མུས་སུ་ཡོད། བརྩམས་ཆོས་སུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཁ་མཚར་མཐོང་བ་འཛུམ་ཤོར》སོགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com