བོད་འགྱུར་དཔེ་ཆ་གསར་བ《གཡུ་གཅལ་ལྷ་ལམ》 པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:གྲ་གཉེན་ཚེ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-29 15:42:00 ཀློག་གྲངས།:


བོད་འགྱུར་དཔེ་ཆ་གསར་བ《གཡུ་གཅལ་ལྷ་ལམ》 པར་བསྐྲུན་འགྲེམ་སྤེལ་བྱས།

        ཉེ་ལམ། གྲ་གཉེན་ཚེ་རྒྱལ་གྱིས་སློབ་གསེང་གི་ཁོམ་པ་སྤྱད་དེ་ཨ་རིའི་བྱིས་སྒྲུང་གྲགས་ཅན《གཡུ་གཅལ་ལྷ་ལམ(绿野仙踪)》ཞེས་པ་བོད་ཡིག་ཏུ་བསྒྱུར་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི“འཛམ་གླིང་གསུང་རྩོམ་གྲགས་ཆེན་བོད་འགྱུར་དཔེ་ཚོགས”ཀྱི་ཁོངས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
གྲ་གཉེན་ཚེ་རྒྱལ་གྱིས《གཡུ་གཅལ་ལྷ་ལམ》དང་འབྲེལ་བའི་གཏམ་ཐུང་ངུ།

དང་པོ། རྩོམ་པ་པོ་དང་བརྩམས་ཆོས་ངོ་སྤྲོད།

        ཧྥུ་ལན་ཁོ•པའོ་མའུ(LaymanFrankBaum1856—1919)ཨ་རིའི་བྱིས་སྒྲུང་གི་ཡབ་ཆེན་དུ་འབོད་ཅིང་ཉུའུ་ཡོའོ་གྲོང་ཁྱེར་གྱི་ཕྱུག་བདག་ཅིག་གི་ཁྱིམ་དུ་འཁྲུངས། ཁོང་ལ་ལྷན་སྐྱེས་ཀྱི་སྙིང་ནད་ཡོད་སྟབས་འགུལ་བསྐྱོད་བྱ་བར་མི་འཚམ་ཞིང་བྱིས་དུས་ཀྱི་ལོ་ཟླ་ཕལ་ཆེར་དཔེ་ཀློག་ཁྲོད་དུ་འདས། དཔེ་ཀློག་གི་བརྒྱུད་རིམ་ནང་ཁོང་གི་ཐོས་རྒྱ་ཇེ་ཡངས་སུ་སོང་ཞིང་འཆར་ཡན་དང་རྟོག་འཆར་གྱི་བསམ་གཞིགས་སྣ་ཚོགས་ཐོལ་གྱིས་འཁྲུངས། ཧྥུ་ལན་ཁོ•པའོ་མའུ་ཆུང་ངུའི་དུས་ནས་སྒྲུང་གཏམ་ཉན་པར་དགའ་ཞིང་ནར་སོན་རྗེས་ཚགས་པར་གྱི་རྩོམ་སྒྲིག་པ་དང་། གསར་འགོད་པ། འཁྲབ་སྟོན་པ། ཀུང་སིའི་ལས་མི། ཞིང་ཐང་གི་བདག་གཉེར་བ་སོགས་གནང་མྱོང་། ཁོང་གི་ཀྱག་ཀྱོག་གི་འཚོ་བའི་ལམ་བུ་དང་ཕུན་སུམ་ཚོགས་པའི་མི་ཚེའི་མྱོང་རྒྱུད་ཀྱིས་ཕྱིས་འབྱུང་ཁོང་གི་གསར་རྩོམ་ཐད་འཚོ་བའི་རྨང་གཞི་ལེགས་པོ་བཏིངས།
         1899ལོར་ཁོང་གི་བྱིས་སྒྲུང་ཕྱོགས་བསྒྲིགས《ངང་པ་ཨ་ཕའི་གཏམ་རྒྱུད》ཅེས་པ་པར་དུ་བསྐྲུན། བྱིས་སྒྲུང་ཕྱོགས་བསྒྲིགས་འདི་ནི་ཨ་རིའི་རྩོམ་རིག་གར་སྟེགས་ཐོག་གི་བྱིས་སྒྲུང་ཕྱོགས་བསྒྲིགས་ཐོག་མ་དེ་ཡིན་ཞིང་ན་ཆུང་ཀློག་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། ཕྱི་ལོར་ཁོང་གིས《གཡུ་གཅལ་ལྷ་ལམ》པར་དུ་བསྐྲུན། བྱིས་སྒྲུང་འདིས་ཨ་རིའི་རྩོམ་རིག་གར་སྟེགས་ཐོག་ཏུ་གྲགས་འགུལ་མི་ཆུང་བ་བཟོས་ཤིང་ན་ཆུང་ཀློག་མཁན་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ།
        1939ལོར་བྱིས་སྒྲུང་འདི་ཨ་རིའི་མེའེ་ཀའོ་མེ་ཀུང་སིས་གློག་བརྙན་དུ་བཅོས་ཏེ་འཁྲབ་སྟོན་བྱས། ཁོང་གིས་སྐུ་ཚེ་ཧྲིལ་པོར་བྱིས་སྒྲུང60ལྷག་བརྩམས་ཤིང་། དེ་དག་ལས《གཡུ་གཅལ་ལྷ་ལམ》ནི་སྒྱུ་རྩལ་གྱི་མཚོན་སྟངས་རྣམ་པ་མཛེས་ཤིང་ན་ཆུང་རྣམས་ཀྱི་ཁྲོད་དུ་བག་ཆགས་ཟབ་མོ་བཞག་མྱོང་བའི་བྱིས་སྒྲུང་ཞིག་ཡིན།
        བྱིས་སྒྲུང་དེའི་ནང་དུ་རླུང་འཁོར་འཚུབ་མས་སྙིང་དུ་སྡུག་པའི་བུ་མོ་ཆུང་ཆུང་ཏོ་ལོ་ཞི་ངོ་མཚར་ཅན་གྱི་ཨའོ་སེ་གྲོང་དུ་འཁུར་ཞིང་གནས་དེ་ནས་སྐོམ་པ་ཆུ་འདོད་ལྟར་ཀླད་པ་ཞིག་འཐོབ་པར་རེ་བའི་ཐོ་ཡོར་དང་། བྱམས་བརྩེས་ཁྱབ་པའི་སྙིང་ཞིག་འཐོབ་པར་འདོད་པའི་ལྕགས་ཤོག་གི་མི། བློ་ཁོག་ཆུང་བའི་སེང་གེ་སོགས་དང་འཕྲད་ཅིང་ཁོ་ཚོ་དང་ལྷན་དུ་ཨའོ་སེ་གྲོང་ནས་རྫུ་འཕྲུལ་མཁན་བཙལ་ཏེ་རང་གི་འདོད་དོན་འགྲུབ་པའི་དངོས་གྲུབ་ཞུ་བར་བསྐྱོད། འགྲུལ་བཞུད་དེ་ནི་དཀའ་ཚེགས་ཆེ་ཞིང་འཇིགས་པས་ཁྱབ་པ་ཞིག་ཡིན་མོད་ལམ་གྲོགས་དག་གིས་གཅིག་ཕན་གཅིག་རོགས་དང་དཀའ་ཁག་ལས་བརྒལ་ཕོད་པའི་སྙིང་སྟོབས་ཀྱིས་དཀའ་ཉོག་རེ་རེ་གདོང་གིས་བསུས་ཤིང་རང་གི་འདོད་དོན་ལྷུན་གྱིས་གྲུབ་པས་མི་ཚད་བློ་ཐུབ་ཀྱི་གྲོགས་པོར་གྱུར།

གཉིས་པ། བྱིས་སྒྲུང་འདི་བདམས་ཏེ་བསྒྱུར་དགོས་པའི་དམིགས་ཡུལ།

        ཁོ་བོས་བྲེལ་ཚུབ་ཁྲོད་ཀྱི་ཁོམ་ལོང་འབའ་ཞིག་སྤྱད་དེ་བྱིས་སྒྱུང་འདི་བོད་འགྱུར་བྱ་བ་ལ་དགོས་པ་འགའ་ཞིག་མཆིས་ཏེ་བྱིས་སྒྲུང་འདིའི་རྩོམ་པ་པོས“ངས་བྱིས་སྒྲུང་འབྲི་བ་ནི་ན་ཆུང་བྱིས་པ་རྣམས་ཀྱི་ཆེད་དུ་ཡིན་ཏེ་ཁོ་ཚོ་ན་ཚོད་ཇི་ལྟར་མཐོ་ཡང”ཞེས་གསུངས་པ་བཞིན་ངོ་མཚར་ལྡན་པའི་བྱིས་སྒྲུང་གི་ཞིང་ཁམས་དེས་དྭངས་གཙང་ལྷད་མེད་པའི་བྱིས་བློའི་འཇིག་རྟེན་ཞིག་མཐོང་དུ་བཅུག་སྟེ་རང་གི་རྒྱུད་ལ་གནས་པའི་གཡོ་ཟོལ་དང་ཞེ་སྡང་། ཕྲག་དོག་སོགས་ཀྱི་མི་ལེགས་པའི་ཆ་མང་པོ་ཞིག་ལྡོག་འཆར་དུ་བསྟན་པས་བྱིས་སྒྲུང་འདིའི་མཛེས་པས་བདག་གི་ཡིད་དབང་ཕྲོགས་པ་དང་། གཉིས་ནས་རང་ཉིད་སློབ་ཆེན་པ་ཞེས་པའི་ཆེན་པོའི་མིང་གིས་བརྒྱན་པ་ཞིག་ཡིན་པའི་དབང་གིས་འགན་འཁྲིའི་འདུ་ཤེས་ཞིག་གིས་སྐུལ་ཏེ་རང་རིགས་ཀྱི་བྱིས་པའི་རྩོམ་རིག་ལ་ཕྱིར་མིག་ཙམ་བལྟ་ཁུལ་གྱིས་པའི་ཚེ་ན། བོད་ཀྱི་བྱིས་པའི་རྩོམ་རིག་དེ་གཞན་མི་རིགས་ཀྱི་རྗེས་སུ་ལུས་ཤིང་ལྷག་དོན་དུ་བལྟ་ཀློག་བྱ་བའི་ཕུལ་བྱུང་བརྩམས་ཆོས་དཀོན་པ་སོགས་ལ་དམིགས་ནས་དཀའ་མོའི་ལས་ཀྱི་ཁུར་པོ་དེ་ཀུན་སློང་དྭངས་པའི་ཕྲག་ཏུ་ལེན་ཁུལ་ཙམ་བགྱིས་པའོ།།

གསུམ་པ། 《གཡུ་གཅལ་ལྷ་ལམ》བསྒྱུར་མགོ་བརྩམས་པ་ནས་དཔེ་སྐྲུན་བྱེད་པའི་བར།

        བྱིས་སྒྲུང་འདི2011ལོའི་དབྱར་གནང་གི་དུས་སུ་བསྒྱུར་མགོ་བརྩམས་ཤིང་། ལེའུ་རིང་བ་རྣམས་ཉིན་རེར་ལེའུ་རེ་དང་ཐུང་བ་རྣམས་ཉིན་རེར་ལེའུ་གཉིས་ཀྱི་འཆར་གཞི་ལྟར་ཉིན20ནང་ལེགས་གྲུབ་བྱུང་། འོན་ཀྱང་གློག་ཀླད་སོགས་ཀྱི་ཆ་རྐྱེན་མེད་པའི་དབང་གིས་པར་གཞི་སྒྲིག་པར་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་སོང་། 2012ལོའི་ལོ་སྟོད་དུ་འགྱུར་རྩོམ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི“འཛམ་གླིང་གསུང་རྩོམ་གྲགས་ཅན་བོད་འགྱུར་དཔེ་ཚོགས”ཀྱི་གྲས་སུ་བཅུག་སྟེ་དཔེ་སྐྲུན་བྱ་རྒྱུའི་མཆོག་མཆན་ཐོབ། འོན་ཀྱང་། འགྱེལ་བའི་སྟེང་ལ་རྡོག་རྫིས་ཟེར་བའི་དཔེ་ལྟར་སླར་ཡང་རྩོམ་སྒྲིག་འགན་འཁུར་བ་གནང་ཞུ་བྱས་ཏེ་ཟླ4ཙམ་དཔེ་སྐུན་བྱ་རྒྱུར་འགོར་འགྱངས་སུ་སོང་། དེ་ནས2013ལོའི་ཟླ3པར་དཔེ་སྐྲུན་བྱ་རྒྱུའི་མགོ་བརྩམས་ཤིང་ཟླ5བར་ད་གཟོད་དཔེ་སྐྲུན་བྱ་ཐུབ་ཙམ་བྱུང་། གང་ལྟར་ངང་སྒུག་གི་གོ་རིམ་དེ་ནི་ངལ་ཞིང་དུབ་པ་ཞིག་རེད་ལ་སྤྲོ་བ་རྒྱས་ནུས་ཞིག་ཀྱང་ཡིན་པས་གོ་རིམ་འདིའི་མགོ་རྔ་བར་གསུམ་དུ་རྔུལ་ཆུས་འཚོས་ཡོད་ལ་ཡིད་འཚིམ་པའི་སྣང་བས་རྒྱས་ཡོད། ཇི་ལྟར་ན་ཡང་ཆེན་པོའི་མིང་གིས་ལན་ཆགས་ཉོ་རྒྱུ་དེ་དཀའ་མོ་ཞིག་རེད་ལ་ལན་ཆགས་ཀྱི་གོང་བུ་ཞིག་ཆེན་པོའི་གོ་སར་སྙེགས་རྒྱུ་དེ་བས་དཀའ། ཉམས་ཆུང་དག་གིས་རང་གི་བློ་སྟོབས་ལ་བརྟེན་ནས་དམའ་འབེབས་ཀྱི་མདའ་མོ་དང་ཁྱུར་མིད་གཏོང་འདོད་པའི་ཉེན་ཁ་དག་ཁྱད་དུ་བསད་ན་ལེགས་གྲུབ་བྱུང་སྲིད་པའི་ངེས་ཤེས་རྙེད།

བཞི་པ། 《གཡུ་གཅལ་ལྷ་ལམ》བོད་འགྱུར་ཞུས་པ་ལས་ཐོབ་པའི་མྱོང་སྣང་།

        ཁོ་བོས་བོད་འགྱུར་ཞུས་པའི་བྱིས་སྒྲུང་དེ་རྩོམ་རིག་ལོ་ཙཱའི་ཁོངས་སུ་གཏོགས་ཤིང་རྩོམ་རིག་ལོ་ཙཱ་ལས་བྱིས་སྒྲུང་ལོ་ཙཱའི་ཁོངས་སུ་གཏོགས། བྱིས་སྒྱུང་གི་མཚན་ཉིད་འཇོག་སྲོལ་སྐོར་ལ《དེང་རབས་རྒྱ་ཡིག་ཚིག་མཛོད》ལས་བྱིས་སྒྲུང་ནི་བྱིས་པའི་རྩོམ་རིག་གི་རྩོམ་ལུས་ཤིག་སྟེ་ཕུན་སུམ་ཚོགས་པའི་བསམ་བཀོད་དང་འཆར་ཡན། རབ་བཏགས། འུད་བརྗོད་སོགས་ཀྱིས་བྲིས་པའི་བྱིས་པའི་རོལ་མྱོང་དང་འཚམས་པའི་གཏམ་རྒྱུད་ལ་ཟེར་ཞེས་འཁོད་ལ། འུ་ཅག་བོད་ལ་མཚོན་ན་བྱིས་སྒྲུང་ནི་གསར་དུ་དར་བའི་ཐ་སྙད་ཅིག་ཞིག་ཡིན། འོ་ན་བོད་ལ་སྔོན་ཆད་བྱིས་སྒྲུང་བྱུང་མྱོང་མེད་དམ་ཞེ་ན་དེ་ལྟར་མིན་ཏེ་རི་བོང་བློ་ལྡན་སོགས་ཀྱི་བརྗོད་བྱ་བྱས་པའི་བྱིས་སྒྲུང་ཡོད་ཀྱང་དེ་དག་ནི་ཡིག་ཐོག་ཏུ་འཁོད་པ་དཀོན་ཅིང་བྱུང་རིམ་གྱི་ཆ་ཉུང་བས་དེང་རབས་ཀྱི་མཚན་ཉིད་ཚང་བའི་བྱིས་སྒྲུང་གི་ཚད་གཞི་དང་བསྡུར་ན་ཧེ་བག་ཅུང་ཙམ་ལྡན།
གཅིག  བྱིས་སྒྲུང་གི་ཁ་གཏོད་ཡུལ་དང་སྒྱུར་ཐབས།
        བྱིས་སྒྲུང་དེ་བྱིས་པའི་མྱོང་རོལ་དང་འཚམ་པའི་རྩོམ་ལུས་ཤིག་ཡིན་རྐྱེན་དེར་གཞུང་ལུགས་དང་གནས་ལུགས་ཀྱི་རྫོང་མི་ཐུབ་པར་འཆར་ཡན་དང་མཚར་སྣང་གིས་ཕྱུག་པའི་བྱིས་བློ་དང་འཚམ་པར་ཡིད་དབང་འཕྲོག་པའི་གཏམ་རྒྱུད་དང་སྙན་ཞིང་གོ་བདེ་བའི་ཚིག་སྦྱོར་སྤྱད་པའི་རྩོམ་ལུས་ཤིག་ཡིན་པས། བརྩམས་སྒྲུང་ལྟར་བྱུང་རིམ་གྱི་རྙོག་འཛིང་མེད་ལ་གཞུང་ལུགས་ལྟར་གཏན་ཚིགས་ཀྱི་བཀག་རྒྱ་མེད་པར་བྱིས་པའི་འཆར་ཡན་ལྟར་བྱིས་སྒྲུང་ནང་གི་མི་སྣ་དེ་དག་མཁའ་ལ་ཕུར་ཆོག་ལ་ས་ལ་འཛུལ་ཡང་ཆོག  དེ་བས་དངོས་པོའི་གཤིས་ལུགས་ལས་འདས་པར་ལྕགས་ཤོག་གི་མི་དང་ཐོ་ཡོར་སོགས་སྲོག་དང་ལྡན་པར་བྲིས་ཆོག
        དེ་ལྟ་བུའི་རྩོམ་ལུས་ཤིག་ལོ་ཙཱ་བྱེད་པའི་ཚེ་ན་ཡང་བྱིས་པའི་བློ་དང་འཚམས་པར་སྒྱུར་དགོས། དེ་ཡང་བྱིས་པའི་བློ་ངོ་ཡི་ཤེས་བྱའི་སྒྲིག་གཞི་དེ་དར་མ་ལྟ་བུའི་མཐུས་ཚང་མིན་པས་མི་རིགས་གཞན་ཞིག་གི་མཛེས་ཆོས་ལྟ་བ་དེ་དང་ལེན་བྱེད་རྒྱུ་དཀའ། དེར་བརྟེན། མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ལེགས་བཤད་དམ་བསླབ་བྱའི་ཚིག་སྣོན་སྒྱུར་བྱས་ན་བྱིས་པས་དང་ལེན་བྱེད་བདེ་བ་ཡིན་ཏེ《གཡུ་གཅལ་ལྷ་ལམ》བོད་འགྱུར་ཞུ་བའི་ཚེ་ན་གཟུགས་སྟོབས་ཆུང་བའི་ཨ་བྲའི་ཚོགས་ཀྱི་མཐུན་སྒྲིལ་ལས་གཟུགས་སྟོབས་ཆེ་བའི་སེང་གེ་འདྲུད་པའི་སྐོར་ལ《ས་སྐྱ་ལེགས་བཤད》ནང་གི“སྲོག་ཆགས་གྲོག་མའི་ཚོགས་འདུས་པས། སེང་གེའི་ཕྲུ་གུ་བསད་ཅེས་གྲགས”ཞེས་པའི་ཚིག་གཉིས་བསྣན་པས་རང་རིགས་ཀྱི་བྱིས་པ་དག་གིས་དང་ལེན་བྱེད་བདེ་བར་འགྱུར་རོ་སྙམ།

གཉིས། བྱིས་སྒྲུང་གི་ཚིག་སྦྱོར་མཛེས་པ་དང་བསྒྱུར་ཐབས།
        བྱིས་སྒྲུང་ནི་བྱིས་པ་རྣམས་རྟོག་བཏགས་ཀྱི་ཡུལ་ཞིག་ཏུ་འཁྲིད་དེ་ཁོ་ཚོའི་ནང་སེམས་ཀྱི་སྡུག་བསྔལ་བྱི་དོར་བྱ་ནུས་པའི་རྩོམ་ལུས་ཤིག་ཡིན་པས་ངེས་པར་དུ་བྱིས་པའི་ཡིད་སེམས་འགུག་ཐུབ་པའི་ཚིག་སྦྱོར་སྤྱོད་དགོས། འོ་ན་ཇི་ལྟ་བུའི་ཚིག་སྦྱོར་སྤྱད་ན་བྱིས་པའི་ཡིད་སེམས་འགུག་ཐུབ་ཞེ་ན། བྱིས་པའི་འཆར་ཡན་གྱིས་ཕྱུག་པའི་སེམས་ཁམས་དང་འཚམས་པའི་ཚིག་སྦྱོར་བཀོལ་དགོས་སོ།།
བྱ་ཚིག་ལས་ཐོན་པའི་ནུས་པ།
        དཔེར་ན་གུང་དུ་བཏེགས། སྐེ་ཚུར་བསྲིངས། གྲོག་རོང་དུ་མཆོངས། མདུན་དུ་གོམ་ཞེང་ཆེན་པོས་རྒྱུགས་ལྟ་བུའི་བྱ་ཚིག་སྤྱད་ན་མི་སྣའི་བྱ་འགུལ་ཁག་གཟུགས་ཅན་བཞིན་དུ་བྱིས་པའི་སེམས་ཁོང་དུ་བཤམས་ཐུབ།
ཁ། ཡུལ་སྐད་ལས་ཐོན་པའི་ནུས་པ།
        ཀུན་གྱིས་མཁྱེན་གསལ་ལྟར་ཡུལ་སྐད་དེ་བཀོལ་སྤྱོད་ཀྱི་བཞུར་བརྡར་ཐེངས་མང་ཐོབ་པའི་རྐྱེན་གྱིས་མི་སྣའི་བར་གྱི་ཁ་བརྡ་དེས་མི་སྣའི་སེམས་ཁམས་གཟུགས་ཅན་བཞིན་དུ་ཞིབ་འབྲི་བྱ་ཐུབ། དཔེར་ན། ཧ་ལས་ཧང་སངས་ཞེས་པ་དང་ཨ་ཙི་ཙི། ད་དཔེ་བསགས་སོང་། སྡུག་ཤི་རྒྱག་རྒྱུ་ལྟ་བུའི་ཡུལ་སྐད་ཀྱི་མི་སྣའི་ནང་སེམས་ཀྱི་འགྱུར་བ་མཚོན་ཐུབ་ཀྱང་། ཡུལ་སྐད་ཀྱིས་བཅིངས་དྲག་ན་ཡང་ཡུལ་ལུང་ཕྱོགས་རེ་བའི་མི་ཙམ་ལས་གཞན་ལ་གོ་བརྡ་འཕྲོད་དཀའ་བས་ཡུལ་སྐད་སྤྱོད་མང་ན་ཡང་སྐྱོན་དུ་འགྱུར་སྲིད་དོ།།
  བྱིས་པའི་སེམས་ཁམས་དང་མཐུན་པའི་སྐད་ཆ་བཀོལ་བ།
        དེ་ནི་བྱིས་སྒྲུང་གི་སྐད་ཆའི་སྒྱུ་རྩལ་དུ་བཞག་ཀྱང་རུང་སྟེ། བྱིས་སྒྲུང་དེ་བྱིས་པའི་བློ་ངོར་འཚམ་དགོས་ན་བྱིས་པའི་མཛེས་ཆོས་ལྟ་བ་དང་བྱིས་པའི་ཤེས་བྱའི་ཆུ་ཚད་དང་འཚམ་པའི་སྐད་ཆ་བཀོལ་དགོས། བྱིས་པའི་སེམས་ཁམས་ནི་ནམ་ཡང་གཡའ་དག་ཅིང་ཁོ་མོའི་བསམ་སྤྱོད་རེ་རེར་འཆར་ཡན་དང་མཚར་སྣང་གིས་ཕྱུག་ཡོད་པའི་རྐྱེན་གྱིས་བྱིས་སྒྲུང་ལ་ཡང་དེ་ལྟ་བུའི་སེམས་ཁམས་མཚོན་ཐུབ་པའི་སྐད་ཆ་བཀོལ་དགོས། དེ་ཡང《གཡུ་གཅལ་ལྷ་ལམ》གྱི་ནང་དུ་ཀླད་པ་ཞིག་ཐོབ་པར་རེ་བའི་ཐོ་ཡོར་གྱིས་ལམ་གྲོགས་གཞན་ལ“ཁྱོད་ལ་ཀླད་པ་ཨེ་ཡོད”ཅེས་དྲིས་པ་ལྟ་བུ། ཨ་མ་དྲན་པའི་མྱ་ངན་གྱིས་མནར་བའི་དུས་སུ་སེམས་གསོའི་ཚུལ་དུ“ངའི་ཨ་མའི་བརྩེ་བ་བགོས་ཆོག”ལྟ་བུའི་སྐད་ཆ་དག་ནི་ལོ་ཟླའི་ཁུར་གྱིས་གནོན་པའི་ལོ་ལོན་ཞིག་གིས་ཉན་ན་དགོད་བྲོ་བའི་གཏམ་ཞིག་ཡིན་སྲིད་ཀྱང་འདི་དག་ལས་བྱིས་པའི་དྭངས་གཙང་དང་མཚར་སྣང་གི་སེམས་ཁམས་ཞིག་ལ་སྙོབས་ཐུབ།

མཇུག་བསྡུ་བ།

        གོང་དུ་བརྗོད་པའི་བྱིས་སྒྲུང་སྒྱུར་ཐབས་དག་ནི《གཡུ་གཅལ་ལྷ་ལམ》བོད་འགྱུར་ཞུས་པ་ལས་ཐོབ་པའི་ཉམས་མྱོང་འབའ་ཞིག་ཡིན། བྱིས་པ་ནི་མི་རིགས་ཀྱི་རེ་བ་ཡིན་པའི་རྐྱེན་གྱིས་བོད་ཀྱི་རྩོམ་རིག་གི་བྱ་གཞག་གོང་དུ་གཏོད་དགོས་ན་བོད་ཀྱི་བྱིས་པའི་རྩོམ་རིག་གི་སྤུས་ཚད་མཐོར་འདེགས་གཏོང་དགོས་པར་འདོད། དེ་ཡང་བྱིས་པའི་ལྟ་ཀློག་གི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ནི་ལས་དོན་ཀུན་གྱི་འགག་རྩ་ཡིན། ལྟ་ཀློག་གི་ནུས་པ་ཐོར་འདེགས་སུ་གཏོང་བར་ཐོག་མར་ཕུལ་བྱུང་གི་བརྩམས་ཆོས་དགོས་ཤིང་ཕུལ་བྱུང་གི་བརྩམས་ཆོས་དག་ནི་བོད་རང་གི་ཁྱད་ཆོས་དང་མཐུན་པར་གསར་རྩོམ་བྱ་དགོས་ལ་མི་རིགས་གཞན་གྱི་ཕུལ་བྱུང་བརྩམས་ཆོས་དག་ཀྱང་བོད་འགྱུར་ཞུ་དགོས། ཁོ་བོས་ཀྱང་མ་འོངས་པའི་ལོ་ཟླའི་ནང་དུ་རང་ནུས་ཡོད་རྒུས་བོད་ཀྱི་བྱིས་པའི་རྩོམ་རིག་ལ་སྨན་པའི་བརྩམས་ཆོས་འབའ་ཞིག་བོད་འགྱུར་ཞུ་བའི་ཀུན་སློང་གི་འཁོར་སུམ་ཐོགས་ཟིན་ལ། ལྷག་བསམ་གྱི་གོམ་པ་ཐོག་མ་དེ་འདི་ལྟར་སྤོས་པ་ལགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།