《བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན》ངོ་སྤྲོད།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-03 09:50:00 ཀློག་གྲངས།:


བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན། 

          《བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན》ཞེས་པའི་དཔེ་དེབ་འདི་ནི་ཤ་བོ་ཚེ་རིང་གིས་བརྩམས་ཤིང་།  མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་བ་ཞིག་ཡིན།
          དེ་ཡང་འཛམ་བུ་གླིང་གི་ཏོག་ཏུ་གྱུར་བའི་གངས་རི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་སྔོན་བྱོན་མེས་པོ་མང་པོའི་གཞལ་བར་དཀའ་བའི་བཀའ་དྲིན་ལས་མི་རིགས་གཞན་ལ་ཆུ་ཤོར་མི་དགོས་པ་རིག་ཅིང་ཤེས་པར་བྱ་བའི་གནས་ཆེ་བ་ལྔ་སྟེ། དེ་དག་རྣམས་ཀྱི་ངོ་བོ་ནི།། སྨྲ་ངན་ཚར་གཅོང་སྒྲ་དང་ཚད།། བློ་ལྡན་རྗེས་འཛིན་བཟོ་གསོ་བ།། རང་ཉིད་ཀུན་ཤེས་ནང་རིག་པ།། ཞེས་གསུངས་པ་བཞིན་སྒྲ་དང་ཚད་མས་ཚིག་དོན་འཁྲུལ་བ་ཚར་གཅོད། བཟོ་དང་གསོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན། ནང་དོན་རིག་པས་བདག་ཉིད་ཀུན་མཁྱེན་སྒྲུབ་པའི་ལམ་གྱི་རིམ་པ་ཀུན་ཤེས་པར་བྱེད་པས་ན་བསླབ་བྱའི་གཙོ་བོའོ།། 
          དེ་ལ་འདིར་གཞན་དག་རྗེས་སུ་འཛིན་པའི་རིག་གནས་མཆོག་གི་ཡ་གྱལ་སྐར་རྩིས་རིག་པར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། རང་རེའི་མེས་པོ་གོང་མ་རྣམས་ཀྱིས་གནས་ཀྱི་སྐར་མ་ལ་བརྟག་པའི་རྩིས་དང་།  བར་སྣང་སྤྲིན་དང་རླུང་།  འདབ་ཆགས་དང་ས་གཞིའི་རྩི་ཤིང་།  མཚོ་དང་ཆབ་རོམ་སོགས་ལ་བརྟག་པའི་རྩིས་སྣ་ཚོགས་ཞིབ་འཇུག་དང་བེད་སྤྱོད་བྱས་ཏེ་རིམ་པར་གོང་འཕེལ་བྱུང་དུ་བཏང་།  བོད་ཀྱི་སྐར་རྩིས་རིག་པ་འདི་ནི་ཁུངས་དང་ལྡན་པ་ཡིན་ཏེ།  དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་གཉིས་གཙོ་བོ་ཡིན་ལ།  གཞན་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད།  དབྱངས་འཆར་གྱི་རྒྱུད། མིག་བཅུ་གཉིས་བའི་མདོ། སྟག་རྣའི་རྟོག་བརྗོད། ཉི་མའི་སྙིང་བོ་མདོ་སོགས་མདོ་རྒྱུད་མང་པོ་དང་། འགྲེལ་ཆེན་དྲི་མེད་འོད། བསྡུས་རྒྱུད་འགྲེལ་བ་དྲི་མེད་འོད་ནི་རིགས་ལྡན་པད་མ་དཀར་པོས་མཛད་པ་དང་།  ཕྱག་རྡོར་སྟོད་འགྲེལ། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ་སོགས་རྒྱ་གཞུང་བསྟན་བཅོས་དུ་མ་ཡོད།
          བོད་གཞུང་ལ་མཚོན་ན་ཡང་། ཀརྨ་སྐུ་ཕྲེང་གསུམ་པའི་རབ་བྱུང་རྡོ་རྗེའི་རྩིས་ཀུན་ལས་བཏུས་པ།  བུ་སྟོན་ཐམས་ཅད་མཁྱེན་པའི་རྩིས་གཞུང་མཁས་བ་དགའ་བྱེད།  མཁས་གྲུབ་རྗེའི་དུས་འཁོར་ཊཱིཀ་བཤད་དེ་ཉིད་སྣང་བ།  གྲ་ཕུག་པ་ལྷུན་གྲུབ་རྒྱ་མཚོའི་རྩིས་གཞུབ་པད་དཀར་ཞལ་ལུང་མ་བུ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན།  སྨིན་གླིང་ལོ་ཆེན་ངྷརྨ་ཤཱིའི་ཉིན་བྱེད་སྣང་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེ་དཀར་པོ་མ་བུ།  ཕྱག་མཛོད་གསུང་རབ་ཀྱི་རྩིས་གཞུང་རིགས་ལྡན་སྙིང་ཐིག    བྲག་དགོན་བསྟན་པ་རབ་རྒྱས་ཀྱི་རྩིས་གཞུང་རིགས་ལྡན་མཆོད་པའི་འོད་སྣང་།  བདེ་ཆེན་སྤྲུལ་སྐུལ་བློ་བཟང་ཆོས་འཕེལ་རྒྱ་མཚོའི་རྩིས་གཞུང་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།   མཁས་དབང་ཚེ་བརྟན་ཞབས་དྲུང་ཚང་གི་སྐར་རྩིས་གཞུང་བསྡུས་མིའུ་ཐུང་སྒྱུ་མའི་གོམ་འགྲོས།  མཁས་དབང་དམུ་དགེ་བསམ་གཏན་ཚང་གི་རིགས་ལྡན་མཆོད་པའི་མེ་ཏོག   རྗེ་བསམ་གྲུབ་རྒྱ་མཚོའི་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་དང་སྐར་རྩིས་ཀུན་འདུས་ནོར་བུ་ལ་སོགས་པས་གཙོར་མཚོན་པའི་སྐར་རྩིས་ཀྱི་ཁུངས་ཤིག་ཏུ་མང་ངོ་།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།