《རིག་གནས་རིག་པ་སྤྱི་བཤད》ཅེས་པ་པར་དུ་བསྐྲུན་པ།

རྩོམ་པ་པོ།:བསོད་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-07 10:33:00 ཀློག་གྲངས།:


《རིག་གནས་རིག་པ་སྤྱི་བཤད》

            《རིག་གནས་རིག་པ་སྤྱི་བཤད》ཅེས་པ་ནི་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས2010ལོའི་ཟླ12པར་པར་དུ་བསྐྲུན་ཞིང་། དཔེ་དེབ་དེའི་སྒྱུར་སྒྲིག་པ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི2010ལོའི་འབུམ་རམས་པ་ར་ས་བསྟན་འཛིན་ཆོས་གྲགས་ལགས་ཡིན། དེ་ནི་ནུབ་གླིང་རིག་གཞུང་སྐོར་གྱི་དཔེ་དེབ་ཚུར་ལེན་བྱས་པའི་བོད་ཡིག་གི་ལམ་ནས་སྒྱུར་སྒྲིག་བྱས་པའི་ནུབ་ཕྱོགས་རིག་གནས་རིག་པའི་སྟོང་ཆ་ཁ་བསྐངས་པ་ཡིན་ལ། དཔེ་དེབ་འདི་ཉིད་ལ་མཚོན་ན། དཔྱད་ཡིག་ཕུན་སུམ་ཚོགས་ཤིང་སྒྲུབ་བྱེད་ཁུངས་བཙུན་པ། ཞིབ་འཇུག་གི་ཐབས་ལམ་ཐུན་མོང་མིན་པ། ལྟ་བདེ་གོ་བདེའི་ཚུལ་དུ་ཡོད་པས་རིག་གནས་རིག་པར་ཐོག་མར་འཇུག་པའི་བློ་གསར་དང་། དེ་ལ་འཇུག་པར་འདོད་པའི་བློ་ཅན་རྣམས་ཀྱི་གསོས་སུ་སྨིན་ངེས་པ་དང་། དཔེ་དེབ་འདི་ནི་ལེའུ་བཞི་ཡིས་གྲུབ་པ་དང་། ལེའུ་དང་པོར་རིག་གནས་ཀྱི་དོན་སྙིང་དང་། རིག་གནས་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་སོགས་བཀོད་ཡོད་པ་དང་། ལེའུ་གཉིས་པར་ཆོས་ལུགས་ཀྱི་ལྟ་བ་དང་། དཔལ་འབྱོར་གྱི་ལྟ་བ། ཆབ་སྲིད་ཀྱི་ལྟ་བ། ལེའུ་གསུམ་པར་རིག་གནས་ཀྱི་ངོ་བོ་དང་། རིག་གནས་ཀྱི་ལྟེ་བ། རིག་གནས་ཀྱི་བང་རིམ་སོགས་དང་། ལེའུ་བཞི་པར་རང་དབང་དང་འདྲ་མཉམ། མི་སྒེར་དང་སྤྱི་ཚོགས། རྒྱལ་ཁབ་དང་འཛམ་གླིང་བཅས་ཁ་གསལ་བ་དང་། གོ་བདེ་བ་བཅས་ཀྱིས་སྒྱུར་སྒྲིག་བྱས་ཡོད་པས། བོད་རིག་པ་དང་བོད་རིག་གནས་ལ་སྦྱང་བརྩོན་བྱེད་པའི་ཤེས་ཡོན་པའི་སྡེ་ལ་ཁ་དབུགས་གསར་བ་ཞིག་བསྣན་ཡོད་པ་རེད། 
            དེབ་འདིའི་སྒྱུར་སྒྲིག་པ་ར་ས་བསྟན་འཛིན་ཆོས་གྲགས་ནི། སྤྱི་ལོ1982ལོར་ལྷ་ས་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ2000ལོ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་དངོས་གཞིའི་འཛིན་གྲྭར་སློབ་གཉེར་བྱས་པ་དང་། སྤྱི་ལོ2004ལོ་ནས་སློབ་གླིང་འདི་གའི་རབ་འབྱམས་ཞིབ་འཇུག་སློབ་མར་ཡིག་རྒྱུགས་ལོན་ཏེ་མུ་མཐུད་དུ་སློབ་གཉེར་བྱས། སྤྱི་ལོ2007ལོར་བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་བྱ་བ་བསྒྲུབས། དེའི་རིང《བོད་ལྗོངས་ཞིབ་འཇུག》《སྦྲང་ཆར》སོགས་ཀྱི་སྟེང་དུ་རྩོམ་ཡིག་ཉི་ཤུ་ལྷག་སྤེལ། སྤྱི་ལོ2010ལོ་ནས་བཟུང་སླར་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་དགེ་བའི་བཤེས་གཉེན་ཆེན་མོ་དོར་ཞི་རིན་པོ་ཆེའི་ཞབས་པད་གཙུག་ཏུ་བཀུར་ཏེ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པའི་སྦྱང་བྱར་སློབ་གཉེར་བྱེད་པའི་སྐལ་བཟང་ཐོབ་ཅིང་། ད་ལྟ་དེའི་ཐད་སློབ་གཉེར་བྱེད་མུས་སུ་གནས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།