བོད་ཀྱི་གནའ་དཔེའི་དཀར་ཆག་ཚད་ལྡན་འགོད་ཐབས།

རྩོམ་པ་པོ།:རིག་སྨོན་དཀོན་མཆོག ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2010-12-15 10:09:00 ཀློག་གྲངས།:

  ཉེ་ལམ། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གནའ་དཔེ་ཆེད་ཉར་པུའུ་ཡི་བྱམས་པ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་《བོད་ཀྱི་གནའ་དཔེའི་དཀར་ཆག་ཚད་ལྡན་འགོད་ཐབས་》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ་རེད།
  བོད་ཡིག་དཔེ་རྙིང་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དང་ཉིང་བཅུད་ལྟ་བུ་ཡིན་ལ། མེས་རྒྱལ་མི་རིགས་ཁག་གི་རིག་གཞུང་ནོར་མཛོད་དུའང་མུ་ཏིག་གི་གཟི་འོད་རབ་ཏུ་འཕྲོ་བ་ཞིག་ཡིན་པས། བོད་ཀྱི་རིག་གནས་ཤུལ་བཞག་རྒྱུད་འཛིན་དར་སྤེལ་དང་ཚན་རིག་ཞིབ་འཇུག་བྱེད་པ་ལ། བོད་ཡིག་དཔེ་རྙིང་ལེགས་སྒྲིག་པར་སྐྲུན་བྱེད་རྒྱུ་ནི་རྨང་གཞིའི་ལས་ཀ་ཡིན་པ་དང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བ་ནས་བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་ལེགས་སྒྲིག་གི་བྱ་བ་རྒྱུན་མ་ཆད་པར་བྱས་དང་བྱེད་བཞིན་ཡོད་ལ། དེང་གི་བརྡ་འཕྲིན་གྱི་དུས་རབས་ནང་དཔེ་མཛོད་ཁང་འདིས་རྩིས་འཁོར་གྱི་བྱེད་ཐབས་སྤྱད་ནས་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་དཀར་ཆག་ལེགས་སྒྲིག་གནང་བཞིན་པ་ལ། དེང་རབས་རྩིས་འཁོར་གྱི་མ་ལག་གི་ཚད་གཞི་ལྟར་སྒྲིག་བཀོད་དང་། ཚད་ལྡན་གྱིས་དཀར་ཆག་ཏུ་འགོད་རྒྱུ་ནི་དཔེ་རྙིང་བརྡ་འཕྲིན་ཅན་དུ་འགོད་པའི་རྩ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད། དཔེ་ཆ་འདིར་བོད་ཀྱི་སྲོལ་རྒྱུན་གྱི་དཀར་ཆག་རིག་པ་དང་དེང་རབས་དཔེ་མཛོད་ཁང་གི་རྩིས་འཁོར་གྱི་དཀར་ཆག་རིག་པ། གཞན་ལོ་ངོ་དུ་མའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ཉམས་མྱོང་གཞིར་བཟུང་ནས། བོད་ཡིག་གནའ་དཔེའི་དཀར་ཆག་ཚད་ལྡན་འགོད་ཐབས་ཀྱི་སྐོར་ལ་རྩིས་འཁོར་དཀར་ཆག་གི་རྣམ་གཞག ཐ་སྙད་གཅིག་གྱུར། རྩ་བའི་གཞི་གྲངས་ཚད་ལྡན་གྱིས་ཞིབ་འགོད་བྱེད་ཐབས་བཅས་ལ་དཔྱད་པ་དང་འགྲེལ་བཤད་བཅས་གནང་ཡོད། གཞན་གནའ་དཔེའི་ལས་གཉེར་མཁན་ལ་རྒྱུན་མཁོའི་རབ་བྱུང་གི་ལོ་ཚིགས་དང་། རྒྱལ་ཁབ་རིག་གནས་པུའུ་ནས་གཏན་འཁེལ་གནང་བའི་དཔེ་རྙིང་ལས་ཀའི་ཚད་གཞིའི་ཡིག་ཆ་སོགས་ཆེད་དུ་ཡིག་བསྒྱུར་ཟུར་བཀོད་གནང་ཡོད་ལ། དེར་བོད་ཀྱི་གནའ་དཔེའི་ལས་ཀ་ཆུ་ཚད་མཐོན་པོར་ཡོང་རྒྱུར་ཟུར་ལྟའི་རིན་ཐང་དང་ལྡན་ཡོད།
  བོད་ཀྱི་གནའ་དཔེའི་དཀར་ཆག་ཚད་ལྡན་འགོད་ཐབས་ཞེས་པ་འདིས། བོད་ཀྱི་རྩོམ་རིགས་དཀར་ཆག་ཏུ་འགོད་པ། དོ་དམ་ལ་ཞིབ་འཇུག་བྱེད་པར་གཞུང་ལུགས་ཀྱི་རྨང་གཞི་བཏིངས་ཡོད་ཅིང་། ཞིབ་འཇུག་གི་ལས་ཀ་འདི་བརྒྱུད་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེའི་ལས་ཀ་གཉེར་མཁན་རྣམས་ལ་བློ་སྒོ་འབྱེད་པའི་དོན་སྙིང་ཆེན་པོ་ལྡན་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།