ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།《བསམ་གཞིགས་ལས་བལྟམས་པའི་ཚེ་སྲོག》དཔེ་སྐྲུན་འགྲེམ་སྤེལ་བྱས།
༄༅།།《བསམ་གཞིགས་ལས་བལྟམས་པའི་ཚེ་སྲོག》དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2020-12-11 15:55:24
ཀློག་གྲངས།:

སྤྱིར་བོད་རང་ལ་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་དང་། རྗེས་འཇུག་མཁས་པའི་ལེགས་བཤད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དོན་གཉིས་འགྲུབ་པར་བྱེད་པའི་གཙུག་ལག་མང་པོ་ཡོད་དེ། དཔེར་ན་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་ས་སྐྱ་ལེགས་བཤད། གཞན་ཆུ་ཤིང་གི་བསྟན་བཅོས་སོགས་སུ་མིའི་ཡ་རབས་ཀྱི་བསམ་བློ་ཀུན་སྤྱོད་ལ་ཁ་ཡོད་ལག་ཡོད་དུ་ཕན་པའི་མི་ཆོས་རིག་པ་དང་ཀུན་སྤྱོད་རིག་པ་མང་དུ་མཆིས། འོ་ན་ད་དུང་བསམ་བློ་དང་མི་ཆོས་སྐོར་གྱི་དེབ་འདི་འདྲ་ཞིག་བོད་ཡིག་ཏུ་བསྒྱུར་དགོས་ཀྱི་དམིགས་ཡུལ་གང་ལ་ཐུག་ཡོད་ཅེ་ན། གཅིག་ཏུ་རང་ཉིད་ཀྱིས་ཁོམ་གསེང་དུ་བཀླགས་པའི《ཧཱ་ཧྥོ་ཁྱིམ་སྦྱོང་གཞུང་ལུགས་ཆེན་མོ》ཞེས་པའི་དཔེ་དེབ་དེ་ནི་ཤར་ནུབ་ཀྱི་ཤེས་རབ་གཅིག་ཏུ་དྲིལ་ནས་ལྷན་དུ་བསྲེས་པའི་མཆོག་གྱུར་གཙུག་ལག་ཅིག་ཏུ་སྣང་བ་དང་། གཉིས་སུ་མི་རིགས་གཞན་གྱི་སྐད་ཡིག་ལ་བློ་ཁ་མ་ཕྱོགས་པའི་བོད་མི་དག་གིས་དེ་འདྲའི་ཤར་ནུབ་ཀྱི་སློབ་གསོའི་ཉིང་བཅུད་ལ་ཁ་གསལ་གོ་བདེ་ཞིག་གི་ལམ་ནས་རོལ་མྱོང་བྱེད་ཐུབ་པར་འདོད་པའི་འདུན་མ་རང་ལ་ཤིན་ཏུ་རྒོད་པ་ཡིན། ཁྱད་པར་ན་གཞོན་རྣམས་ལ་དེབ་འདིས་བློ་སྒོ་ཡངས་པོར་འབྱེད་ཐུབ་པའི་ཡིད་ཆེས་ཀྱང་མི་དམན་པ་སྐྱེས། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ཞེས་གསུངས་པ་ལྟར་མི་ཆོས་རིང་ལུགས་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པས《ཧཱ་ཧྥོ་ཁྱིམ་སྦྱོང་གཞུང་ལུགས་ཆེན་མོ》ལས་རྩོམ་ཡིག་བརྒྱ་དང་བརྒྱད་ཙམ་ལེའུ་བཅུའི་བདག་ཉིད་དུ་བསྡུས་ནས། 《བསམ་གཞིགས་ལས་བལྟམས་པའི་ཚེ་སྲོག》ཅེས་པའི་དཔེ་དེབ་འདིའི་གཟུགས་སུ་བཀོད་པ་ཡིན་ནོ།།
ལོ་ཙཱ་བ་ངོ་སྤྲོད་མདོར་བསྡུས།


དེབ་འདི་ཉིད་ཀྱི་སྒྱུར་སྒྲིག་མཁན་མཁན་པོ་རྟ་མགྲིན་ལགས་ནི་སྤྱི་ལོ1973ལོར་རྔ་བ་གནམ་མཚོ་མ་སྡེ་བར་སྐྱེས་ཤིང་། དགུང་ལོ་བདུན་གྱི་སྟེང་གནམ་མཚོ་དགོན་དུ་རབ་ཏུ་བྱུང་ནས་ཐོས་བསམ་སློབ་གཉེར་གནང་། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱང་ཐོབ་ཀྱི་ཡོན་ཏན་གང་ཐད་ནས་གཞན་དང་མི་འདྲ་བའི་ཁྱད་ཆོས་རང་ཆས་སུ་མངའ་བས། དགུང་ལོ་བཅུ་གཉིས་ཡས་མས་ནས་བཟུང《དཔལ་སྤྲུལ་སྔོན་འགྲོ》དང《སྤྱོད་འཇུག》སོགས་ཀྱི་ཆོས་སྦྱིན་སྩོལ་ལ་དཀའ་བ་མེད་པར་གྱུར། དགུང་ལོ་བཅུ་དགུའི་དུས་སུ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱིན་ནས་བགྲང་བྱ་བཅུ་ལྷག་རིང་ལ་མཁན་ཆེན་འཇིག་མེད་ཕུན་ཚོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས། མདོ་སྔགས་རིག་གནས་སོགས་ལ་སྦྱང་བ་གནང་བ་མ་ཟད་དབང་ལུང་མན་ངག་གི་གདམས་པའང་མང་དུ་གསན་ནས་སློབ་གླིང་དེ་གར་མཁན་པོའི་མཚན་གནས་བཞེས། སྤྱི་ལོ2002ནས་བཟུང་དམ་པའི་ཆོས་སྤེལ་བ་དང་སེམས་ཅན་ལ་ཕན་པ་སྒྲུབ་པའི་འོས་འགན་ཕྲག་ཏུ་བཞེས་ཏེ། བོད་དང་རྒྱ་སོགས་ཀྱི་མི་རིགས་གཙོར་བྱས་པའི་འཛམ་བུ་གླིང་གི་མི་རིགས་འདྲ་མིན་ལ་ཆོས་ཀྱི་བདུད་རྩི་མང་དུ་བསྩལ་ལ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཐབས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་ཕྱག་ལས་མང་པོ་གནང་། ཁོང་ནི་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ལ་བྱང་ཆུབ་པ་མ་ཟད། སེམས་ཅན་ཀུན་ལ་ཕན་པའི་ཕྱག་ལས་ཅི་གནང་ཐམས་ཅད་གཟབ་ནན་གྱིས་མཛད་ལ། ད་དུང་སྙིང་རུས་ཆེན་པོས་སྐད་རིགས་འདྲ་མིན་དང་ཤར་ནུབ་མཚན་ཉིད་རིག་པ། སེམས་ཁམས་རིག་པ་སོགས་གཞུང་ལུགས་ལ་སློབ་གཉེར་བགྱིས་དང་བགྱི་བཞིན་ཡོད་ལ། གཞན་ད་དུང་ཁོང་གིས་འབད་བརྩོན་གྱིས་ཚེ་ཐར་སྲོག་བླུ་དང་སློབ་གསོ་སོགས་ཀྱི་དགེ་ལས་བྱ་བའི་ཐད་ཀུན་གྱིས་ཡི་རངས་བྱེད་པའི་ཕྱག་ལས་རྒྱ་ཆེར་གནང་དང་གནང་བཞིན་ཡོད།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།