ཉེ་ལམ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་གནང་ཞིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཞེས་པའི་པོད་བརྒྱད་ཀྱི་བདག་ཉིད་ཅན་གྱི་དེབ་ཚོགས་འདི་ཉིད་ད་ལྟ་དངོས་སུ་སྤྱི་ཚོགས་སོ་སོར་བཀྲམ་ཡོད་པ་དང་། དེབ་སོ་སོའི་ནང་དོན་ཐད་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག ཡུལ་སྐོར་རེག་ཟིག གླུ་ཚིག་སོགས་རྩོམ་ལུས་དང་བརྗོད་གཞི་མི་འདྲ་བ་སྣ་ཚོགས་ཀྱིས་གྲུབ་ཡོད་དོ།།
ཕྱིར་ལོག་པའི་ལམ་དུ། གངས་དབང་།
《ཕྱིར་ལོག་པའི་ལམ་དུ》ཞེས་པའི་དེབ་འདི་ནི། རྫ་བུམ་ལ་འཁོར་བའི་རྣམ་ཤེས་དང་། ང་ཚོ་ཡར་ཡར་འགྲོ་དུས། ཁ་བ་མར་མར་བབས་བྱུང་། བྱིའུ་དེ་བདེ་མོ་ཡིན་ནམ། མུན་ནག་མེ་རུ་བསྒྲོན་པའི་མཚན་མོ། སྦྱིན་པ། ཉི་རྩེ་དང་པོ་ཕོག་ས། སྟོན་ཀའི་ལམ་དུ། ཞེས་ཚན་པ་བདུན་གྱིས་གྲུབ་པའི་ལྷུག་རྩོམ་གྱི་དེབ་ཅིག་ཡིན་ལ། དེ་ནི་དེ་སྔོན་གྱི《གངས་རི་ལ་དབང་བའི་ཁ་བའི་འདབ་མ》ལྟ་བུ་དུངས་སེམས་ཁོ་ན་བརྗོད་པའི་ལྷུག་རྩོམ་རང་དང་མི་འདྲ་ལ།《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ལྟ་བུ་རིག་གནས་ལྷུག་རྩོམ་ཡང་མ་ཡིན། དེའི་བརྗོད་བྱ་ནི་ཡུན་རིང་པོར་ཕྱི་རོལ་གྱི་རིག་གནས་ཁོར་ཡུག་ནང་འགྲོ་སྐྱོད་བྱེད་པའི་མི་ཞིག ཕྱིར་རང་སེམས་དུ་ལོག་སྟེ་རང་ཡུལ་ལ་ཡང་ལྟ་བྱེད་དུས། ཤིང་སྡོང་གི་རྩ་བ་རྒྱས་ས་དང་ཡལ་ག་འཁྲུངས་སྟངས། འབྲས་བུ་སྨིན་ཚུལ་རྣམས་ཕྱིར་ལོག་པའི་སེམས་པར་ཟུག་པས། ན་ཟུག་དེ་དག་སྒྲུང་གཏམ་གྱི་ཁ་མིག་དང་སྙན་ངག་གི་རྣ་བ། ལྷུག་རྩོམ་གྱི་རྐང་ལག་ཐོག་ནས་ལམ་ཁའི་གཏམ་གྱི་ཚུལ་དུ་བྲིས་པ་ཞིག་ལགས།
སྣང་བའི་མུ་ཏིག་བརྒྱ་རྩ་མ། སྟོང་ཉིད་མ། ལྷུག་རྩོམ་འདིར་རྩོམ་པ་པོས་སྤྱི་ཚོགས་འགལ་འབྲེལ་དང་། ཁྱིམ་ཚང་སློབ་གསོ། དགེ་སློབ་ཀྱི་གནས་སྟངས། འཚོ་བའི་མངར་སྐྱུར། མི་ཚེའི་འདུ་བྲལ། བརྩེ་དུང་གི་རྒྱལ་ཕམ་སོགས་ལ་གནད་དུ་བསྣུན། རྩལ་དུ་སྤྲུགས་ཏེ་བྲིས་ཡོད།
དུང་སེམས་ཀྱི་འཕྲིན་པ། ཨ་འབུམ་བློ་བཟང་དམ་ཆོས། 《དུང་སེམས་ཀྱི་འཕྲིན་པ》ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཨ་འབུམ་བློ་བཟང་དམ་ཆོས་ལགས་ཀྱིས་ཉེ་བའི་ལོ་གཅིག་རིང་བྲིས་པའི་ལྷུག་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན། རྩོམ་པ་པོས་རང་ཉིད་འགྲོགས་ཤིང་འདྲིས་པའི་མི་སྣ་གལ་ཆེན་ཁག་ལ་བྲིས་པའི་རྗེས་དྲན་གྱི་སྐོར་ཏེ་དུང་བའི་མི་ཞེས་པ་དང་། བོད་ཀྱི་རིག་གནས་དང་འབྲེལ་བའི་བསམ་ཚུལ་སྣ་ཚོགས་ཀྱི་སྐོར་ཏེ་དུང་བའི་རིག་པ། སྤྱི་ཚོགས་ཀྱི་སྣང་ཚུལ་ཁ་ཤས་ལ་དམིགས་པའི་སེམས་གཏམ་གྱི་སྐོར་ཏེ་དུང་བའི་གཏམ། དུང་བའི་ཡུལ་ཁམས་ཏེ་འདས་པའི་ལོ་ཤས་རིང་མདོ་ཁམས་རིག་གནས་ཡུལ་སྐོར་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་རྣམས་ཟིན་ཐོར་བཀོད་ཡོད།
དེབ་འདིར་ལོ་རྒྱུས་གླེགས་བམ་གྱི་གདགས་སྲིབ་བར་ན་ལུས་པའི་ངོ་མཚར་གྱི་བྱུང་བ་དང་། འགྲུལ་བཞུད་རིང་མོའི་ཁྲོད་ཀྱི་རྟོག་འགྱུ་རྣམས་སྙན་འཇེབས་ཚིག་གི་ཕྲེང་བར་བརྒྱུས་ཤིང་། རང་གི་སྐད་ཡིག་དང་རིག་གནས། ཕ་ཡུལ་དང་མི་རིགས་ལ་བཅངས་པའི་དུང་སེམས་ཟབ་མོ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། རིག་གཞུང་། ཀུན་སྤྱོད། སྣོད་བཅུད་སོགས་ཀྱི་ཕྱོགས་མང་པོའི་ཐད་ལ་བསམ་གཞིགས་ཀྱི་ཉིང་བཅུད་ཀྱང་འདུས་ཡོད།
མཆོད་རྟེན་འགྲམ་གྱི་བྱམས་པ། བོད་རྩེ་རྒྱལ།
དེབ་འདིར་རྩོམ་པ་པོས༢༠༡༧ལོའི་ཚུན་ཆོད་ནས་བྲིས་པའི་སྒྲུང་འབྲིང་དང་སྒྲུང་ཐུང་བསྡོམ་པས་དྲུག་བཀོད་ཡོད་ཅིང་། བརྩམས་ཆོས་རེ་འགའ་སྔ་གཞུག་ཏུ་གངས་དཀར་རི་བོ་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་སུ་བཀོད་མྱོང་།
རྨི་ལམ་ནང་གི་མེས་པོ། ཉི་མ་ནོར་བུ།
དེབ་འདི་ནི་སྒྲུང་ཐུང་བཅུ་བདུན་ཙམ་གྱིས་གྲུབ་ཡོད་ཅིང་། 《རྨི་ལམ་ནང་གི་མེས་པོ》དང《ཤིག་གི་ལྗི་བ》སོགས་ལ་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་སྒྱུ་རྩལ་གྱི་ཁམས་བསམ་གཞིག་གི་གླགས་ཡངས་མོ་ཞིག་བསྐྲུན་པར་བྱས་ཡོད།
ཁ་བའི་མེ་ཏོག ཀུན་བཟང་ཉི་མ། འདི་ནི་རྩོམ་པ་པོའི་མི་ཚེའི་བརྒྱུད་རིམ་ནང་གི་སེམས་ཚོར་སྣ་ཚོགས་དང་། ཡང་སྒོས་རི་ཆུ་ལུང་གསུམ། གྲོང་དང་ཁྱེར། འདྲ་མིན་གྱི་མི་སྣ་སོགས་ལ་བསྟོད་པ་དང་གཏམ་བཤད་ལ་གླུ་དང་ཁ་གཡང་བཅས་ལས་གྲུབ་ཅིང་། གཙོ་བོར་རང་ཉིད་ཀྱི་ཉིན་ཐོ་ལྟ་བུའི་ཟིན་ཐུང་སྙན་ངག་ཅིག་ཡིན། གནད་བསྡུས་ན་རྩོམ་པ་པོ་རང་ཉིད་ཀྱི་མི་ཚེ་རིང་མོའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་ཡིན།
སྙན་རྩོམ་གའུ་ཁ་སྦྱར། ལྕང་ཞབས་པ་འགྱུར་མེད་ཚེ་དབང་། རྩོམ་པ་པོའི་སེམས་ཀྱི་འཁྱེར་སོའམ་བསམ་བློ་དེ་བྱིས་པ་དང་གཞོན་ནུ་དར་མ་སོགས་ནས་ད་ལྟའི་བར་དུ་མང་པོ་ཞིག་བརྗེས་ནས་བྱུང་བ་ཡིན་ལ། སེམས་ཀྱི་འཁྱེར་སོ་བརྗེ་བའི་རྣམ་རྟོག་གི་རྦ་རླབས་གསེབ་ནས་བརྡོལ་བའི་ངག་གི་སྒྱུ་རྩལ་འདི་གྲུབ་པ་ཡིན་ཞིང་། དེ་ཡང་སྙན་ངག་མེ་ལོང་མ་ལས། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། དེ་ནི་ད་ལྟའང་རྣམ་རྟོག་སྟེ།། དེ་དག་མ་ལུས་སུས་འཆད་ནུས།། འོན་ཀྱང་རྣམ་རྟོག་ས་བོན་ནི།། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན།། ཞེས་གསུངས་པས། རྣམ་རྟོག་གི་འཆར་ཚུལ་དེ་ཡང་། སྒེར་དང་། ཁྱིམ་ཚང་། ཚོགས་པ། སྤྱི་ཚོགས་སོགས་ངོས་མི་འདྲ་བ་མང་པོ་ཞིག་ལས་བྱུང་བའི་བསམ་བློ་ཡིན་པར་མ་ཟད། ཁྱད་པར་དུ་ལས་རིགས་ཀྱང་མི་འདྲ་བ་མང་པོ་ཞིག་ལ་ཞུགས་པ་ལས་བྱུང་བའི་བསམ་བློ་ཡིན་ངེས། རྒྱུ་མཚན་དེས་ངོས་མི་འདྲ་བའི་བརྗོད་བྱའི་དོན་སྣ་ཚོགས་ཡོད་པ་ལ། རྗོད་བྱེད་ཀྱང་དེ་བཞིན་གྲུབ་པ་ཡིན་སྟབས། ངོས་སོ་སོ་ནས་བཤད་པའི་ཚུལ་ཡང་ཤེས་དགོས་པ་ཞིག་རེད། དཔེར་ན་རྩོམ་པ་པོའི་ལས་རིགས་ལ་བསམ་ན་དགེ་རྒན་ཡིན་སྟབས། སློབ་གསོའི་སྐད་ཆ་དང་། ཡ་རབས་དམ་པའི་མཛད་འཕྲིན་སྐོར་གྱི་ལོ་རྒྱུས་དཔེ་ཆ་ཀློག་པ་གྲངས་ཅུང་མང་སྟབས། དེའི་སྐོར་གྱི་ཚོར་སྣང་དང་། ཕ་མའི་གཅེས་སྐྱོང་གི་འོག་ནས་འཚང་ལོངས་བྱུང་བ་ཡིན་པའི་ངོས་ནས། ཕ་མའི་བྱམས་སྐྱོང་རྗེས་དྲན། ཁྱིམ་ཚང་ཞིག་གི་གྲུབ་ཆ་ཡིན་པས། དེ་མཐུན་གྱི་གཏམ་སྣ་ཚོགས་ཤིག་གིས་སྙན་རྩོམ་འདི་གྲུབ་པ་རེད་འདུག མ་གཞིར་སྙན་རྩོམ་འདི་གྲུབ་ཚུལ་གྱི་བརྒྱུད་རིམ་ལ་བཤད་ན། རང་ཉིད་ཀྱིས་དཔེ་ཀློག་དང་། བགྲོ་གླེང་། བསམ་བློ་བརྗེ་རེས། མཐོང་ཐོས་སྣ་ཚོགས། འཚོ་བ་དངོས་ཀྱི་མྱོང་བ་སོགས་སེམས་ཚོར་རྣམས་སྐབས་དང་སྐབས་སུ་བྲིས་པ་དག་ཡིན་ནོ།།
མཚན་མོའི་དབྱངས་ཟིལ། དོན་འགྲུབ་རྡོ་རྗེ། དེབ་འདི་ནི་བཅད་རྩོམ་དང་། ལྷུག་རྩོམ། གླུ་ཚིག་བཅས་ཕྱོགས་གཅིག་ཏུ་བསྡུས་ནས་གྲུབ་པ་ཞིག་ཡིན་ལ། དེ་ནི་རྩོམ་པ་པོ་རང་ཉིད་བརྒྱུད་མྱོང་བའི་གངས་རི་དང་རྩྭ་ཐང་། མཚན་མོ་དང་ཟླ་འོད་ཀྱིས་དྲངས་པའི་རྨི་ལམ་སོགས། མཚར་ལ་མྱུར་བའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུའི་ཁྲོད་ནས་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་མཐའ་དག་ལ་ཕྱིར་དྲན་ཐེངས་གཅིག་མྱོང་རོལ་བྱས་པའང་ཡིན་ནོ།།