༄༅།།སྐུ་ཞབས་རྟ་མགྲིན་ཐར་གྱིས་ཕྱོགས་བསྒྲིགས་སམ་སྒྲིག་རྩོམ་གནང་པའི《ཞིན་ཧེ་རྫོང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཐུན་བར་ཀློག་དེབ་ཁག་བཞི》དཔེ་སྐྲུན་འགྲེམས་སྤེལ་བྱས། 

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-03-10 14:49:40 ཀློག་གྲངས།:
      ༄༅།།ཞིན་ཧེ་རྫོང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཐུན་བར་ཀློག་དེབ་འདི་ནི། རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་དང་སློབ་གསོ་ཅུས་ཀྱི་བཀོད་སྒྲིག་འོག་ལེགས་འགྲུབ་བྱུང་བ་ཞིག་ཡིན།  སྔ་གཞུག་ཏུ་ལོ་ངོ་དྲུག་གི་རིང་དམངས་སྲོལ་རིག་གནས་བརྗོད་བྱ་ཡིན་པའི་དེབ་ཕྲེང་བཅུ་བཞི་ལྷག་དཔེ་བསྐྲུན་བྱས་པ་དང་།དེ་དག་གི་རྨང་གཞིའི་སྟེང་ད་ལོ་ནས་བཟུང་ལེགས་བཤད་དང་བསྟན་བཅོས།བསླབ་བྱ།ས་གནས་ཀྱི་རི་ཆུ་རིག་གནས་བཅས་བརྗོད་བྱ་ཡིན་པའི་དེབ་ཕྲེང་བཞི་དཔར་བསྐྲུན་བྱེད་པའི་གོ་སྐབས་བྱུང་ངོ་།།
        དཔེ་དེབ་འདི་དག་སྒྲིག་རྩོམ་བྱེད་པ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་དེ།
       གཅིག རྨང་གཞི་སློབ་གསོས་བྱིས་པ་རྣམས་ཀྱི་བསམ་བློ་ཀུན་སྤྱོད་དང་ཤེས་རིག་ཡོན་ཏན་ཐག་གིས་གཅོད་པ་ཡིན།སྔོན་བྱོན་མཁས་པ་དག་གི་གསུང་རྩོམ་དག་མཇལ་ཐུབ་པར་བྱས་ན་བྱིས་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རིག་གནས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པས། དེ་དག་གིས་བྱིས་པ་ཚོར་ཡང་དག་པའི་བསམ་བློའི་མཛུབ་སྟོན་དང་། སློབ་སྦྱོང་གི་སྤྲོ་བ་བསྐྱེད་པ། མེས་རྒྱལ་དང་མི་རིགས་ལ་ཞབས་ཞུ་བསྒྲུབ་པའི་ཡོན་ཏན་འབྱོར་ཐུབ།
      གཉིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས།“ཚད་མཐོའི་རིག་གནས་ཀྱི་རང་རྟོགས་མེད་ཚེ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མེད།”ཚད་མཐོའི་རིག་གནས་ཀྱི་རང་རྟོགས་ལྡན་ཚེ་ད་གཟོད་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་ཆད་མེད་པར་རྒྱུན་འཛིན་དར་སྤེལ་གཏོང་ཐུབ།  རིག་གནས་རང་རྟོགས་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་དང་ནུས་པ་བླ་ལྷག་ཐོན་ཡོད།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་རྒྱུན་འཛིན་བྱེད་པ་ནི་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་གོམ་ཁ་དང་མཐུན།ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་མི་རིགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་ཀུན་སྤྱོད་འདུ་ཤེས་མཐོར་འདེགས།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འོག་གི་ན་ཆུང་ལོ་གཞོན་དག་གི་འཇིག་རྟེན་ལྟ་ཚུལ།མི་ཚེའི་ལྟ་ཚུལ།རིན་ཐང་གི་ལྟ་ཚུལ་བཅས་ལ་མཛུབ་སྟོན་གྱི་ནུས་པ་ཐོན་ཐུབ་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སློབ་རར་འདྲེན་པའི་དགོངས་དོན་ལག་བསྟར་དང་ཁྱབ་གདལ་བྱེད་པར་དོན་སྙིང་གལ་ཆེན་ལྡན།
      གསུམ། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་ཤུགས་མཐོར་འདེགས་དང་སློབ་མའི་འབྲི་ཀློག་ཉན་གསུམ་གྱི་ནུས་པ་སྐྱེད་སྲིང་བྱེད་པར་དགོས་པ་བླ་ལྷག་ལྡན།བཞི།བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་དེབ་མ་གཏོགས་བསླབ་ཕྱིའི་ལྟ་ཀློག་གི་དཔེ་ཆ་ལྟོས་བཅས་སུ་ཀློག་རྒྱུ་ཉུང་བ་ལ་བརྟེན་ནས་ཁ་སྐོང་བ་བཅས་དགོས་པ་དུ་མའི་བློས་བསླངས་ནས་བསྒྲིགས་པ་ཞིག་ཡིན།



      དཔེ་དེབ་འདི་དག་གི་ནང་དོན་གྱི་ཆ་ནས་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་སྔ་རབས་མཁས་ཆེན་དག་གིས་ལོ་རྒྱུས་ཀྱི་བསླབ་བྱ་དང་རང་གི་འཚོ་བའི་ཉམས་མྱོང་།འཇིག་རྟེན་གྱི་ཆོས་ཉིད་དང་གནས་ལུགས། མི་ཀུན་གྱི་བསམ་པའི་འཁྱེར་སོ་དང་ཀུན་སྤྱོད་སོགས་ལ་རྣམ་དཔྱོད་ཀྱི་རྩལ་གྱིས་དཔྱད་ཞིབ་ཟབ་མོ་བགྱིས་པ་ལས་ཐོན་པའི་གསུང་རྩོམ་ཚད་མ་དེ་ཡིན་པས། འདི་ལ་ཚིག་གི་སྡེབ་ལེགས་ཤིང་དོན་གྱི་གནད་ཟིན་པ།སློབ་སྟོན་དང་ཀུན་སྤྱོད་ཀྱི་ཚད་གཞི་ལྟ་བུར་གྱུར་པ།རྩོམ་ཡིག་རེ་རེ་ཚིག་ཉུང་ཞིང་གསོན་ཉམས་ལྡན་པ་དང་།བརྗོད་བྱའི་དོན་ཟབ་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་ཞིང་།སློབ་མའི་འཚོ་བ་དང་ཐག་ཉེ་བ།གནས་ལུགས་དྲང་ལྡོག་གི་ཆོས་ཉིད་གསལ་བོར་སྟོན་ཐུབ་པ། ཐབས་དང་ཤེས་རབ་ལ་མཁས་པ། བློ་གྲོས་དང་སྤྱང་གྲུང་འཛོམས་པ་སོགས་ལ་ཡར་སྐུལ་གྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་དང་། དེ་མ་ཟད་སློབ་མས་ཆུང་དུས་ནས་རྒྱུ་འབྲས་དྲང་བཞག་གི་གནས་ལུགས་ལ་བརྩི་འཇོགལེགས་ཉེས་བླང་དོར་གྱི་ཆ་ལ་མི་རྨོངས་པ། སེམས་ཅན་མཆོག་དམན་བར་ལ་བརྩི་བཀུར།  དྲང་པོ་དྲང་བདེན་གྱི་ལམ་ལ་འཇུག་མཁས་པ་སོགས་མདོར་ན་མི་གཤིས་ལེགས་སྐྱོང་གི་ཐད་ལ་ནུས་པ་བླ་ལྷག་ཐོན་ཐུབ་པ་ཞིག་ཡིན་ནོ།།
 རྩོམ་པ་པོ་ངོ་སྤྲོད་མདོ་ཙམ། 
སྐུ་ཞབས་རྟ་མགྲིན་ཐར་ལགས།
      རྟ་མགྲིན་ཐར། ཞིན་ཧེ་རྫོང་གི་མི།  མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཤེས་རམས་པའི་བསླབ་གནས་བླངས། སློབ་གྲྭ་ཆུང་འབྲིང་གི་མཐོ་རིམ་དགེ་རྒན། ༢༠༠༢ལོར་བྱ་བར་ཞུགས་ནས་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་བྱས། ༢༠༡༥ལོར་སློབ་གསོ་ཅུར་ལས་གནས་སྤར། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་《ས་གནས་བསླབ་གཞིའི་ལག་ལེན་སྐོར་གླེང་བ།》《རྒྱལ་རབས་གསལ་བའི་མེ་ལོང་གི་རྩོམ་པ་པོའི་སྐོར་གྱི་དོགས་དཔྱོད།》སོགས་དཔྱད་རྩོམ་རེ་གཉིས་དང་། 《བློ་གསར་མགུལ་རྒྱན》(སྟོད་སྨད་ཆ།)《བློ་ལྡན་རིགས་མཛོད། 》《ཞིན་ཧེ་རྫོང་གི་གནས་རི་གྲགས་ཆེན་གྱི་ངོ་སྤྲོད་བློ་གསལ་དགའ་སྟོན།》《ཞིན་ཧེ། ང་ཚོའི་ཕ་ཡུལ།》(དེབ་བཞི།)《སྲིད་པའི་སྒྲུང་རབས།》(སྟོད་སྨད་ཆ།)《སྲིད་པའི་དར་ལྕེ》《སྲིད་པའི་ཁྲོམ་གླུ།》《 སྲིད་པའི་རི་གླུ།》 སོགས་དམངས་ཁྲོད་རིག་གནས་བརྗོད་གཞི་ཡིན་པའི་སློབ་མའི་སློབ་ཕྱིའི་དཔེ་དེབ་བཅུ་བཞི་ལྷག་གཙོ་སྒྲིག་བྱས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྔ་གཞུག་ཏུ་དཔེ་སྐྲུན་བྱས། ༢༠༢༠ལོར།《ལེགས་བཤད་བདམས་བསྒྲིགས། 》《བསྟན་བཅོས་བདམས་བསྒྲིགས།》《བསླབ་བྱ་བདམས་བསྒྲིགས།》《མཛེས་སྡུག་གི་ཞིན་ཧེ།》བཅས་སྔ་རབས་མཁས་པའི་གསུང་རབ་བདམས་བསྒྲིགས་དེབ་གསུམ་དང་ས་གནས་ཀྱི་རི་ཆུ་རིག་གནས་ངོ་སྤྲོད་ཀྱི་དེབ་གཅིག་བཅས་བསྒྲིགས་ནས་དཔེ་སྐྲུན་བྱས། རྒྱལ་ཁབ་རིམ་པའི་ལས་གཞི་གཅིག་མཇུག་བསྡུ་མུས་སུ་མཆིས། ༢༠༡༩ལོར་མཚོ་སྔོན་ཞིང་ཆེན་གྱི་“མི་སྟོང་འཆར་གཞིའི་རྩེར་སོན་འཇོན་མི”རུ་བདམས་ཐོན་བྱུང་། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།