༄༅།།《ཤར་རྒྱལ་མོ་རོང་གི་ཡུལ་སྐད་སྐོར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-04-15 09:02:24 ཀློག་གྲངས།:
       ཉེ་ལམ། བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་རྒྱལ་རོང་ཀརྨ་ཚེ་རིང་གཉིས་ཀྱིས་གཙོ་སྒྲིག་བྱས་པའི《ཤར་རྒྱལ་མོ་རོང་གི་ཡུལ་སྐད་སྐོར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས》ཞེས་པའི་དེབ་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། དེབ་འདི་ནི་རྒྱལ་རོང་གི་ཡུལ་སྐད་སྐོར་གྱི་དཔྱད་གཞིའི་ཡིག་ཆ་དག་འཚོལ་འདེམ་དང་། བསྡུ་སྒྲིག ཞུ་དག་སོགས་བྱས་ནས་གྲུབ་པ་ཞིག་ཡིན།
      དེ་ཡང་བོད་ཀྱི་བརྡ་རྙིང་པ་མང་པོ་ཞིག་ནི་ད་ལྟའི་བར་དུ་རྒྱལ་རོང་བའི་ཁ་སྐད་དུ་ཡོད་པར་སྣང་བའི་ཚུལ་ནི་མདོ་སྨད་ཆོས་འབྱུང་དང་སི་ཏུའི་སུམ་རྟགས་འགྲེལ་ཆེན་སོགས་ལས་གསལ་བར་གསུངས་པས་ཤེས་དགོས་ཤིང་། དེ་མིན་དཔེར་ན། དཀར་པོ་ལ་པྲོམ་ཞེས་པ་ལྟ་བུ་སྟེ། ཏུན་ཧོང་ཡིག་རྙིང་ལས། རྩང་བྲང་ནི་ཡ་སྟོད་ཀྱི།། ཐང་པྲོམ་ནི་རྒོད་ལྡིང་བའ།། ཞེས་པ་དང་། ཡང་གློ་དང་རྒྱུ་མ་ལ་སླ་ལྭོ་ཟེར་བ་ལྟ་བུ་སྟེ། ཏུན་ཧོང་ཡིག་རྙིང་ལས། གུང་བཀྲོས་ནྀ་པྱག་ཏུ་པུལ།། སླ་ལྭོ་ནྀ་ལྷོ་རྔེགས་སྩལད།། ཅེས་པ་དང་། ཡང་གྱུར་རམ་ཀྱུར་ནི་སྲོག་ཆགས་སྲེ་མོང་གི་མིང་བརྡ་རྙིང་པ་སྟེ། ཏུན་ཧོང་ཡིག་རྙིང་ལས། སྔུར་བ་ནི་ཆབ་དང་ཉེ།། གྱུར་སྲམ་ནི་པྱོ་ལ་ལའ།། ཞེས་དང་། དྲན་པ་བཀའ་ཐང་ལས། སྤུ་རུ་ཅན་ལ་གཡི་གསའ་འཕར་སྤྱང་བཞི།། རྔ་མ་ཅན་ལ་ཝ་སྤྲེ་གྱུར་སྲམ་བཞི།། ཞེས་པ་ལྟ་བུ་སོགས་ཀྱིས་ཤེས་ཐུབ། འདི་དག་ནི་ད་ལྟའི་ཚིག་མཛོད་དང་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་སོགས་གང་དུའང་མི་རྙེད་པས་རྒྱལ་རོང་གི་ཡུལ་སྐད་ཁོ་ནས་འགྲོལ་དགོས་པ་ལྟ་བུར་གྱུར་ཡོད་པས། དེབ་འདི་ལས་ང་ཚོས་རྒྱལ་རོང་གི་ཡུལ་སྐད་ཀྱི་ཐུན་མོང་མ་ཡིན་པའམ་ཡང་ན་དམིགས་བསལ་གྱི་སྒྲ་གདངས་དང་ཐ་སྙད། ཚིག་སྦྱོར་གྱི་ཀློག་སྟངས་དང་སྦྱོར་ཚུལ་སོགས་ལ་རྒྱུས་ལོན་བྱ་ཆོག་གོ།

སྒྲིག་པ་པོ་ངོ་སྤྲོད།

      བཙན་ལྷ་ངག་དབང་ཚུལ་ཁྲིམས།1930ལོར་རྒྱལ་རོང་བཙན་ལྷར་འཁྲུངས། 1977ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་སློབ་དཔོན་ཆེན་མོའི་མཚན་གནས་ཐོབ། སྔ་རྗེས་སུ་ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས་ཞེས་པ་གཙོ་སྒྲིག་གནང་བ་དང་། གཞན་བརྡ་བཀྲོལ་གསེར་ཀྱི་མེ་ལོང་དང་བོད་ཀྱི་སྒྲ་གདངས་ཀྱི་རྣམ་བཤད། རྒྱལ་རོང་ཡུལ་སྐད་ཞིབ་འཇུག་བཅས་ཆེད་རྩོམ་དུ་མ་བརྩམས་གནང་མཛད་ཡོད། 
      ཀརྨ་ཚེ་རིང་།1968ལོར་རྒྱལ་རོང་འབར་ཁམས་ཀྱོམ་ཀྱོ་ཡུལ་ཚོ་ཁུ་ནུ་གྲོང་སྡེར་སྐྱེས། 1993ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། ཀྲུང་གོའི་བོད་རིག་པའི་རིག་གཞུང་དུས་དེབ་སྟེང་རྒྱལ་རོང་སྐད་ལས་བྱུང་བའི་བརྡ་རྙིང་དང་གནའ་བོའི་བོད་ཀྱི་ཡི་གེའི་ཀློག་སྟངས། བོད་ཀྱི་ཡིག་གཟུགས་དར་ཚུལ་དང་འབྲི་སྟངས་སྐོར་གླེང་བ་བཅས་དཔྱད་རྩོམ་དུ་མ་སྤེལ་མྱོང་། མིག་སྔར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་རྩོམ་སྒྲིག་གི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།