ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།ཉེ་ཆར་པདྨ་འོད་ཟེར་གྱིས་བརྩམས་པའི་«ཕྱི་མ་རྒྱུད་ཀྱི་འགྲེལ་བ་བློ་གསལ་ཡིད་ཀྱི་སྒྲོན་མེ་»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་བྱས།
༄༅།།ཉེ་ཆར་པདྨ་འོད་ཟེར་གྱིས་བརྩམས་པའི་«ཕྱི་མ་རྒྱུད་ཀྱི་འགྲེལ་བ་བློ་གསལ་ཡིད་ཀྱི་སྒྲོན་མེ་»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-11-16 16:03:50
ཀློག་གྲངས།:

དེབ་གསར་འདི་ནི་མདོ་བཞིའི་བདག་ཉིད་དུ་གྲུབ་ཅིང་། མདོ་དང་པོ་བརྟག་པ་རྩ་ཆུའི་མདོ་ནི་བོད་ཀྱི་གསོ་བ་རིག་པའི་ནད་རིགས་ངོས་འཛིན་གྱི་བརྟག་ཐབས་ལས་དཔྱོད་པ་དོན་གྱི་རིག་པ་ནད་པའི་མཁྲིག་མའི་འཕར་རྩར་རེག་པ་ལ་བརྟེན་ནས་བརྟག་ཅིང་དཔྱད་པའི་ཐབས་ཏེ། ནད་ངོས་འཛིན་པ་དང་ངོ་མཚར་བའི་རྩ་ལྐོག་གྱུར་གྱི་དོན་གསལ་བོར་རྟོགས་ཆེད་སྔོན་འགྲོ་ཟས་སྤྱོད་སྤང་བླང་གི་ཚུལ་ལ་བསླབ་པར་གདམས་པ་དང་། རྩ་བརྟག་པའི་དུས། བལྟ་བའི་ཚུལ། བལྟ་བའི་གནས་གསལ་བོར་བསྟན་ཅིང་དངོས་གཞི་ནད་མེད་ཀྱི་རྒྱུན་རྩ། དུས་ལྔའི་རྩ། ནད་དང་ནད་མེད་ཀྱི་རྩའི་འཕར་ཚུལ་དང་གྲངས་ཀ །སྤྱི་བྱེ་བྲག་གི་རྩ། འཆི་རྩ། གདོན་རྩ། ཚེ་རྩ་བཅས་ངོ་བོ་རྩ་དཔངས་ཀྱི་འགྱུར་བ་སོགས་ལ་དབྱེ་ཞིབ་བྱས་ཏེ་ནད་གཞིའི་ངོ་བོར་བརྟག་དཔྱད་དབྱེ་ཞིབ་དང་ངོས་འཛིན་བཅས་གཏན་འཁེལ་བྱེད་པ། ནད་ཐོག་ལག་ལེན་སྐབས་དམིགས་བསལ་ཁྱད་ཆོས་ལྡན་པའི་བརྟག་ཐབས་ཀྱི་རིག་པ་སྤྱི་དོན་བཅུ་གསུམ་གྱི་སྒོ་ནས་བསྟན་ཅིང་། མཐོང་བ་ཡུལ་གྱི་རིག་པའི་བརྟག་ཐབས་སྨན་པའི་མིག་གིས་བལྟ་བའི་ཐབས་ཤེས་ལ་བརྟེན་ནས་ནད་པའི་དྲི་ཆུའི་ཁ་དོག །ལྦུ་བ། དྲི་མ། ཀུ་ཡ་སོགས་ཀྱི་འགྱུར་བ་དང་། དེའི་ཁྱད་ཆོས་ལས་ཉེས་གསུམ་སོགས་ནད་སྤྱི་དང་། བྱེ་བྲག་ཚ་གྲང་གང་ཡིན་ཚུལ་བཞིན་ཤེས་པར་བྱེད་པའི་བརྟག་ཐབས་རིག་པ་སྤྱི་དོན་བརྒྱད་ཀྱི་བདག་ཉིད་དུ་གྲུབ་པ་དེ་ཡང་དུས་གསུམ་དུ་བརྟག་ཚུལ་དགུ་གཙོ་གནད་དུ་བཟུང་ནས་བརྟག་པ་དང་ཚ་གྲང་འཁྲུལ་སོ་བསལ་ཐབས། ནད་དང་གཉེན་པོ་སྤྲད་ནས་གསོ་བའི་ཚུལ་བཅས་བསྟན་ཡོད། མདོ་གཉིས་པར་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་རིག་པའི་རྣམ་བཞག་ཞི་བྱེད་ཀྱི་ཐང་སྦྱོར་བདུན་ཅུ་རྩ་བདུན། ཕྱེ་མའི་སྦྱོར་བ་བརྒྱ་དང་དྲུག་ཅུ་རྩ་ལྔ། རིལ་བའི་སྦྱོར་སྡེ་ཉེར་གཉིས། ལྡེ་གུའི་སྦྱོར་སྡེ་ཉི་ཤུ། སྨན་མར་གྱི་སྦྱོར་སྡེ་ཉེར་གསུམ། ཞི་བྱེད་ཀྱི་ཤུགས་སུ་ཐལ་སྨན་གྱི་སྦྱོར་སྡེ་བཅུ་བདུན། ཁནྜའི་སྦྱོར་སྡེ་བཅུ་བདུན། སྨན་ཆང་གི་སྦྱོར་སྡེ་བཅུ་དགུ། རིན་པོ་ཆེའི་སྦྱོར་སྡེ་ཉི་ཤུ། སྔོ་སྨན་གྱི་སྦྱོར་སྡེ་བཞི་བཅུ་རྩ་གཉིས། བསྡོམས་པས་སྨན་སྦྱོར་བཞི་བརྒྱ་དང་ཉེར་གཉིས་ཡོད། མདོ་གསུམ་པར་སྦྱོང་བྱེད་ལས་ཀྱི་མདོ་ལ་སྔོན་འགྲོ་སྣུམ་ཆོས་ཀྱི་སྦྱོར་བ་ལ་སྣུམ་སྦྱོར་བཞི། བཤལ་སྨན་གྱི་སྦྱོར་སྡེ་བརྒྱད་ཅུ་རྩ་གཉིས། སྐྱུགས་སྨན་གྱི་སྦྱོར་སྡེ་བཅུ་དྲུག ། སྣ་སྨན་དང་སྣ་སྦྱོང་གི་སྦྱོར་སྡེ་བདུན། འཇམ་རྩིའི་སྦྱོར་སྡེ་དགུ། ནི་རུ་ཧའི་སྦྱོར་སྡེ་དགུ། རྩ་སྦྱོང་གི་སྦྱོར་སྡེ་གཉིས་བཅས་བསྡོམས་པས་བརྒྱ་དང་སུམ་ཅུ་པོའི་འདུལ་སྦྱོང་གི་ལག་ལེན་དང་སྨན་རྫས་སོ་སོའི་ངོས་འཛིན། སྨན་དུ་བཀོལ་བའི་སྨན་རྒྱུ། རོ་ནུས་ཞུ་རྗེས་ཕན་ནུས་བཅས་བསྟན་ཡོད། མདོ་བཞི་པར་འཇམ་རྩུབ་དཔྱད་ནི་ཚ་གྲང་ནད་ཀྱི་ངོ་བོ་གཞོམ་པ་ལ་མཐུ་སྟོབས་མཐར་ཕྱིན་པ་གཉེན་པོ་ཟས་སྤྱོད་སྨན་གསུམ་གྱི་ཞི་མ་ནུས་པའི་ནད་རིགས་ཀུན་ལ་ལོག་གནོན་གྱི་ཚུལ་དུ་བསྟན་པའི་དཔྱད་བཅོས་ལས། ནད་རིགས་གྱི་རྒྱུ་ངན་ཁྲག་རྣམས་དངོས་སུ་ལུས་ཀྱི་ཕྱིར་འབྱིན་ཅིང་ཁྲག་རྒྱུན་འཁོར་རྒྱུགས་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་གསོ་རིག་ལས་དམིགས་གསལ་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་པའི་ཐབས་རྩལ་ཆེས་ཁྱད་པར་དུ་འཕགས་པའི་གཏར་ག་ལ་རྒྱུད་དངོས་བསྟན་གྱི་གཏར་རྩ་དོན་བདུན་དང་། མན་ངག་གི་ལག་ལེན་དྲུག་ཅུ་རྩ་བདུན་བཅས་བསྡོམས་པས་གཏར་དམིགས་བརྒྱ་དང་བཞི་བཅུ་རྩ་བཞི། གསོ་བྱའི་ལུས་ཀྱི་ཕྱི་ལ་སྤྲ་བ་སོགས་འཇོག་པ་ལ་བསྟེན་ནས་གྲང་བའི་ནད་སྟོབས་གཞོམ་པ་དང་། གཞན་གྱི་བཅོས་བརྡུགས་དང་ནད་རོ་སླར་མི་ལྡང་བ་སོགས་ལ་ཕན་སྐྱེད་ཆེ་བ། ལག་ལེན་བྱེད་སླ་ཞིང་འགྲོ་གྲོན་ཆུང་བ། ཕན་ནུས་མངོན་གསལ་དུ་ཐོན་པའི་མེ་བཙར་རྒྱུད་དངོས་བསྟན་གྱི་མེ་དམིགས་བདུན་ཅུ་དོན་གཅིག །མན་ངག་ལག་ལག་ལེན་གྱི་མེ་གསང་སུམ་བརྒྱ་བཅུ་གཉིས་བཅས་བསྡོམས་པས་མེ་དམིགས་སུམ་བརྒྱ་བརྒྱད་ཅུ་རྩ་གསུམ། ནད་ཟུག་འཕྲལ་དུ་གཅོག་པའི་དུགས་སྦྱོར་སུམ་ཅུ། ལུས་ཀྱི་རྩ་རྒྱུས་རེངས་ཁུམས་གྱོང་བ་རྣམས་བརླན་ཕབས་ཤིང་མཉེན་པར་བྱེད་པའི་ལུམས་སྦྱོར་ཉེར་བཞི། བསྐུ་མཉེ་བྱུག་གསུམ་གྱི་ཐབས་ལམ་ལས་ཉེན་ཚབ་མེད་ཅིང་ཕན་འབྲས་མངོན་གྱུར་དུ་ཐོན་པའི་བྱུག་པའི་སྦྱོར་བ་ཉེར་བརྒྱད། གོང་གི་དཔྱད་ལྔ་ལས་ནུས་པ་ལྷག་པར་ཆེ་ཞིང་དེ་དག་གི་ལོག་གནོན་དུ་གྱུར་པའི་ཐུར་མའི་གསང་དམིགས་བརྒྱ་དང་བཅུ་བཅས་བསྡོམས་པས་དཔྱད་བཅོས་བདུན་བརྒྱ་དང་དགུའི་བྱ་ཐབས་དགབ་དམིགས་སོ་སོའི་ཕན་ནུས་ལག་ལེན་བཅས་བོད་ཀྱི་གསོ་བ་རིག་པའི་ལག་ལེན་བཅོ་བརྒྱད་པོའི་རྣམ་བཞག་རྣམས་རེ་རེ་ནས་མ་འདྲེས་པས་ཁ་གསལ་ཞིང་གོ་བདེ་བ། ལག་ལེན་ཁྱེར་བདེའི་ཚུལ་དུ་གྲུབ་པར་བགྱིས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།