ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་༢༠༢༡ལོའི་དཔེ་གསར་ཁག་ཅིག
༄༅། །སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་༢༠༢༡ལོའི་དཔེ་གསར་ཁག་ཅིག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།
དུས་ཚོད།:2021-11-24 14:35:14
ཀློག་གྲངས།:
༄༅། །དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཆ་ལག་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་བློ་བཟང་རྒྱལ་བའི་དགོངས་རྒྱན།

ཤར་རྒྱལ་བ་ཙོང་པ་ཆེན་པོས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ་ཞེས་བྱ་བ་འདི་ལ་འཆད་ཉན་དང་ཉམས་བཞེས་མཛད་མཁན་ས་ཆེན་པོའི་རྡུལ་གྱི་གྲངས་ལ་འགྲན་པ་ཙམ་བྱོན་པ་མ་ཟད། དཀའ་བའི་གནས་དག་ལ་མཁས་གྲུབ་སོ་སོའི་མཁྱེན་དཔྱོད་དང་དགོངས་ཉམས་ལ་བརྟེན་ནས། ཕྱི་རབས་བསྟན་འགྲོའི་བཙས་སུ་དགོངས་འགྲེལ་དང་། མཐའ་དཔྱོད། ཟིན་བྲིས། དོགས་གཅོད། བསྡུས་དོན་བཅས་ཡིག་ཆ་གྲངས་ལས་འདས་པ་ཞིག་བཞུགས་པ་ལས། འདིར་ང་ཚོའི་ལག་ཏུ་སོན་པའི་སྐལ་བཟང་ཐོབ་པའི་མཚན་ཐོ་ཙམ་པོད་སོ་སོའི་གོ་རིམ་ལྟར་བཀོད་པ་ནི།
པོད་དང་པོ། མདོ་རྒྱུད་དུ་མ་ནས་ལུང་གིས་བསྔགས་ཤིང་དགེ་ལྡན་བསྟན་པའི་སྲོལ་འབྱེད་དམ་པ་མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་༡༣༥༧-༡༤༡༩གྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ། མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་༡༣༨༥-༡༤༣༨གིས་མཛད་པའི་ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་བསྐལ་བཟང་མིག་འབྱེད།
པོད་གཉིས་པ། སེར་བྱེས་མཁན་རབས་གསུམ་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་༡༤༢༧-༡༥༡༤ཀྱིས་མཛད་པའི་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོན་གསལ་བར་བྱེད་པའི་བསྟན་པའི་སྒྲོན་མེ།
པོད་གསུམ་པ། སེ་ར་ཐེག་ཆེན་གླིང་གི་ཁྲི་རབས་བཅུ་གཉིས་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་༡༤༦༢-༡༥༤༤མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་པོ་ཆེའི་ཕྲེང་བ། རྗེ་བཙུན་པའི་རྗེས་འབྲང་ཞིག་གིས་མཛད་པར་གྲགས་པའི་དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་པོ་ཆེའི་ཕྲེང་བའི་ཟུར་རྒྱན་བསྐལ་བཟང་མཛེས་རྒྱན། དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་ལ་འཁྲུངས་པའི་སེ་ར་བྱེས་པ་གྲྭ་ཚང་གི་བླ་མ་སེ་ར་རྗེ་བཙུན་པའི་སློབ་མ་འདུལ་བ་རང་ལས་མཁས་པ་ཞེས་གྲགས་པའི་མཁས་པའི་དབང་པོ་པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་མཐའ་དཔྱོད་ལེགས་པར་བཤད་པ་བློ་གསལ་མགུལ་རྒྱན། རྒྱལ་བ་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་༡༤༧༦-༡༥༤༡མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ལེགས་བཤད་སྙིང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སྒྲོན་མེ།
པོད་བཞི་པ། དགའ་ལྡན་ཁྲི་ཆེན་དགུ་པ་རྗེ་དབོན་བློ་བཟང་ཉི་མས་༡༤༣༩-༡༤༩༢མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་ལེགས་པར་བཤད་པའི་སྙིང་པོ་པདྨ་དཀར་པོའི་ཕྲེང་བ། འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་དང་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པས་༡༤༧༨-༡༥༥༤མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ལེགས་པར་བཤད་པའི་སྙིང་པོའི་བརྒལ་ལན་རྣམ་པར་བྱེད་པའི་ཨུཏྤལའི་འཕྲེང་བ། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་༡༤༩༣-༡༥༦༨ཀྱིས་མཛད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དཀའ་འགྲེལ་གསལ་བའི་སྒྲོན་མེ་དང་། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད། སེར་བྱེས་མཁན་པོ་པྲ་ཏི་རིན་ཆེན་དོན་གྲུབ་༡༦༧༡-༡༧༣༧ཀྱིས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་དགོངས་རྒྱན།
པོད་ལྔ་པ། སེར་བྱེས་པྲ་སྟི་དགེ་བཤེས་བློ་བཟང་དགེ་ལེགས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དགོངས་པའི་དོན་གསལ་བར་བྱེད་པའི་མེ་ལོང། ཡོངས་གྲགས་དྲང་ངེས་ཆེན་མོ་ཞུ་བ།
པོད་དྲུག་པ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་བསྟན་པའི་བདག་པོ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེས་༡༦༤༨-༡༧༢༡མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་འཁྲུལ་བྲལ་ལུང་རིགས་བཻ་ཌུརྱ་དཀར་པོའི་གན་མཛོད་སྐལ་བཟང་རེ་བ་ཀུན་སྐོང་དང་། དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་མདོར་བསྡུས་བློ་གསལ་མགྲིན་རྒྱན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་གཉིས་པ་བསེ་ཚང་སྐུ་ཕྲེང་དང་པོ་ཐུགས་སྲས་ངག་དབང་བཀྲ་ཤིས་༡༦༧༨-༡༧༣༨ཀྱིས་མཛད་པའི་ཕར་ཕྱིན་ཟུར་བཀོལ་བཞིའི་སྐོར་ལས་དྲང་ངེས་མཐའ་དཔྱོད་ཀྱི་གསུང་བཤད་ཟིན་བྲིས།
པོད་བདུན་པ། མཚན་དངོས་རིན་ཆེན་བྱང་ཆུབ་ཞུ་བ་གུང་རུ་རྒྱལ་མཚན་བཟང་པོ་དང་རྒྱལ་ཚབ་དར་མ་རིན་ཆེན་གཉིས་ཀྱི་དངོས་སློབ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡིག་ཆ་རྙིང་པ་མཛད་པ་པོ་གུང་རུ་ཆོས་འབྱུང་གིས་མཛད་པའི་དྲང་བ་དང་ངེས་པའི་རྣམ་པར་འབྱེད་པ་ལེགས་བཤད་སྙིང་པོ་ཞེས་བྱ་བའི་མཐའ་དཔྱོད་པདྨ་དཀར་པོའི་ཕྲེང་བ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཚན་ཉིད་ཡིག་ཆ་རྩོམ་མཁན་རབ་བྱུང་དགུ་པའི་ས་རྟ་༡༥༥༨ལ་སྐུ་འཁྲུངས་པའི་བྱང་རྩེ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནད་གསལ་བར་བྱེད་པ་བསྡུས་དོན་ལེགས་བཤད་གསལ་བའི་མེ་ལོང། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སློབ་མ་དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་དབུ་བླ་དགེ་ལུགས་པའི་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་འོལ་དགའ་བཞད་པའི་རྡོ་རྗེའམ་སླེ་ལུང་བློ་བཟང་འཕྲིན་ལས་༡༦༩༧-༡༧༤༠ཀྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དགོངས་དོན་གསལ་བར་བྱེད་པ་བློ་བཟང་དགོངས་གསལ། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མའི་ཞལ་སློབ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་༡༧༠༨-༡༧༦༨གྱིས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས་བརྩམས་པའི་དྲིས་ལན་དང་། ལེགས་བཤད་སྙིང་པོ་ལས་གསུངས་པའི་རང་རྒྱུད་འགོག་པའི་ཚུལ་གསུངས་པའི་ལུང་ཚིག་གི་ས་བཅད།
པོད་བརྒྱད་པ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་གཅིག་པ་ཁྲི་གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་༡༧༦༢-༡༨༣༣མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་དང་། རྣམ་ཐར་སྒོ་གསུམ་གྱི་རྣམ་གཞག་ལེགས་བཤད་རྒྱ་མཚོའི་རྦ་རླབས། དྲང་ངེས་རྣམ་འབྱེད་ཀྱི་མཆན་འགྲེལ་རྩོམ་འཕྲོ་རྣམ་རིག་གཞུང་བརྒྱའི་སྣང་བ།
པོད་དགུ་པ། སྐུ་འབུམ་དགོན་གྱི་ཁྲི་ཆེན་བཞི་བཅུ་ཞེ་བཞི་པ་དང་རོང་པོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་ཉེར་བརྒྱད་པ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོས་༡༧༥༢-༡༨༢༤མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོའི་ཟིན་བྲིས་དཀའ་གནས་གསལ་བར་བྱེད་པའི་སྒྲོན་མེ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་ཡོངས་འཛིན་ཡེ་ཤེས་རྒྱ་མཚན་གྱི་ཞལ་སློབ་དགའ་ལྡན་གསེར་ཁྲིའི་ཁྲི་རབས་བདུན་ཅུ་པ་ངག་དབང་ཆོས་འཕེལ་༡༧༦༠-༡༨༣༩གྱིས་མཛད་པའི་རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོའི་ས་བཅད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་༡༧༦༤-༡༨༥༣གྱིས་མཛད་པའི་ལེགས་བཤད་སྙིང་པོའི་གསུང་བཤད་ཟིན་བྲིས་སུ་བཀོད་པ་ཀུན་མཁྱེན་གསུང་གི་ཆུ་རྒྱུན་དག་བྱེད་མཆོད་ཡོན། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་རིག་གནས་སློབ་དཔོན་སྐུ་འབུམ་བྱམས་པ་གླིང་གི་དཀའ་ཆེན་བཞིའི་གྲྭ་སྐོར་བ་དཔའ་རིས་བློ་བཟང་རབ་གསལ་༡༨༤༠གྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་ལས་བརྩམས་པ་བློ་གསལ་རོལ་བའི་དགའ་སྟོན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་གུང་ཐང་བློ་གྲོས་རྒྱ་མཚོས་༡༨༥༡-༡༩༣༦མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དཀའ་འགྲེལ་རིན་ཆེན་སྒྲོན་མེ་དང་། བསྟན་བཅོས་ལེགས་བཤད་སྙིང་པོ་དང་རྣམ་བཤད་དགོངས་པ་རབ་གསལ་སོགས་ཀྱི་དོགས་པ་སློང་བའི་ལན་མདོ་ཙམ་བརྗོད་པ་ཀེ་ཏ་ཀའི་ཕྲེང་མཛེས། སེར་བྱེས་ཧ་གདོང་ཚེ་བརྟན་ལྷ་རམས་པའམ་དགེ་བཤེས་བློ་བཟང་ཚེ་བརྟན་མཆོག་གིས་མཛད་པའི་དྲིས་ལན་བློ་གསལ་མགུལ་རྒྱན།
པོད་བཅུ་པ། རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་སློབ་མ་དོན་གྲུབ་རྒྱལ་མཚན་གྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོའི་རྒྱ་ཆེར་བཤད་པ་དྲང་ངེས་བཞི་འདྲིལ།
པོད་བཅུ་གཅིག་པ། རྗེ་ཞྭ་དམར་བའི་སྐུ་ཕྲེང་བཞི་པ་དགེ་འདུན་བསྟན་འཛིན་རྒྱ་མཚོས་༡༨༥༢-༡༩༡༢མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་པའི་ཟིན་བྲིས་དཔྱོད་ལྡན་ཡིད་ཀྱི་མུན་སེལ་དང་། དྲང་ངེས་རྣམ་འབྱེད་ཀྱི་རེག་ཟིན་དྲང་ངེས་ཞལ་ཐོ་དཀའ་གནད་གསལ་བའི་རིན་ཆེན་སྒྲོན་མེ། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་༡༨༦༦-༡༩༤༨ མཛད་པའི་དྲང་ངེས་ཟིན་བྲིས་བདུད་རྩིའི་ཟེགས་མ། བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་༡༨༦༦-༡༩༢༨ཀྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་རབ་ཏུ་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འགྲེལ་བ་དཀའ་གནས་རྒྱ་མཚོར་བརྒལ་བའི་གྲུ་གཟིངས་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་དྲང་ངེས་ཇི་བཞིན་འབྱེད་པའི་མཛད་པ་ལས་བརྩམས་ཏེ་བསྟོད་པ་དཔག་བསམ་ལྗོན་པའི་འབྲས་བཟང་།
པོད་བཅུ་གཉིས་པ། སེ་ར་རྗེ་བཙུན་པའི་སྐུའི་གཅུང་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་སློབ་དཔོན་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཐལ་ཕྲེང་ཕས་རྒོལ་འཇོམས་པའི་གནམ་ལྕགས་མཁས་པའི་བློ་མཚོ་འཕེལ་བའི་ལེགས་བཤད་ཀྱི་ཆུ་རྒྱུན། བློ་གླིང་ཚུལ་ཁང་མཁན་ཆེན་ལེགས་པ་དོན་གྲུབ་ཀྱིས་མཛད་པའི་ལེགས་བཤད་སྙིང་པོའི་དཀའ་འགྲེལ་ལམ་ཚིག་དོན་གསལ་བའི་སྒྲོན་མེ། མངའ་རིས་པ་བློ་བཟང་ཕྲིན་ལས་ཡེ་ཤེས་ཀྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དོན་བསྡུས་བློ་གསལ་གཞོན་ནུའི་མགུལ་རྒྱན། ཁལ་ཁ་ངག་དབང་དཔལ་ལྡན་གྱི་ཡང་སྲིད་ཧོར་ཆེན་པ་ཡེ་ཤེས་རྒྱ་མཚོས་༡༨༦༠-༡༩༢༡མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དོགས་གཅོད་ལེགས་བཤད་ཀུན་འདུས། དྲང་ངེས་རྣམ་འབྱེད་ཀྱི་རྟགས་གསལ་རིག་པའི་སྒོ་འབྱེད།
པོད་བཅུ་གསུམ་པ། རྗེ་འཇིགས་མེད་བསམ་གཏན་གྱི་ཡང་སྤྲུལ་མར་ནང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོས་༡༨༩༨-༡༩༤༦མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་སྟོད་ཆ།
པོད་བཅུ་བཞི་པ། དེས་མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་སྨད་ཆ་དང་། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་ལྟ་བའི་མིག་འབྱེད།
པོད་བཅོ་ལྔ་པ། བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་སྤྲུལ་སྐུ་འཇམ་དབྱངས་བསྟན་པ་རྒྱ་མཚོས་༡༨༦༨-༡༩༤༡མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོའི་ས་བཅད་རབ་གསལ་སྒྲོན་མེ། མཁན་ཟུར་སྐལ་བཟང་དགེ་འཕེལ་གྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནད་ལས་བརྩམས་ཏེ་རྣམ་རིག་གཞུང་བརྒྱའི་དགོངས་དོན་རབ་གསལ་སྒྲོན་མེ། སེར་བྱེས་མཁན་རབས་རེ་བརྒྱད་པ་རྗེ་བཙུན་བློ་བཟང་དབང་ཕྱུག་༡༩༠༡-༡༩༧༩གིས་མཛད་པའི་དྲང་ངེས་ལེགས་པར་བཤད་པའི་སྙིང་པོའི་ཟིན་བྲིས་བློ་གསལ་སྒྲོན་མེ། སྔགས་རམས་པ་ངག་དབང་ཚེ་རིང་གིས་མཛད་པའི་ལེགས་བཤད་སྙིང་པོའི་སེམས་ཙམ་པའི་ཐད་ཀའི་གཞུང་འགའི་བརྗེད་བྱང་།
པོད་བཅུ་དྲུག་པ། ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱིས་༡༨༧༩-༡༩༤༢མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཟབ་བཤད་ནོས་སྐབས་ཀྱི་ཟིན་བྲིས་མདོ་ཙམ་དུ་བཀོད་པ། དགེ་བཤེས་ཤེས་རབ་རྒྱ་མཚོས་༡༨༨༤-༡༩༦༨མཛད་པའི་ལོག་པར་སྨྲ་བ་ཚར་གཅོད་པའི་རལ་གྲི་རྣོ་ངར་འབུམ་ལྡན་དང་། ལེགས་བཤད་སྙིང་པོའི་མཆན་སྦྱོར་མ་བུ་སྐྱིད་ངོ་སྤྲོད་པའི་ཕོ་ཉ། རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་དགེ་བའི་བཤེས་གཉེན་བློ་བཟང་འཇམ་དབྱངས་བསྟན་པའི་ཉི་མས་༡༩༡༤-༡༩༥༥མཛད་པའི་དྲང་བ་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ཆེན་པོ་ལེགས་བཤད་སྙིང་པོའི་དགོངས་དོན་གསལ་བྱེད་བླ་མའི་ཞལ་ལུང་། རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་གདན་རབས་སོ་ལྔ་པ་མཁས་པའི་དབང་པོ་བློ་བཟང་བསྟན་པ་རྒྱ་མཚོས་༡༩༢༣-༡༩༩༦མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཟུར་མཆན་བློ་གསལ་སྙིང་གི་དགའ་སྟོན།
པོད་བཅུ་བདུན་པ། དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་སེར་ཤུལ་བློ་བཟང་ཕུན་ཚོགས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཟབ་དོན་གསལ་བའི་སྒྲོན་མེ། གཙང་བཀྲ་ཤིས་ལྷུན་པོའི་དགེ་བའི་བཤེས་གཉེན་མཁས་པའི་དབང་པོ་དཀའ་ཆེན་ཤེས་རབ་ཡར་འཕེལ་༡༩༢༩-༢༠༠༡གྱིས་མཛད་པའི་དྲང་ངེས་སྡོམ་ཚིག་བློ་གསར་ཁ་རྒྱན་དང་། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་མདོར་བསྡུས་བློ་གསལ་མགྲིན་རྒྱན། དྲང་ངེས་ལེགས་བཤད་སྙིང་པོའི་སྡོམ་ཚིག་བློ་གསར་མགྲིན་རྒྱན། ལེགས་བཤད་སྙིང་པོའི་ས་བཅད་བསྡུས་པ་དྲང་ངེས་ལྟ་བའི་མིག་འབྱེད། སྟག་ཚང་དཔལ་ལྷའི་མཁས་མང་བློ་གསལ་གླིང་གི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་གསལ་རྒྱ་མཚོས་༡༩༢༢-༢༠༠༡མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བརྗེད་བྱང་ཟབ་དོན་སྣང་བའི་སྒྲོན་མེ། སེར་བྱེས་དགེ་བའི་བཤེས་གཉེན་རྗེ་བཙུན་ངག་དབང་ཟླ་གྲགས་ཀྱིས་༡༩༣༡-༢༠༡༣མཛད་པའི་དྲང་ངེས་ཀྱི་སྐོར་ལ་ཅུང་ཟད་བཤད་པ་བློ་གསལ་པད་མོ་བཞད་པའི་ཉིན་བྱེད།
པོད་བཅོ་བརྒྱད། སེར་བྱེས་གཙང་པ་མཁན་ཟུར་སྐྱབས་རྗེ་བློ་བཟང་ཚེ་རིང་གིས་༡༩༢༣-༢༠༡༤མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བཤད་ཁྲིད་ཟིན་བྲིས་བློ་བཟང་རྒྱལ་བའི་དགོངས་རྒྱན་ལུང་རིགས་གསེར་གྱི་ཐང་མ། དྷཱིཿ་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བའི་བཤེས་གཉེན་སེང་གཤོང་སྤོང་བ་པ་དགེ་འདུན་འཇིགས་མེད་དབྱངས་ཅན་དགྱེས་པའི་རྡོ་རྗེས་མཛད་པའི་ལེགས་བཤད་སྙིང་པོའི་ས་བཅད་བསྡུས་པ་དང་། བསྟན་བཅོས་ཆེན་པོ་དྲང་ངེས་ལེགས་བཤད་སྙིང་པོའི་ཚིག་འགྲེལ་ཟབ་དོན་དགོངས་པ་རབ་གསལ་འཇམ་དབྱངས་བླ་མའི་ཞལ་ལུང་བཅས་བསྡོམས་པས་མཛད་པ་པོ་བཞི་བཅུ་ཞེ་བརྒྱད་ཀྱིས་མཛད་པའི་གསུང་རབ་ཆོས་ཚན་དྲུག་ཅུ་རེ་བཞི་འདིར་ཕྱོགས་གཅིག་ཏུ་བསྒྲིགས་ནས་འགྲེམ་པའི་སྐལ་བཟང་གི་བགོ་སྐལ་བདག་ཅག་ལ་ཐོབ་པ་ལགས་སོ། །

མི་བརྟན་དུས་ཀྱི་རྒྱལ་མོའི་འཕོ་འགྱུར་གྱི་ཁྲོད་ནས་ང་ཚོའི་མེས་པོ་གོང་མའི་ཤུལ་བཞག་རྩ་ཆེའི་རིག་དངོས་དང་། རིག་པའི་གཞུང་ལུགས་གང་མང་ཞིག་ལ་གཟུགས་ཅན་གཟུགས་མེད་ཀྱི་གནོད་སྐྱོན་ཐེབས་ནས། ཕྱི་རབས་པ་ཚོའི་བགོ་སྐལ་དུ་མ་གྱུར་པ་ཕངས་སེམས་ཤིན་ཏུ་ལྕི་བའི་གནས་ཡིན་ལ། འདིར་ཡང་བསྟན་བཅོས་རིན་པོ་ཆེ་དང་འབྲེལ་ཡོད་ཀྱི་ཡིག་ཆ་གང་མང་ཞིག་གི་མཚན་ཙམ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ལས། དངོས་སུ་མཇལ་སྐལ་མ་ལྡན་པ་དག་གི་མཚན་ཐོ་བཀོད་ན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ་རྗེ་དྲུང་ཤེས་རབ་དབང་པོས་མཛད་པའི་དྲང་ངེས་དཀའ་གནད་གསལ་བྱེད་སྐལ་བཟང་མགུལ་རྒྱན། ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་ཀྱི་སློབ་མ་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་མདོར་བསྡུས་པ་བློ་གསལ་མགྲིན་རྒྱན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་བླ་མའི་ཐུགས་རྗེ་འོད་ཟེར་གྱིས་ཕྱེ་བའི་ལེགས་བཤད་པད་མ་དཀར་པོ། སེར་བྱེས་ལྷ་རམས་པ་བློ་བཟང་རྒྱལ་མཚན་གྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་བཤད་པ། ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་བར་སྐབས་ཚིགས་བཅད་ཀྱི་འགྲེལ་པ་ཀུན་མཁྱེན་བླ་མའི་དགོངས་རྒྱན། ལྷ་བཙུན་མཐུ་སྟོབས་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ས་བཅད་གཞུང་དོན་གསལ་བྱེད། བློ་གླིང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་མཛད་པའི་ལེགས་བཤད་སྙིང་པོའི་མཐའ་དཔྱོད་སྐལ་བཟང་རྣ་རྒྱན། དམ་ཆོས་དཔལ་བས་མཛད་པའི་ལེགས་བཤད་སྙིང་པོའི་འགྲེལ་བ་བློ་གསལ་དགའ་སྐྱེད། སེར་སྨད་མཁན་པོ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་མཛད་པའི་ལེགས་བཤད་སྙིང་པོའི་ཡང་འགྲེལ། ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་པོས་མཛད་པའི་དྲང་ངེས་རྣམ་འབྱེད། སེ་ར་རྗེ་བཙུན་པའི་གསུང་རྒྱུན་དྲི་མེད་བཙུན་པ་ཡེ་ཤེས་དཔལ་ལྡན་གྱིས་ཟིན་བྲིས་སུ་བཀོད་པ། ལེགས་བཤད་སྙིང་པོའི་མཐའ་དཔྱོད་མཁས་པའི་དབང་པོ་འཇམ་དབྱངས་ཆོས་དཔལ་གྱི་གསུང་རྒྱུན། ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་ཀྱིས་དྲང་ངེས་རྣམ་འབྱེད་ཀྱི་བར་སྐབས་ཚིགས་བཅད་ཀྱི་འགྲེལ་པ་ཀུན་མཁྱེན་བླ་མའི་དགོངས་རྒྱན། འཇིགས་མེད་རྒྱལ་མཚན་གྱིས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཟིན་བྲིས་དཀའ་གནད་གསལ་བར་བྱེད་པའི་སྒྲོན་མེ། སྐེད་ཚང་བློ་བཟང་དགེ་ལེགས་ཀྱིས་མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོའི་དགོངས་པའི་དོན་རབ་ཏུ་གསལ་བར་བྱེད་པའི་མེ་ལོང་། གཞན་མཛད་པ་པོ་མི་གསལ་བའི་ལེགས་བཤད་སྙིང་པོའི་མཐའ་དཔྱོད་མཁས་པའི་དབང་པོ་འཇམ་དབྱངས་ཆོས་དཔལ་གྱི་གསུང་རྒྱུན་ཞེས་པ་དང་། རྒྱལ་བ་དགེ་འདུན་རྒྱ་མཚོ་དང། འཇམ་དབྱངས་དགའ་བློ། འཇམ་དབྱངས་ཆོས་བཤེས་སོགས་ཀྱི་དྲང་ངེས་གསུང་རྒྱུན་དྲི་མེད་ལུང་རིགས་གཏེར་མཛོད། དྲང་ངེས་ལེགས་བཤད་སྙིང་པོའི་སྤྱི་དོན་ལེགས་པ། དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནད་ཅུང་ཟད་བཏུས་པ་བཅས་འདི་དག་དང་། ད་དུང་འདིར་འཁོད་མེད་པ་མང་པོ་ཡོད་ངེས་པས་ལྷག་བསམ་ཅན་སུ་ལ་བཞུགས་ན་ང་ཚོར་མཁོ་འདོན་མཛད་པའམ་འབྲེལ་ཡོད་ཀྱི་ལས་ཀ་བྱེད་མཁན་རྣམ་པའི་ཕྱག་ཏུ་སོན་ཐབས་ཅིས་ཀྱང་གལ་ཆེ་བས་ཐུགས་ལ་འདོགས་པར་ཞུ།
བསྡུ་སྒྲིག་ཇི་ལྟར་བྱས་ཚུལ།
ཐེངས་འདིར་རྗེ་བདག་ཉིད་ཆེན་པོ་སློབ་བརྒྱུད་དང་བཅས་པའི་ཐུགས་དམ་གྱི་མཐིལ་དྲང་ངེས་རྣམ་འབྱེད་ཀྱི་རྩ་འགྲེལ་ཆ་ཚང་བ་ཞིག་དཔེ་སྐྲུན་ཐུབ་ན་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ། ལོ་དུ་མའི་ཡར་སྔོན་ནས་མ་དཔེ་འཚོལ་སྡུད་ཀྱི་ལས་ལ་ཞུགས་པ་དང་། ཁྱད་པར་བོད་ཀྱི་རིག་གནས་ལ་མཁྱེན་རྒྱ་ཡངས་པའི་ཉི་ཧོང་གི་བུ་མོ་དབྱངས་ཅན་ནམ་མ་ཧོ་ལགས་དང་། ཁོང་གི་བཟའ་ཟླ་རྡོ་རྗེ་ཚེ་བརྟན་གཉིས་འདི་ཀའི་ལས་ཁུངས་སུ་ཕེབས་ཏེ་ལབ་གླེང་བྱས་པ་བརྒྱུད། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་ཁང་གི་དབུ་ཁྲིད་བཀྲ་ཤིས་ཚེ་རིང་མཆོག་གིས་ཐུགས་བཀོད་ལྟར། ཁོ་བོ་ཆེད་དུ་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་སོང་ནས་ཙོང་ཁ་པ་ཞིབ་འཇུག་ཁང་གི་དབུ་ཁྲིད་བཀྲ་ཤིས་ཚེ་རིང་གཙོས་པའི་ལས་བྱེད་པ་རྣམ་པ་དང་། དགེ་རྒན་དགེ་འདུན་སོགས་ཆེད་མཁས་པ་རྣམ་པར་གྲོས་བསྡུར་གྱིས་ལས་ཁུངས་གཉིས་མཉམ་འབྲེལ་བྱས་ནས་དཔེ་སྐྲུན་བྱེད་རྒྱུའི་གྲོས་ཆོད་བྱུང་། དེ་རྗེས་བོད་རབ་གནས་ས་ཁྱི་ལོའི་ཟླ་༡༡པའི་ཚེས་༡༣སྤྱི་ལོ་༢༠༡༨ལོའི་ཟླ་༡༢པའི་ཚེས་༢༠ཉིན་འདི་གའི་ལས་ཁུངས་སུ་དཔེ་ཚོགས་འདི་ཉིད་ཕྱོགས་སྒྲིག་དང་དཔེ་སྐྲུན་ཇི་ལྟར་བྱེད་པའི་ཐད་ནས་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། ལྷ་རམས་པ་བློ་བཟང་ཆོས་འཕགས་དང་། ལྷ་རམས་པ་འཇམ་དབྱངས། ལྷ་རམས་པ་བློ་བཟང་ཡར་རྒྱས། ལྷ་རམས་པ་ཡ་མ་བཟང་པོ། ལྷ་རམས་པ་འཕྲིན་ལས་ཐོགས་མེད། དགེ་བཤེས་དར་རྒྱས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་གི་རྡོ་རྗེ་ཚེ་བརྟན། ལྷ་མོ་སྒྲོལ་མ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ཁོ་བོ་ཁྲོཾ་ཐར་འཇམ་བློ་དང་། རྟ་མགྲིན་སྐྱབས། སྨིན་དབུས་པོ། པད་རྡོ། བསྟན་པའི་རྒྱལ་མཚན། བཀའ་བསྟན་དཔེ་བསྡུར་ཁང་གི་བསྟན་འཛིན་གྲགས་པ་སོགས་མཉམ་ཞུགས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་དཔེ་ཚོགས་ཀྱི་མཚན་གསོལ་སྟངས་དང་། གོ་རིམ་བསྒྲིག་སྟངས། རྩོམ་པ་པོའི་མཚན་འགོད་སྟངས། ཟུར་བཀོད་ཀྱི་སྐོར། མ་དཔེའི་འཚོལ་བསྡུའི་སྐོར། བསྟོད་ཆེན་བཞི་རྩ་འགྲེལ་སྐོར་བཅས་དོན་ཚན་དྲུག་གཞིར་བཟུང་ནས་ཀུན་ཀྱང་ཞལ་མཐུན་གྱིས་དྲང་ངེས་ལེགས་བཤད་སྙིང་པོ་ནི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་ལས། རབ་དང་མཆོག་ཏུ་གྱུར་པ་ཡིན་པས་ལས་གཞི་འདི་ཧ་ཅང་གི་གལ་ཆེན་ཡིན་པ་དང་། མཉམ་མེད་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་༦༠༠ལོན་པའི་དུས་ཆེན་ཁྱད་པར་བ་ལ་ཁེལ་ཡོད་པས་དུས་དེར་འགྲེམ་སྤེལ་མཛད་སྒོ་སྤེལ་ཐུབ་ན་ཤིན་ཏུ་ལེགས་ཚུལ་གྱི་ཐུགས་རེ་དང་འབྲེལ་ཏེ། གལ་ཆེའི་གསུང་བཤད་དང་དཔྱད་གླེང་མང་དུ་མཛད་པའི་གྲུབ་དོན། དཔེ་ཚོགས་ཀྱི་མཚན་ལ་དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཆ་ལག་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་བློ་བཟང་རྒྱལ་བའི་དགོངས་རྒྱན་ཞེས་གསོལ་རྒྱུ་དང་། གོ་རིམ་བསྒྲིག་སྟངས་མཛད་པ་པོའི་འཁྲུངས་ལོ་སྔ་ཕྱི་ལྟར་འགོད་རྒྱུ་དང་། མཛད་པ་པོའི་མཚན་མི་གསལ་བ་རྣམས་ཕྱོགས་གཅིག་ཏུ་འགོད་པ། མཛད་པ་པོའི་ངོས་ནས་ཕྱི་ལོ་༡༩༤༩ཡར་སྔོན་དུ་སྐུ་འཁྲུངས་པའི་མཁས་དབང་རྣམས་ཀྱི་གསུང་རྐྱང་པ་འགོད་རྒྱུ། མཛད་པ་པོའི་མཚན་ནི་གདན་ས་ཁག་དང་། དགོན་སྡེ། མཚན་ཐོབ་སོགས་གསལ་པོར་བཀོད་ཐོག་མཚན་ཡོངས་གྲགས་ལྟར་འགོད་རྒྱུར་གཏན་ཁེལ་གནང་།
འདིར་ཚོགས་འདུའི་སྐབས་གྲོས་ཆོད་བྱུང་བ་ནང་བཞིན་རྩོམ་པ་པོའི་འཁྲུངས་ལོ་དུས་རབས་སྔ་ཕྱིའི་བབ་ལྟར་བསྒྲིག་ཁུལ་བྱས་མོད། གླེགས་བམ་གྱི་བམ་ཁ་དང་། དཔེ་ཆ་ལག་ཏུ་ལོན་སྔ་ཕྱི། ཁག་གཅིག་གི་འཁྲུངས་འདས་ལོ་ཚིགས་མི་གསལ་བ་སོགས་རྒྱུ་རྐྱེན་དམིགས་བསལ་བ་རེ་ལ་བརྟེན་ནས་གོ་རིམ་ལྟར་མ་བྱུང་བ་ཡང་འགའ་རེ་བྱུང་ཡོད་པས་ཀློག་མཁན་ཡོངས་ཀྱི་ཐུགས་ལ་ངེས་པ་དང་། སྤྱིར་ང་ཚོས་རང་ནུས་ཅི་ཡོད་ཀྱིས་གཟབ་ནན་བྱས་པའི་ཁུལ་ཡིན་མོད་ཅི་ཙམ་བལྟས་ན་ཡང་ཡིག་ནོར་མེད་པའི་མཐའ་ཆོད་པ་ཞིག་དཀའ་བས་ད་དུང་ནོར་འཁྲུལ་མང་པོ་ཡོད་ངེས་པས། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མཐོལ་ཞིང་བཤགས་པ་ལགས་ན། འཕྲལ་ཡུན་གྱི་སྒྲིབ་པར་མི་འབྱུང་བའི་ཚངས་པ་མཆོག་གི་དངོས་གྲུབ་སྩོལ་བ་དང་། གཟུར་གནས་མཁས་པ་ཡོངས་ཀྱིས་ནོར་བཅོས་ཡོ་བསྲིང་གི་དགོངས་འཆར་ལྷུག་པོར་སྩོལ་བར་ཞུ་བ་དང་ཆབས་གཅིག། འདིར་འབད་པ་ལས་ཐོན་པའི་ལེགས་བྱས་རྣམ་དཀར་གྱི་ཆ་ཅི་མཆིས་པ་དང་དུས་གསུམ་གྱི་དགེ་བའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཕན་བདེ་མ་ལུས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་ས་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་པ་ཀུན་ཐུགས་དགོངས་ལྟར་འགྲུབ་པ། དེ་ལ་བརྟེན་ནས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུགས་པ་འབྱུང་བཞིའི་འཇིགས་པ་སོགས་རང་སར་ཞི་སྟེ། བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་ཅིང་། མཐར་འགྲོ་བ་ཀུན་བདེ་ནས་བདེ་བ་བྱང་ཆུབ་ཆེན་པོའི་གོ་འཕང་མཆོག་འཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།། །།
༄༅། །རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་བསྟོད་ཆེན་བཞིའི་རྩ་འགྲེལ་ཕྱོགས་བསྒྲིགས།

དེ་ཡང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཉམས་དམས་སུ་སོང་བའི་ཉེར་ལེན་ལས། ལོ་བཅུའི་གོད་ཆགས་ཀྱི་ཁྲོད་དུ་སྟོང་གསུམ་ནོར་གྱིས་བཀང་སྟེ་ཡོན་དུ་ཕུལ་ན་ཡང་བླུ་ཐབས་བྲལ་བའི། མཁས་མཛངས་གཉིས་ལྡན་གྱི་མེས་པོ་གོང་མའི་ཤེས་རབ་ཀྱི་ཉིང་བཅུད། གསུང་རབ་སྤར་ཤིང་དང་བཅས་པ་ཕལ་མོ་ཆེ་མེ་ལྷ་དང་ཆུ་ལྷའི་ཞལ་དུ་ཕུལ་ཟིན་པས་རང་རེའི་སྤྱོད་ཡུལ་དུ་མ་གྱུར་བས་བསྐྱར་གསོ་བྱ་རྒྱུའི་ནུས་མཐུ་རང་ཅག་སུ་ལའང་མེད་སྟབས། མི་རིགས་དང་དེའི་ཆོས་དང་རིག་གཞུང་ལ་སྙིང་ནས་དུང་བ་ཡོད་མཁན་ཞིག་ཡིན་ཕྱིན། ཕངས་སེམས་མི་སྐྱེ་བ་རང་དབང་མེད་ལ། ཤུལ་དུ་ལུས་པ་རྣམས་ཀྱང་མྱུར་སྐྱོབ་དང་འཚོལ་བསྡུ་དག་སྒྲིག་ལ་ཤ་ཐང་ཐང་གིས་འབད་དགོས་པ་གཞིར་བཞག་ཐོག །འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་བསྟོད་ཆེན་བཞི་དང་འབྲེལ་ཡོད་ཀྱི་ཡིག་ཆ་འབད་པས་བསྡུས་པ་རྣམས་པོད་ཆེན་བཞི་རུ་བགོས་ཏེ་བསྒྲིགས་ཡོད་ལ་མཚན་ཐོ་ཙམ་འགོད་པ་ནི་གཤམ་གསལ།
པོད་དང་པོ།
༡ འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལ།
མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་༡༣༥༧-༡༤༡༩ གྱིས་མཛད་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ། ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་༡༦༧༥-༡༧༤༨མཛད་པའི་བསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོས་༡༧༠༨-༡༧༥༧མཛད་པའི་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བའི་རྣམ་པར་འགྲེལ་པ་ཀུན་གསལ་ཤེས་རབ་འདོད་འཇོ། ཁྲི་གུང་ཐང་བསྟན་པའི་སྒྲོན་མེས༡༧༦༢-༡༨༣༣མཛད་པའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོའི་དོན་འགྲེལ་དུ་གྲགས་པ་འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་པ་སྐྱེད་བྱེད་བསྟོད་སྤྲིན་རྒྱ་མཚོ་བཅས་ཆོས་ཚན་བཞི་བཞུགས་སོ། །
༢ བྱམས་བསྟོད་ཚངས་པའི་ཅོད་པན་ལ།
མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་༡༣༥༧-༡༤༡༩གྱིས་མཛད་པའི་རྒྱལ་བ་བྱམས་པ་མགོན་པོ་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་ཚངས་པའི་ཅོད་པན། ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་༡༦༧༥-༡༧༤༨མཛད་པའི་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བའི་ཚིག་འགྲེལ་རྒྱལ་སྲས་སྤྱོད་པའི་འབྱུང་གནས། ཕུར་ལྕོག་ངག་དབང་བྱམས་པས་༡༦༨༢-༡༧༦༢མཛད་པའི་རྒྱལ་བ་མ་ཕམ་པ་ལ་བསྟོད་པ་ཚངས་པའི་ཅོད་པན་གྱི་དོན་འགྲེལ་ཚིག་དོན་གསལ་བ། ཁྲི་གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་༡༧༦༢-༡༨༣༣མཛད་པའི་བྱམས་བསྟོད་ཚངས་པའི་ཅོད་པན་གྱི་ས་བཅད། ཞང་སྟོན་བསྟན་པ་རྒྱ་མཚོས་༡༨༢༥-༡༨༩༧མཛད་པའི་བྱམས་བསྟོད་ཚངས་པའི་ཅོད་པན་མའི་འགྲེལ་བ། རབ་བྱུང་བཅུ་གསུམ་པའི་མེ་སྟག་༡༨༠༦ལ་སྐུ་འཁྲུངས་པའི་ཁལ་ཁ་ངག་དབང་དཔལ་ལྡན་གྱིས་མཛད་པའི་བྱམས་བསྟོད་ཚངས་པའི་ཅོད་པན་གྱི་དགོངས་འགྲེལ་ལམ་མཆོག་གསལ་བྱེད་བཅས་ཆོས་ཚན་དྲུག་བཞུགས་སོ། །
༣ རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པ་ལ།
མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་༡༣༥༧-༡༤༡༩ གྱིས་མཛད་པའི་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པ། ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་༡༦༧༥-༡༧༤༨མཛད་པའི་བཅོམ་ལྡན་འདས་རྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་གསལ་བ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་༡༨༤༥-༡༩༡༥མཛད་པའི་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པའི་ཚིག་དོན་རྣམ་པར་བཤད་པ་འཆི་མེད་ཚེའི་བཅུད་ལེན་བཅས་ཆོས་ཚན་གསུམ་བཞུགས་སོ། །
༤ རྟེན་འབྲེལ་བསྟོད་པ་ལེགས་བཤད་སྙིང་པོ་ལ།
མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་༡༣༥-༡༤༡༩ གྱིས་མཛད་པའི་རྟེན་འབྲེལ་བསྟོད་པ་ལེགས་བཤད་སྙིང་པོ། ཞང་ཞུང་ཆོས་དབང་གྲགས་པས་༡༤༠༤-༡༤༦༩མཛད་པའི་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བའི་བསྡུས་དོན་སྙིང་པོ་མཆོག །གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་༡༤༢༨-༡༥༠༧མཛད་པའི་རྟེན་འབྲེལ་བསྟོད་པ་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ་ལུང་དང་རིགས་པའི་འཕྲུལ་འཁོར། དགའ་ལྡན་ཁྲི་ཐོག་བདུན་པ་དྭགས་པོ་བློ་གྲོས་བརྟན་པའི་སློབ་མ་དྭགས་པོ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་བསྟོད་པ་སྙིང་པོའི་རྒྱན་རྣམ་པར་བཀོད་པ། རྒྱལ་བ་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་༡༤༧༦-༡༥༤༡མཛད་པའི་རྟེན་འབྲེལ་བསྟོད་པའི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་བླ་ན་མེད་པའི་འཇུག་ངོགས། བསེ་ཚང་སྐུ་ཕྲེང་དང་པོ་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་༡༦༧༨-༡༧༣༨མཛད་པའི་རྗེ་བཙུན་ཙོང་ཁ་བ་ཆེན་པོས་ཐུབ་དབང་མཉམ་མེད་ཤཱཀྱ་ཐུབ་པ་ལ་རྟེན་འབྱུང་ཟབ་མོ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོའི་ཚིག་དོན་ལམ་གྱི་རིམ་པར་བསྒྲིགས་པ་ཐར་འདོད་འཇུག་ངོགས།
པོད་གཉིས་པ།
ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་༡༦༧༥-༡༧༤༨མཛད་པའི་རྟེན་འབྲེལ་བསྟོད་པའི་རྣམ་བཤད་རྟག་ཆད་ཀྱི་ཚ་གདུང་རྣམ་པར་སེལ་བར་བྱེད་པ་བླ་མའི་དགོངས་དོན་གསལ་བའི་ཟླ་བ། ཕུར་ལྕོག་ངག་དབང་བྱམས་པས་༡༦༨༢-༡༧༦༢མཛད་པའི་རྟེན་འབྲེལ་བསྟོད་པའི་ཊཱིཀ་འོད་དཀར་ཕྲེང་བ། ལྕང་སྐྱ་རོལ་བའི་རྡོ་རྗེས་༡༧༡༧-༡༧༨༦མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ལེགས་བཤད་ནོར་བུའི་བང་མཛོད། རབ་བྱུང་བཅུ་གསུམ་པའི་ས་ཡོས་༡༧༥༩ལ་སྐུ་འཁྲུངས་པའི་སོག་པོ་དགེ་བཤེས་བསྟན་དར་ལྷ་རམས་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་དཀའ་གནས་ལས་བརྩམས་པའི་དོན་འགྲེལ་རིན་ཆེན་ཕྲེང་བ། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བདུན་ཅུ་པ་ངག་དབང་ཆོས་འཕེལ་༡༧༦༠-༡༨༣༩ གྱིས་མཛད་པའི་བསྟོད་པ་ལེགས་བཤད་སྙིང་པོའི་ས་བཅད། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་༡༧༤༠-༡༨༡༠མཛད་པའི་རྟེན་འབྲེལ་བསྟོད་པའི་ས་བཅད་ལྡེམ་དགོངས་ཀྱི་གསུང་འགའི་དོན་ཉམས་སུ་ལེན་ཚུལ་བཅས་མདོ་ཙམ་བསྟན་པ། ཀོང་པོ་ཡེ་ཤེས་བརྩོན་འགྲུས་༡༧༦༡-༡༨༡༦ཀྱིས་མཛད་པའི་མཁས་པ་མགུ་བ་སྐྱེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་རྟེན་འབྲེལ་བསྟོད་པའི་ཚིག་གི་དོན་རྣམ་པར་བཤད་པ་ངེས་དོན་སྙིང་པོའི་གསལ་བྱེད། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་༡༧༦༤-༡༨༥༣གྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་རིན་ཆེན་ལྗོན་ཤིང་། དངུལ་ཆུ་དྷརྨ་བྷ་དྲས་༡༧༧༢-༡༨༥༡མཛད་པའི་རྟེན་འབྲེལ་བསྟོད་པའི་ཚིག་དོན་ཉུང་ངུར་བཀྲོལ་བ་ཟབ་དོན་ལྟ་བའི་འདྲེན་བྱེད།
ཨ་ཁུ་ཤེས་རབ་རྒྱ་མཚོས་༡༨༠༣-༡༨༧༥མཛད་པའི་རྟེན་འབྲེལ་བསྟོད་པ་རྩ་འགྲེལ་གྱི་བཤད་ལུང་གི་བརྗེད་བྱང་ཐུབ་དབང་དགྱེས་པའི་མཆོད་སྤྲིན། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་༡༨༢༡ལ་སྐུ་འཁྲུངས་པའི་དཀྱིལ་ཟུར་བློ་བཟང་སྦྱིན་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་དོན་འགྲེལ་ཚིགས་སུ་བཅད་པ་ལྟ་ངན་རི་དྭགས་སྐྲག་བྱེད་ཀྱི་ལེགས་བཤད་སེངྒེ་ང་རོ། ཅོ་ནེ་བློ་བཟང་རྒྱ་མཚོས༡༨༥༥-༡༩༢༣མཛད་པའི་ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེ་བ་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས། རབ་བྱུང་བཅུ་གསུམ་པའི་མེ་སྟག་༡༨༠༦ལ་སྐུ་འཁྲུངས་པའི་ཁལ་ཁ་ངག་དབང་དཔལ་ལྡན་གྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་པ་ཚིག་ཉུང་དོན་གསལ། ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱིས་༡༨༧༩-༡༩༤༢མཛད་པའི་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོའི་ཁྲིད་ཀྱི་ས་བཅད།
པོད་གསུམ་པ།
ཀིརྟི་བརྒྱད་པ་བློ་བཟང་ཕྲིན་ལས་བསྟན་པ་རྒྱ་མཚོས་༡༨༤༩-༡༩༠༥མཛད་པའི་རྟེན་འབྲེལ་བསྟོད་པའི་བསྡུས་དོན་ཟབ་དོན་བལྟ་བའི་མིག་འབྱེད། རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་༡༨༨༠ལ་སྐུ་འཁྲུངས་པའི་རྒྱལ་མཁན་སྤྲུལ་སྐལ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་པ་རྟག་ཆད་ལྟ་བའི་ཚ་གདུང་སེལ་བྱེད་ལེགས་བཤད་བདུད་རྩིའི་ཟེགས་མ། དགེ་བཤེས་བློ་བཟང་རྟ་མགྲིན་གྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་བསྡུས་དོན། ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་པ་མཐར་འཛིན་མུན་སེལ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་པ་ལེགས་བཤད་ནོར་བུའི་བང་མཛོད་འབྱེད་པའི་གསེར་གྱི་ལྡེའུ་མིག །མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོའི་ལྗགས་ཁྲིད་བླ་མེད་ཀྱི་མཛད་འཕྲིན། བསྟན་འཛིན་རྒྱ་མཚོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཟིན་བྲིས་འཇམ་དཔལ་སྙིང་པོའི་དགོངས་རྒྱན།
པོད་བཞི་པ།
སེར་བྱེས་གཙང་པ་མཁན་ཟུར་བློ་བཟང་ཚེ་རིང་གིས་༡༩༢༣-༢༠༡༤མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཟིན་བྲིས། དགའ་ཤར་དགེ་བཤེས་ལྷ་རམས་པ་སོག་པ་མཁན་རྙིང་ཀླུ་སྒྲུབ་སྦྱིན་པས་མཛད་པའི་བསྟོད་འགྲེལ་དབུ་མའི་དོགས་དཔྱོད། དགེ་བཤེས་ཡ་མ་བསོད་ནམས་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་རྣམ་བཤད་རིན་ཆེན་ཤེལ་གྱི་མེ་ལོང་། ངག་དབང་ཚུལ་ཁྲིམས་ཀྱིས་མཛད་པའི་བསྟོད་པ་ལེགས་བཤད་སྙིང་པོའི་དོན་བསྡུས་དེ་ཉིད་གསལ་བ་བཅས་ཆོས་ལ་ཆོས་ཚན་སུམ་ཅུ། དེ་ལྟར་བསྟོད་ཆེན་བཞིའི་རྩ་འགྲེལ་ལ་མཛད་པ་པོ་སུམ་ཅུ་སོ་གསུམ་གྱིས་མཛད་པའི་ཆོས་ཚན་བཞི་བཅུ་ཞེ་གཅིག་པོད་ཆེན་བཞི་རུ་བསྡུས་ཏེ་བསྒྲིགས་ཡོད།

འདིར་གོང་གསལ་ལྟར་ང་ཚོས་ལོ་མང་པོའི་རིང་ལ་དཀའ་ངལ་ཁྱད་བསད་ཀྱིས་བཙལ་འཚོལ་ཡུན་རིང་བྱས་ཀྱང་བསོད་ནམས་ཀྱི་བགོ་སྐལ་དུ་མ་ཐོབ་པ། གུང་རུ་རྒྱལ་མཚན་བཟང་པོའི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། ལྷ་རྩེ་ཡེ་ཤེས་ཆོས་འཕེལ་གྱི་གསུང་རྟེན་འབྲེལ་བསྟོད་པའི་ས་བཅད། ཞབས་དྲུང་ཆོས་རྗེ་ངག་དབང་ཚེ་རིང་གི་གསུང་རྟེན་འབྲེལ་བསྟོད་པའི་བསྡུས་དོན། རབ་འབྱམས་ངག་དབང་ཐུབ་བསྟན་གྱི་གསུང་རྟེན་འབྲེལ་བསྟོད་པ་ལེགས་བཤད་སྙིང་པོའི་ས་བཅད། རབ་འབྱམས་ངག་དབང་ཐུབ་བསྟན་གྱི་གསུང་རྟེན་འབྲེལ་བསྟོད་པའི་འདོན་ཐབས། ཁྲི་རྗེ་དབོན་ངག་དབང་བློ་བཟང་ཉི་མའི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། སྟོབས་ལྡན་འོད་ཟེར་གྱི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། མདོ་སྨད་པ་གྲགས་པ་འོད་ཟེར་གྱི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། ར་རོང་ངག་དབང་ཆོས་གྲགས་ཀྱི་གསུང་རྟེན་འབྲེལ་བསྟོད་པའི་ཊཱིཀྐ། ལྕེ་སྟོན་ཀུན་དགའ་བཟང་པོའི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། པཎ་ཆེན་མཆོག་ལྷ་འོད་ཟེར་གྱི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ་གྱི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། བདེ་ཆེན་སྐུ་སྐྱེས་ངག་དབང་འཇམ་དབྱངས་དཔལ་ལྡན་གྱི་གསུང་རྟེན་འབྲེལ་བསྟོད་པའི་ཊཱིཀྐ། སྒོ་མང་བླ་མ་བློ་བཟང་དམ་ཆོས་ཀྱི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ། ལས་ཆེན་ཀུན་རྒྱལ་གྱི་གསུང་རྟེན་འབྲེལ་བསྟོད་པའི་མཆོད་བརྗོད་ཀྱི་རྣམ་བཤད། བློ་གྲོས་རིན་ཆེན་སེདྒེའི་གསུང་རྟེན་འབྲེལ་བསྟོད་པའི་བསྡུས་དོན། རྗེ་བཙུན་བཤད་སྒྲུབ་བསྟན་དར་གྱི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ་ཚིག་ཉུང་དོན་གསལ། ཆོས་རྗེ་བློ་བཟང་ཆོས་འཛིན་གྱི་གསུང་རྟེན་འབྲེལ་བསྟོད་པའི་ས་བཅད་བསྡུས་དོན་རབ་གསལ་སྙིང་གི་མེ་ལོང་། བློ་བཟང་རྟ་དབྱངས་ཀྱི་གསུང་རྟེན་འབྲེལ་བསྟོད་པའི་ས་བཅད། དཀའ་བཅུ་བ་བརྩོན་འགྲུས་ཀྱི་གསུང་རྟེན་འབྲེལ་བསྟོད་པའི་ས་བཅད། རྒྱལ་རོང་དགེ་བཤེས་ཚུལ་ཁྲིམས་ཉི་མའི་གསུང་རྟེན་འབྲེལ་བསྟོད་པའི་རྣམ་བཤད་ཡིད་ཀྱི་མུན་སེལ། དགེ་བཤེས་བློ་བཟང་རྒྱ་མཚོའི་གསུང་རྟེན་འབྲེལ་བསྟོད་པའི་རྣམ་བཤད་ཉི་མའི་སྙིང་པོ། དཔའ་རིས་མཆོད་རྟེན་ཐང་གི་དཔལ་རིས་སྐུ་སྐྱེས་ཞབས་དྲུང་ཆོས་ལྡན་ནམ་རྒྱ་ཏིག་གི་གསུང་རྟེན་འབྲེལ་བསྟོད་པའི་ཟིན་བྲིས། དཔའ་རིས་འཇམ་དབྱངས་སམ་རམ་རྒན་ཚང་གི་གསུང་རྟེན་འབྲེལ་བསྟོད་པའི་ཟིན་བྲིས། བསྟན་དར་སྔགས་རམས་པའི་གསུང་རྟེན་འབྲེལ་བསྟོད་པའི་འགྲེལ་པ་ཚིག་ཉུང་དོན་གསལ་བཅས་གོང་གསལ་གྱི་ཆོས་ཚན་འདི་དག་དང་ད་དུང་མཁས་པ་གཞན་གྱིས་མཛད་པ་མང་པོ་ཡོད་ངེས་པ་དང་། བསྟོད་པ་གཞན་དག་གི་འགྲེལ་པ་འདིར་ཡུལ་དུས་གནས་སྐབས་ཀྱི་རྐྱེན་པས་འཁོད་མ་ཐུབ་པ་དཀོན་རིགས་ཀྱི་མ་དཔེ་བཞུགས་ཚེ་བོད་གངས་ཅན་པའི་ཆོས་རིག་དར་སྤེལ་དང་། ཁྱད་པར་དུ་གསུང་རབ་རིན་པོ་ཆེའི་ཕྲིན་ལས་ཀྱི་རྒྱུན་ལ་དགོངས་ཏེ་ང་ཚོའམ་ཡང་ན་བགྱི་བ་འདི་རིགས་ལ་ཞུགས་ཡོད་པའི་ལས་ཁུངས་སམ་མི་སྒེར་ལ་ཅིས་ཀྱང་མཁོ་སྤྲོད་གནང་བར་ཞུ་ཞུ་ཞུ།
༄༅། །དཔལ་ས་སྐྱའི་མཁས་པ་གོ་ཤཱཀ་སྟག་གསུམ་གྱིས་མཛད་པའི་དགག་ཡིག་ཕྱོགས་བསྒྲིགས།

འདིར་བཀོད་པའི་བརྒལ་བརྟག་གི་སྐོར་རྣམས་མདོ་སྔགས་གཉིས་སུ་ཕྱེ་ནས་བསྒྲིགས་ཡོད་པ་ལས། དང་པོ་མདོ་སྐོར་ལ་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་གསུང་རབ་ཆོས་ཚན་གཉིས་ཀྱི་དང་པོ་དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ་ཞེས་པ་སྟེ། འདི་ལས་དབུ་མ་འཇུག་པའི་མཆོད་བརྗོད་ནས་བཟུང་སྤྲུལ་སྐུ་འཕྲིན་ལས་དང་བཅས་པ་བཤད་པའི་བར་དཔལ་ལྡན་ཟླ་བའི་གྲགས་པའི་དགོངས་པ་ཇི་བཞིན་དུ་བཀྲལ་ནས་ཞར་ལ་རྗེ་བདག་ཉིད་ཆེན་པོའི་འཇུག་འགྲེལ་དགོངས་པ་རབ་གསལ་ལ་རྣམ་གྲངས་ལྔ་བཅུ་རྩ་བརྒྱད་ཀྱི་སྒོ་ནས་དགག་པ་མཛད་ཡོད། གཉིས་པ་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ཞེས་པ་སྟེ། གཞུང་འདིར་གངས་རིའི་ལྗོངས་ཀྱི་དབུ་མ་སྨྲ་བ་རྣམས་མཐར་ཐུག་ལྟ་བའི་གནད་ལ་མི་འདྲ་བ་གསུམ་སྟེ། རྟག་མཐའ་ལ་དབུ་མར་སྨྲ་བ་དང་།ཆད་མཐའ་ལ་དབུ་མར་སྨྲ་བ། མཐའ་བྲལ་ལ་དབུ་མར་སྨྲ་བ་གསུམ་དུ་བཞེད་དེ། སྔ་མ་གཉིས་ལ་མི་འཐད་པར་བརྗོད་པ་དང་། ཕྱི་མ་འཐད་ལྡན་རང་ལུགས་སུ་བཞེད་ནས་ཉུང་ངུའི་ངག་གིས་ཟབ་དོན་ལྷུག་པར་བཀྲལ་ཡོད།གཉིས་པ་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་ཆོས་ཚན་བཅུ་བཞུགས་པ་ལས།དང་པོ་ཟབ་ཞི་སྤྲོས་བྲལ་གྱི་རྣམ་པར་བཤད་པ་འཆི་མེད་བདུད་རྩིའི་ལམ་པོ་ཆེ་ཞེས་བྱ་བ་སྟེ། འདི་ལས་ཐུགས་རྗེ་ཅན་སྟོན་པ་ཉག་གཅིག་གི་གསུང་རབ་ལས་བྱུང་བའི་བདུད་རྩི་ངོས་བཟུང་བ་དང་།སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་སོ་སོ་ལ་བདུད་རྩིའི་ཐོབ་སྐལ་ཇི་ལྟར་ཡོད་པའི་ཚུལ། བདུད་རྩི་ཡོངས་སུ་རྫོགས་པར་ཐོབ་ནས་གྲུབ་མཐའ་བཞིའི་མཆོག་ཏུ་གྱུར་པར་བཞག་པའི་ཚུལ་དང་། དབུ་མ་རང་སྟོང་དང་གཞན་སྟོང་གི་དབྱེ་བ་སོ་སོར་བཤད་པ་དང་། ལྟ་བ་དེ་གཉིས་ཀ་ཡང་དབུ་མའི་ལམ་དུ་མཐུན་པར་བསྟན་ཡོད།གཉིས་པ་དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཡིད་བཞིན་ལྷུན་པོ་ཞེས་བྱ་བའི་བསྟན་བཅོས་ལས། དབུ་མའི་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རབ་ཏུ་དབྱེ་བ་གསུམ་གྱིས་བསྟན་པ་སྟེ། དེ་ཡང་བརྗོད་བྱ་དོན་གྱི་དབུ་མའི་དབྱེ་བ་མདོར་བསྟན་པ། རྗོད་བྱེད་ཚིག་གི་སྲོལ་འབྱེད་ཇི་ལྟར་བྱུང་བ་རྒྱས་པར་བཤད་པ། དེ་དག་གི་སྐབས་སུ་དགག་སྒྲུབ་ཅུང་ཟད་བགྱིས་པས་དོན་བསྡུ་བ་གསུམ་གྱི། གསུམ་པ་དགག་སྒྲུབ་ཅུང་ཟད་བགྱིས་ཏེ་མཇུག་བསྡུ་བ་ལ། དབུ་མའི་ངོས་འཛིན་རྒྱ་ཆུང་ན་ཆོས་སྤོང་གི་ཉེས་དམིགས་ཡོད་པར་བསྟན་པ། རྒྱ་ཆེ་ཤོས་དེའི་ངོས་འཛིན་གཞན་དུ་བྱས་པས་ལུང་དང་འགལ་བར་བསྟན་པ། ཕྱིས་བྱོན་དབུ་མའི་ངོས་འཛིན་རང་ལ་གྲགས་པའི་ལུང་དང་མ་མཐུན་པ་བཅས་ཀྱིས་བསྡུས་ཡོད། གསུམ་པ་དབུ་མ་ཆེན་པོའི་སྒོམ་རིམ་ལ་འཁྲུལ་པ་སྤོང་ཞིང་། ཐལ་རང་གི་གྲུབ་པའི་མཐའ་དང་ལྟ་བའི་གནས་རྣམ་པར་བཞག་པ་ཚངས་པའི་དབྱངས་ཀྱི་རྔ་སྒྲ་ཞེས་བྱ་བ་ལས། བདེན་སྟོང་གི་མཚན་མ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ།སྤྲོས་བྲལ་གྱི་མཚན་མ་འགོག་བྱེད་ཀྱི་རིགས་པ་བཤད་པ། སྤྲོས་བྲལ་དེ་ཉིད་དབུ་མའི་ལྟ་བར་བསྟན་པ་ལ། ཡུལ་ཅན་ལྟ་བ་ངོས་བཟུང་ནས་དེ་ལ་འཁྲུལ་པ་དགག་པ། ལྟ་བའི་ཡུལ་གྱི་རྣམ་གྲངས་གཉིས་པ་བསྟན་ནས་དེ་ལ་འཁྲུལ་པ་བསལ་བ་སོགས་ཀྱིས་བསྟན་ཡོད།བཞི་པ་བདེན་པ་གཉིས་ཀྱི་གནད་ལ་འཇུག་པ་ངེས་དོན་བདུད་རྩིའི་ཐིགས་པ་སོགས་དབུ་མའི་ཆོས་སྐོར་འགའ་ཞིག་དང་། ལྔ་པ་དབུ་མ་འཇུག་པའི་ཚིག་རྐང་གཉིས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པའི་བར་གྱི་ཆོས་རྣམས། ཐ་སྙད་དུ་ཡོད་ཅེས་བྱ་བ་དང་། དོན་དམ་པར་མེད་ཅེས་བྱ་བ་གཉིས་ཀྱི་རྣམ་པར་བཤད་པ་ལ། རང་གི་འདོད་པ་བཞག་པ་དང་། གཞན་གྱིས་བཏགས་པའི་མཐའ་དགག་པ་དང་། དེ་ལ་རྩོད་པ་སྤང་བ་བཅས་ཀྱིས་བསྟན།དྲུག་པ་ཡུལ་གངས་ཅན་གྱི་ལྗོངས་ཀྱི་བསྟན་པའི་སྙིང་པོ་དབུ་མའི་གཞུང་ལུགས་པ་ཆེན་པོ་རྣམས་ཀྱི་སྙན་དུ་སྤྲིངས་པ་ཚངས་པའི་འཁོར་ལོས་རང་བཟོའི་དྲེགས་པ་ཉམས་བྱེད་ཅེས་བྱ་བ་དང་།བདུན་པ་དབུ་མ་ཐལ་རང་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་བསྟན་བཅོས་ངེས་དོན་གྱི་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་ཀྱི་གྲུ་ཆེན་ཞེས་བྱ་བ་སྟེ་འདི་དག་ལས། སྒྱུ་མ་རིགས་སྒྲུབ་ཏུ་འདོད་པའི་དབུ་མ་པ་དང་། རབ་ཏུ་མི་གནས་པའི་དབུ་མ་པ་སོགས་གཙོ་བོར་བྱས་པའི་ལུགས་མང་པོར་དགག་པ་མཛད་ཡོད།བརྒྱད་པ་གཞན་ལུགས་ཀྱི་ནི་དབུ་མ་ལ། །རྟོག་གེས་བརྟགས་པའི་ནོར་བུའི་ཕྲེང་། །བརྒྱ་དང་རྩ་བརྒྱད་ཡོད་པ་ཡི། །ངོས་འཛིན་གསལ་པོ་འདི་ན་བཞུགས། །ཞེས་པ་ལས་དབུ་མ་ཐལ་རང་གི་ཁྱད་པར་སྤྱིར་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་ལེན་ལ་འཆད་པ་འཁྲུལ་ཞེས་པ་སོགས་བཅུ་ཚན་དང་པོ། རྟགས་ཀྱི་དགག་བྱ་ངོས་མ་ཟིན་པར་བདེན་མེད་ངོས་འཛིན་པར་འདོད་པ་སོགས་བཅུ་ཚན་གཉིས་པ། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་བཀག་པའི་རིགས་པ་རྣམས་ཀྱི་དགོངས་པ་འཆད་མ་ཤེས་པས་ནོར་བ་སོགས་བཅུ་ཚན་གསུམ་པ། དོན་དམ་པའི་བདེན་པ་དཔྱད་གཞིར་བཟུང་ནས་དཔྱོད་པའི་རིགས་པས་དོན་དམ་བདེན་པ་རྙེད་པར་འཆད་པ་སོགས་བཅུ་ཚན་བཞི་པ། དབུ་མ་པས་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་ནས། ཐབས་ཀྱིས་རྒྱ་ཆེན་པོ་ལ་འཇུག་པ་དེའི་ཚེ། འཇིག་རྟེན་ལ་གྲགས་པའི་དོན་དམ་པའི་བདེན་པའི་བདེན་པ་དེ་ཉིད་ཁས་ལེན་གྱི། དངོས་སྨྲ་བ་ལ་གྲགས་པའི་ཀུན་རྫོབ་ནི་ཐ་སྙད་དུ་ཡང་ཁས་མི་ལེན་པའི་རྣམ་གཞག་མ་ཤེས་པས་ནོར་བ་སོགས་བཅུ་ཚན་ལྔ་པ། བདག་གཉིས་ཀྱི་འཇོག་མཚམས་ལས་མ་གཏོགས་པའི་བདག་ཕུང་གསུམ་པའི་རྣམ་གཞག་ཁས་བླངས་པས་ནོར་བ་སོགས་བཅུ་ཚན་དྲུག་པ། བདག་མེད་གཉིས་ཀྱི་འཇོག་མཚམས་ཆོས་ཅན་རྐྱང་བའི་སྒོ་ནས་འབྱེད་པ་མ་གཏོགས་དེར་འཛིན་གྱི་བློ་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ལ་ཁྱད་པར་མེད་པ་འཁྲུལ་པ་སོགས་བཅུ་ཚན་བདུན་པ། སངས་རྒྱས་ཀྱི་ས་ན་དངོས་ཀུན་ཡང་དག་བརྫུན་པ་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཀུན་རྫོབ་ཀྱི་བདེན་པ་ཡོད་པར་འཆད་པ་འཁྲུལ་པ་སོགས་བཅུ་ཚན་བརྒྱད་པ། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་པར་འཆད་པ་འཁྲུལ་པ་སོགས་བཅུ་ཚན་དགུ་པ། ཀུན་གཞིའི་སྟེང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་བཞག་ནས། ནམ་ཞིག་དེ་ཡོངས་སུ་སྨིན་པ་ལས་འཁོར་འདས་ཀྱི་ཆོས་རྣམས་མངོན་དུ་འགྱུར་བ་ཡིན་ནོ་ཞེས་རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བ་དེ་དེ་ལྟར་དུ་ཁས་མི་ལེན་པ་སོགས་བཅུ་ཚན་བཅུ་པ། ཉན་རང་འཕགས་པས་བདེན་མེད་རྟོགས་པ་དང་། སྤྲོས་བྲལ་རྟོགས་པའི་རྩིང་ཞིབ་མ་ཕྱེད་པར། འཕགས་པ་ཡིན་ན་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པས་ཁྱབ་པར་འཆད་པ་འཁྲུལ་པ་སོགས་བརྒྱད་དང་བཅས་བསྡོམས་པས་རྣམ་གྲངས་བརྒྱ་དང་བརྒྱད་བཞུགས་པ་སྟེ། གཞུང་ལས། སྙེངས་བྲལ་ཟླ་བ་གྲགས་པའི་ཞབས་ཀྱི་ལུགས་འཆད་པ་ལ་ནོར་བའི་འཕྲང་ཆེན་པོ་བརྒྱ་དང་བརྒྱད་སྣང་བ་དེ་རྣམ་དཔྱོད་ཀྱི་མིག་དང་ལྡན་པ་རྣམས་ལ་གསལ་བར་བརྡ་སྤྲད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དགུ་པ་རྟེན་འབྲེལ་བསྟོད་པ་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ་ལུང་དང་རིགས་པའི་འཕྲུལ་འཁོར་ཞེས་བྱ་བ་ལས། རྗེ་ཙོང་ཁ་པས་མཛད་པའི་བསྟོད་པ་ལེགས་བཤད་སྙིང་པོའམ་རྟེན་འབྲེལ་བསྟོད་པ་ཞེས་གྲགས་པའི་གཞུང་གི་བརྗོད་བྱ་ལས་བརྩམས་ཏེ། ཚིགས་བཅད་ཀྱི་ལམ་ནས་དགག་པ་མཛད་ཡོད། བཅུ་པ་སྟོང་ཐུན་ཆུང་བ་དབང་པོའི་རྡོ་རྗེ་ཞེས་བྱ་བ་བློ་གསལ་མགུ་བྱེད་ཅེས་པ་ལས་འཇུག་པ་ལས་བསྟན་པའི་སྙིང་རྗེ་གསུམ་གྱི་རྣམ་གཞག་སོགས་དབུ་མའི་སྐོར་ལས་བརྩམས་ཏེ་དགག་བཞག་སྤོང་གསུམ་མཛད་ཡོད་དོ། །གསུམ་པ་གཙང་སྟག་ཚང་གི་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་གྱིས་མཛད་པའི་བསྟན་བཅོས་གསུམ་བཞུགས་པའི་དང་པོ་གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་སྒྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། ལྟ་བ་སྤྱིར་བརྟག་པ། གང་ཟག་གི་བདག་གཙོ་བོར་དགག་པ། བཟུང་བའི་ཆོས་བདག་གཙོ་བོར་དགག་པ། འཛིན་པའི་ཆོས་བདག་གཙོ་བོར་དགག་པ། ཕྲ་བའི་བདག་གཉིས་བཀག་ནས་མཐའ་བྲལ་སྒྲུབ་པ་དང་བཅས་ལེའུ་ལྔའི་བདག་ཉིད་ཅན་དང་། གཉིས་པ་གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་སྒྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ལེགས་བཤད་ཀྱི་རྒྱ་མཚོ་ཞེས་བྱ་བ་དང་།གསུམ་པ་མཐའ་བྲལ་དབུ་མའི་ལྟ་བ་མཐའ་གཉིས་མུན་སེལ་ལས། རིག་པས་དཔྱད་པ་དང་།དཔྱད་དོན་བསྒོམ་པ། མ་བརྟག་མ་དཔྱད་པ་དང་། ཅུང་ཟད་དཔྱད་པ་དང་། ལེགས་པར་དཔྱད་པའི་རྣམ་གཞག་གསུམ་དུ་དབྱེ་བ། ཆོས་ཉིད་དོན་དམ་བདེན་པ་མེད་དགག་དང་། དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པས་ཡོངས་གཅོད་དུ་གྲུབ་མ་གྲུབ། དབུ་མ་པས་བདེན་གྲུབ་འགོག་པའི་རྟགས་ཆེན་ལྔ་རུ་གྲགས་པ་རྣམས་ཀྱི་རྣམ་བཞག་སྟོན་པ་བཅས་བསྡོམས་པས་པོད་དང་པོ་མདོ་ཕྱོགས་ལ་ཆོས་ཚན་བཅོ་ལྔ་བསྡུས་ཡོད་དོ། །
པོད་གཉིས་པ་སྔགས་ཕྱོགས་ལ་ཀུན་མཁྱེན་ཆེན་པོས་མཛད་པའི་ཆོས་ཚན་བཞི་བཞུགས་པའི་དང་པོ་སྡོམ་པ་གསུམ་གྱི་བསྟན་བཅོས་ལ་དྲིས་ཤིང་རྩོད་པའི་ལན་སྡོམ་གསུམ་འཁྲུལ་སྤོང་ཞེས་བྱ་བ་ནི། པཎ་ཆེན་ཤཱཀྱ་མཆོག་ལྡན་པས། ཆོས་རྗེ་འཇམ་དབྱངས་བླ་མས་མཛད་པའི་སྡོམ་གསུམ་རབ་དབྱེའི་དཀའ་བའི་གནས་ལ་དོགས་པ་ཡོད་པའི་དྲི་བའི་གནས་བརྒྱ་རྩ་བརྒྱད་བཀོད་པའི་ཚིགས་སུ་བཅད་པ་མང་པོ་ཞིག་སྤེལ་ཏེ་དབུས་གཙང་ཁམས་གསུམ་ན་བཞུགས་པའི་མཁས་པ་བསྟན་བཅོས་འདིའི་རྗེས་སུ་འབྲང་བ་རྣམས་ཀྱིས་ལན་ཐོབ་ཅེས་དྲིལ་བསྒྲགས་པ་ལ། ལན་དུ་མཛད་པ་སྟེ། གཞུང་ལས། དོགས་པ་ཞུགས་པའི་དྲི་བ་བཞི་ཡོད་ཅིང་། རྣམ་དཔྱོད་དང་ལྡན་པ་དག་གིས་དོགས་པ་སེལ་དགོས་པའི་དཔྱོད་ལྡན་གྱི་དྲི་བ་ཡང་འགའ་ཞིག་འདུག་མོད་ཀྱི། ཕལ་ཆེར་ནི་ཚིག་ལ་འཁྲི་བ་ཙམ་དང་། གཡས་ཆུང་བ་ཙམ་དང་། འགའ་ཞིག་ནི་རང་ཉིད་ཀྱིས་མ་གོ་བས་གཞན་གོ་བ་མེད་དམ་སྙམ་པ་དང་། ལ་ལ་ནི་ཐུག་མེད་ཀྱི་དྲི་བ་ལྟ་བུར་སྣང་བས་ལན་གྱི་སྤྲོས་པ་ལ་བརྩམ་པ་མ་བྱས་ཤིང་།སྙིགས་དུས་ཀྱི་སྐྱེ་བོ་རང་སྐྱོན་མེ་ལོང་བསྟན་ཀྱང་མི་མཐོང་། གཞན་སྐྱོན་སྣང་བྱེད་མེད་ཀྱང་གསལ་བ་དག་གིས་ཕྱོགས་འཛིན་གྱི་ཅ་ཅོས་རང་གཞན་གྱི་རྒྱུད་བསྲེགས་ཀྱི་དོགས་ནས་རེ་ཤིག་བཏང་སྙོམས་སུ་བཞག་པ་ཡིན་ན་ཡང་། ལུགས་མཆོག་འདི་ལ་ཤིན་ཏུ་སྡང་བའི་སྐྱེ་བོ་འགའ་ཞིག་གིས་ཚིག་འདི་ཙམ་གྱིས་མགྲིན་པ་བཏེགས་ནས་ཆོས་དང་། གང་ཟག་ལ་ཤིན་ཏུ་སྨོད་པའི་ཉེས་པར་འགྱུར་བར་མཐོང་ནས་དེ་དག་ཚར་བཅད་པའི་ཕྱིར་དང་། ལུགས་འདི་ལ་ཤིན་ཏུ་དད་ཀྱང་རང་སྟོབས་ཀྱིས་འབྱེད་པར་མ་ནུས་པའི་སྐྱེ་བོ་ཐེ་ཚོམ་གྱི་ལང་ལོང་དུ་གྱུར་པ་དག་ངེས་པ་བསྐྱེད་པའི་སྒོ་ནས་རྗེས་སུ་བཟུང་བའི་ཕྱིར་དང་། རྗེས་འབྲང་དག་གིས་ལན་སྨྲ་བར་མ་ནུས་སོ་ཞེས་མགྲིན་པ་བསྒྲིགས་པས་ཀྱང་ཅུང་ཟད་རྐྱེན་བྱས་ཏེ། ད་ནི་ཁོ་བོས་ལན་རིམ་པ་བཞིན་སྨྲ་བ་འདི་ལ་དབུས་གཙང་ཁམས་གསུམ་གྱི་མཁས་པ་ལུང་དང་རིགས་པ་མཁྱེན་པ་བློ་གཟུ་བོར་གནས་པ་དག་གིས་ཚུལ་བཞིན་དུ་དཔྱོད་ཅིག །ཅེས་གསུངས་ནས་ལན་མཐར་ཆགས་སུ་མཛད་པའོ། །གཉིས་པ་མདོ་རྒྱུད་ཀུན་གྱི་དོན་བསྡུས་པ་སྙིང་པོ་ཡིད་ཀྱི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་དང་། གསུམ་པ་སྡོམ་གསུམ་རབ་དབྱེའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པ་ལེགས་བཤད་འོད་ཀྱི་སྣང་བ་ཞེས་བྱ་བར། གཞི་ཡི་སྐབས་དང་། སྡོམ་གསུམ་སོ་སོར་སྐབས་གསུམ་དང་བཅས་སྐབས་ཆེན་པོ་བཞི་དང་། ཞར་ལ་འཕྲལ་གྱི་ལག་ལེན་འགའ་ཞིག་མི་འཐད་པའི་ཚུལ་བཅས་བསྟན་པ་ལས། གཞི་ཡི་སྐབས་སུ་ཡང་རང་ལུགས་ལ་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་ཀྱི་དགོངས་པ་ངོས་བཟུང་ནས་མཐར་བྱམས་ཀླུ་དགོངས་པ་གཅིག་ཏུ་བསྒྲུབས་ཡོད་ལ། གཞན་ལུགས་དགག་པ་ལ་དགག་བྱ་བཀག་པའི་མེད་དགག་སྙིང་པོ་ཡིན་པ་དང་། སྙིང་པོ་ལ་སངས་རྒྱས་ཀྱི་སྙིང་པོ་དང་སེམས་ཅན་གྱི་སྙིང་པོ་གཉིས་སུ་འདོད་པ། འགྲོ་ཀུན་སྙིང་པོས་སྟོང་པར་འདོད་པ། དག་པ་གཉིས་པོ་འགལ་བར་འདོད་པ། སྙིང་པོ་དཔྱད་བཟོད་བདེན་གྲུབ་ཏུ་འདོད་པ་བཅས་ལ་ལུང་དང་རིགས་པའི་ལམ་ནས་དགག་པ་མཛད་ཡོད་པ་དང་། ལམ་གྱི་སྐབས་སུ་ཡང་ལམ་གྱི་རྣམ་གཞག་སྤྱི་དང་སྡོམ་གསུམ་སོ་སོའི་ལམ་བྱེ་བྲག་ཏུ་བཤད་པའི་སྒོ་ནས་དགག་བཞག་གི་སྤྲོས་པ་སྣ་ཚོགས་བསྐྱངས་ཡོད།ལམ་གྱི་ཡན་ལག་རྣམ་དག་སྒྲུབ་པའི་ཆེད་དུ་སྦྱིན་སྲེག་གི་རྫས་སྔགས་དང་། གཏོར་མགྲོན་གཤེགས་ཚུལ། དཀྱིལ་འཁོར་གྱི་བཀོད་པ། གཤིན་པོ་རྗེས་འཛིན། ཕྱག་མཆོད་ཀྱི་ཡུལ། གཟུངས་གཞུག་གི་ལག་ལེན་བཅས་འཕྲལ་གྱི་ལག་ལེན་ནོར་བ་འགའ་ཞིག་བཅོས་པ་དང་། འབྲས་བུའི་གནས་སྐབས་སུ་སྐུ་གསུམ་དང་སྐུ་བཞིའི་གྲངས་ངེས་དང་མདོ་རྒྱུད་དགོངས་པའི་ཁྱད་པར་སོགས་ལ་དགག་བཞག་གནད་དུ་འགྲོ་བ་མཛད་ཡོད་དོ། །བཞི་པ་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ལག་ཏུ་བླང་བའི་རིམ་པ་གཞན་ཕན་འོད་ཟེར་ལ་རྩོད་པ་སྤོང་བ་གཞན་ཕན་གནོད་འཇོམས་ལས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་རྒྱུད་བཤད་ཐབས་མན་ངག་དང་། ས་བཅད། མཆན་བུ། ལག་ལེན་བཅས་གསལ་བྱེད་ལ་གཞན་ཕན་སྤྱི་ཆིངས་།གཞན་ཕན་འོད་ཟེར། གཞན་ཕན་ཉེར་མཁོ་རྣམས་མཛད་ནས་ངན་སོང་སྦྱོང་བའི་རྒྱུད་གསལ་བར་མཛད་པ་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་སྤྱིར་བོད་ཀྱི་ཀུན་རིག་གི་ཆོ་ག་མཐའ་དག་དང་ཁྱད་པར་གཞན་ཕན་འོད་ཟེར་གྱི་ལུགས་དེ་དག་རྒྱུད་ཀྱི་དགོངས་པར་ཞུགས་པ་མ་ཡིན་ནོ་ཞེས་སྐྱོན་བརྗོད་པ་དག་ལ། སྐྱོན་རེ་རེ་ནས་མི་འཇུག་པར་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་ལན་མཐར་ཆགས་སུ་མཛད་ཡོད།ལྔ་པ་རྡོ་རྗེ་ཐེག་པ་ལ་ལོག་པར་སྨྲ་བ་ཚར་གཅོད་པ་རིག་པའི་མཚོན་ཆ་ལས། གངས་རིའི་ལྗོངས་འདིའི་མཁས་པ་ཕལ་མོ་ཆེ་ཞལ་མཐུན་པར་མ་དག་པའི་བློ་ལ་ཐ་མལ་དུ་ཤར་བའི་ཕུང་ཁམས་སྐྱེ་མཆེད་རྣམས་སྦྱང་གཞི་དང་། རྣལ་འབྱོར་ཆེན་པོས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ཆོག་དང་བཅས་པ་སྦྱོང་བྱེད་དུ་བྱས་ནས། སྦྱོང་ཚུལ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ཆོག་དང་བཅས་པར་སྣང་བ་བསྒྱུར་བའི་ཚུལ་གྱིས་སྦྱོང་བར་མཚུངས་ནའང་། ཕྱིས་དགེ་ཕྱོགས་པའི་མཁས་པ་དག་གིས་དེ་དང་མི་མཐུན་པར་མ་དག་པའི་ཕུང་ཁམས་སྦྱང་གཞིར་མི་བཞེད་པར་འབྱུང་འགྱུར་གྱི་སྐྱེ་འཆི་བར་དོ་གསུམ་ཁོ་ན་སྦྱང་གཞིར་འདོད་པ་དང་། སྦྱོང་བྱེད་ཀྱང་སྔར་ལྟར་མ་ཡིན་པར་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་མཚུངས་པའི་སྐབས་དེ་ཉིད་འདོད་པ་དང་། སྦྱོང་ཚུལ་ཐ་མར་བ་ལ་སྐྱེ་འཆི་བར་དོ་གསུམ་འོང་བའི་དོད་ལ། ལམ་བསྒོམ་སྟོབས་ཀྱིས་སྐུ་གསུམ་འབྱུང་བ་སྦྱོང་ཚུལ་དུ་འདོད་པ་དང་། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོ་དཔལ་གསང་བ་འདུས་པ་ཡིན་པར་བཞེད་པ་སོགས་གསུངས་པ་ལ་འགོག་བྱེད་ཀྱིས་ལུང་རིགས་མང་དུ་བཀོད་ནས་བཀག་ཡོད་པ་བཅས་ཀུན་མཁྱེན་ཆེན་པོ་བསོད་ནམས་སེང་གེས་མཛད་པའི་སྐོར་དང་།གཉིས་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་པས་མཛད་པའི་ཆོས་ཚན་བཅོ་ལྔ་བཞུགས་པ་ལས། དང་པོ་སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་བརྒལ་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་ཞེས་བྱ་བ་ལས། ཕྱི་རབས་པ་དག་གིས་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་དབང་ལྡན་རྒྱུན་ཆགས་པ་དེ། སོ་ཐར་སྡོམ་པའི་མཚན་ཉིད། གཞན་ལ་ཕན་པ་གཞི་དང་བཅས་པ་བསྒྲུབ་པའི་སེམས་པ་དབང་ལྡན་རྒྱུན་ཆགས་དེ། བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད། ལྷ་དང་ཡེ་ཤེས་ཀྱི་རྣམ་པར་བྱིན་གྱིས་བརླབས་ནས་ཉམས་སུ་ལེན་པའི་ཚུལ་ཁྲིམས་དེ། སྔགས་ཀྱི་སྡོམ་པའི་མཚན་ཉིད། དེ་ཡང་སོ་སོར་ཐར་པའི་སྡོམ་པ་ནི་ཤི་འཕོས་པས་མི་གཏོང་ཞིང་། སྡོམ་པ་གསུམ་རིམ་མནོས་པའི་དགེ་སློང་གི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་ཡང་དེའི་རྒྱུད་ཀྱི་བྱང་སེམས་དང་སྔགས་ཀྱི་སྡོམ་པ་ཡིན་ཏེ། དེ་དེར་གནས་གྱུར་པའི་ཕྱིར། དེ་ལྟར་འཆད་པ་དེ་ནི་རྗེ་བཙུན་ས་སྐྱ་པ་ཆེན་པོ་གྲགས་པའི་ཞབས་ཀྱི་བཞེད་པའི་དགོངས་པ་ཡིན་ནོ་ཞེས་ཟེར་བ་དག་ལ། སྡོམ་གསུམ་སོ་སོའི་མཚན་ཉིད་མི་འཐད་པ། སྔགས་སྡོམ་གྱི་ཐོབ་མཚམས་དཔྱད་པ། གཞི་མཐུན་ལ་དཔྱད་པ། སྒྲུབ་བྱེད་མ་ངེས་པ། སྒྲུབ་བྱེད་ལ་གནོད་བྱེད་བརྗོད་པ་བཅས་ཀྱིས་སུན་དབྱུང་མཛད་ཡོད། གཉིས་པ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཀྱི་འབེལ་གཏམ་རྣམ་པར་ངེས་པ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་ལས།ཉན་ཐོས་སྡོམ་པ་རྣམ་རིག་མིན་ཞེས་སོགས་སོ་སོར་ཐར་པའི་སྐབས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ་ལ་དྲི་བ་སུམ་ཅུ་སོ་གཉིས། ལེའུ་གཉིས་པ་བྱང་སེམས་ཀྱི་སྡོམ་པའི་སྐབས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པའི་སྐབས་སུ་དྲི་བ་བཅུ་གཅིག །ལེའུ་གསུམ་པ་རིག་འཛིན་སྡོམ་པའི་སྐབས་ཀྱི་འབེལ་གཏམ་རྣམ་པར་ངེས་པའི་སྐབས་སུ་དྲི་བ་ལྔ་བཅུ། ཁ་སྐོང་བའི་དྲི་བ་བརྒྱད་དང་བཅས་བསྡོམས་པ་དྲི་བ་བརྒྱ་དང་བརྒྱད་གནང་ཞིང་དེ་ཡང་ཕལ་ཆེ་བར། འདྲི་དགོས་པའི་རྒྱུ་མཚན། མ་དྲིས་ན་སྐྱོན་ཡོད་པ། དངོས་ལན་གདབ་པ་བཅས་ཀྱིས་བསྟན་ཡོད།གསུམ་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་རྣམ་པར་ངེས་པ་དད་པའི་རྒྱ་མཚོ་ཞེས་བྱ་བ་ལས། ལོངས་སྐུ་ཆེན་པོའི་ཞིང་གི་བཀོད་པ་དང་ཚད་རྣམ་པར་བཞག་པ། ཕལ་པོ་ཆེའི་ལུང་ལ་བརྟེན་ནས་ཞིང་འདིའི་བཀོད་པ་ངོས་བཟུང་བ། སྟུག་པོ་བཀོད་པའི་འཇིག་རྟེན་གྱི་ཁམས་དེའི་ཚད་བཤད་པ། རྒྱུན་མཐའ་ལ་གནས་པའི་སེམས་དཔས་གནས་འོག་མིན་དུ་ལོངས་སྐུ་མངོན་དུ་མཛད་པའི་ཚུལ་ལ་སློབ་དཔོན་ཀུན་དགའ་སྙིང་པོའི་བཞེད་པ། ཤཱཀྱ་བཤེས་གཉེན་གྱི་ལུགས་ལ་དེ་ཉིད་བསྡུས་པའི་རྒྱུད་དང་མཐུན་པར་འཆད་པ། ངེས་པའི་དོན་ངོས་བཟུང་བ། འོག་མིན་དང་ལོངས་སྐུ་གཅིག་ཁོ་ནར་མི་འདོད་པའི་ལོག་རྟོག་བསལ་བ། ལོངས་སྐུ་ཆེན་པོ་དེས་ཆོས་ཇི་ལྟར་གསུངས་པའི་ཚུལ་བཤད་པ་དངོས། དེས་ལོག་པར་རྟོག་པ་གཞན་ཁེགས་པ་བཅས་ཀྱིས་བསྟན།བཞི་པ་དུས་འཁོར་ནས་གསུངས་པའི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ལ་རྩོད་སྤོངདང་། ལྔ་པ་འཁྲུལ་སྤོང་གི་བརྒལ་ལན་རྣམ་པར་ངེས་པའི་དམ་ཚིག་རབ་ཏུ་གསལ་བ། དྲུག་པ་དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་མན་ངག་གི་དགོངས་རྒྱན། བདུན་པ་བཤེས་གཉེན་མུས་པ་རབ་འབྱམས་པའི་དྲིས་ལན་མཐོང་བ་དོན་ལྡན་གྱི་སྐོར། བརྒྱད་པ་བཤེས་གཉེན་དམ་པ་མུས་པའི་འབེལ་གཏམ་གྱི་མཆིད་ཤོག །དགུ་པ་དབུ་མའི་ཚུལ་གཉིས་རྣམ་འབྱེད་ལས་འཕྲོས་པའི་དྲིས་ལན།བཅུ་པ་གསེར་གྱི་ཐུར་མ་ལས་བརྩམས་པའི་འབེལ་གཏམ་གྱི་མཆིད་ཤོག །བཅུ་གཅིག་པ་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས་སུ་སངས་རྒྱས་ཀྱི་སྙིང་པོའི་རྣམ་པར་གཞག་པ་མདོ་ཙམ་བཤད་པ། བཅུ་གཉིས་པ་སྨར་ཁམས་བསམ་འགྲུབ་གླིང་པའི་དགེ་འདུན་སྤྱིའི་དྲིས་ལན་ཡ་མཚན་བཅུ་བདུན་པ། བཅུ་གསུམ་པ་ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་མ་ཞེས་པ་གསང་བ་འདུས་པའི་སྐོར་གྱི་འབེལ་གཏམ་ཚིགས་བཅད་མ་ཆོས་ཚན་བརྒྱད། བཅུ་བཞི་པ་དཔལ་གསང་བ་འདས་པའི་རིམ་པ་ལྔ་རབ་ཏུ་གསལ་བར་བྱེད་པའི་བརྗེད་བྱང་ཕྱི་ནང་གི་མུན་པ་སེལ་བྱེད་གཞན་ལ་ཕན་པའི་ཉི་མ།བཅོ་ལྔ་པ་གསང་བ་འདས་པའི་སྒྲུབ་ཐབས་ཀྱི་རྣམ་བཞག་དང་བཅས་འདི་དག་སྐབས་སུ་དགག་བཞག་གི་སྤྲོས་པ་མང་དུ་མཛད་ཡོད་པ་སྟེ་པཎ་ཆེན་ཤཱཀ་མཆོག་པའི་སྐབས་སོ། །གསུམ་པ་སྟག་ཚང་ལོ་ཙཱ་བའི་གསུང་སྐོར་འདིར་ཆོས་ཚན་གཅིག་བཞུགས་སུ་གསོལ་ཡོད་པ་སྟེ།དུས་འཁོར་རྩོད་ལན་རིགས་པའི་འོད་སྟོང་ལས། མཁས་པ་ཆེན་པོ་རེད་མདའ་བས་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྩོད་པ་དང་བཅས་པ་ཡིན་པས་ན་མཁས་པས་བླང་བྱ་མ་ཡིན་ནོ། །ཞེས་དང་། དུས་ཀྱི་འཁོར་ལོའི་མཚན་ཙམ་ཡང་རྒྱུད་སྡེ་གཞན་དུ་མ་སྨྲོས་པར་གསུངས་པ་དང་། ཨེ་ཝཾ་ཡི་གེ་མེད་པས་ན་རྩ་རྒྱུད་རྣམ་དག་མ་ཡིན་ཞེས་པ་སོགས་ལ་ལན་གྱི་ཚུལ་དུ་མཛད་པའོ། །ཞར་བྱུང་ཟུར་བཀོད་ཀྱི་ཚུལ་དུ་རྗེ་བཙུན་ཆེན་པོ་རེད་མདའ་བ་གཞོན་ནུ་བློ་གྲོས་ཞབས་ཀྱིས་མཛད་པའི་དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ་དང་། འཕྲིན་ཡིག་ནོར་བུའི་ཕྲེང་བའི་རང་ལན་བཅས་གཟིགས་བདེ་བའི་ཕྱིར་དུ་བཀོད་ཡོད་པ་ལགས་ན་ཐུགས་ལ་ངེས་འཚལ།གསུམ་པ། ཡང་དག་པའི་རྩོད་པ་གལ་ཆེ་ཚུལ་མདོ་ཙམ་བཤད་པ།དེ་ཡང་བོད་གངས་ཅན་གྱི་ཆོས་བརྒྱུད་ཆེན་མོ་ཁག་གི་ཡ་གྱལ་དཔལ་ས་སྐྱ་པའི་ཆོས་བརྒྱུད་ནི། ཐོག་མར་བླ་མ་ས་སྐྱ་པ་ཆེན་པོས་སྲོལ་བཏོད་པ་ནས། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན། ཤར་ནུབ་གུང་གསུམ། གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུ་སོགས་དཔལ་ལྡན་ས་ངོར་ཚར་གསུམ་དང་། རྫོང་པ། བུ་ལུགས། ཞ་ལུ། ཇོ་ནང་། བོ་དོང་། དགེ་ལྡན་བཅས་ཀྱི་སྲོལ་འབྱེད་ཀྱི་བསྟན་འཛིན་ཆེན་པོ་དག་ས་སྐྱ་ལས་བརྒྱུད་པ་ཤ་སྟག་ཏུ་སོང་ཞིང་། དེ་དག་གིས་བསྟན་པ་དང་སེམས་ཅན་གྱི་དོན་དང་བོད་ཀྱི་རིག་གནས་དར་སྤེལ་བཅས་མཛད་པ་བློས་མི་འཁྱུད་པ་བསྐྱངས་ཡོད་པ་དང་།ཐོས་བསམ་བགྱིས་པའི་མཚན་རྟགས་སུ། བཀའ་བཞི་པ་དང་། བཀའ་བཅུ་པ། གཞུང་བརྒྱ་པ། རབ་འབྱམས་པ་ཞསེ ་པའི་རྣམ་གཞག་དཔལ་ལྡན་ས་སྐྱ་པའི་རང་ལུགས་ནས་འདོགས་སྲོལ་བྱུང་ཡོད། སྐབས་དེར། གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་གོ་ཤཱཀ་སྟག་གསུམ། ཞེས་དང་། ཆོས་བརྒྱུད་གཞན་གྱི་གྲྭ་སའི་གསུང་སྒྲོས་ལ། ས་སྐྱ་པ་དང་མཁས་མ་རྩོད། ཞེས་གྲགས་པ་ལྟར། མཁས་པའི་དབང་པོ་འདི་དག་གིས་འཕགས་བོད་ཀྱི་པཎ་གྲུབ་རྣམས་དང་ཁྱད་པར་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་ཟབ་མོ་དབུ་མའི་དཀའ་གནད་ལས་འཕྲོས་ཏེ། ཕན་ཚུན་ལུང་རིགས་ཀྱིས་བརྒལ་བརྟག་དང་། འབེལ་གཏམ། དགག་བཞག་གནམ་ས་རལ་བ་ལྟ་བུ་མཛད་པ་དང་། ཁྱད་པར་རྗེ་རིན་པོ་ཆེ་ཙོང་ཁ་པའི་གཞུང་ལུགས་ལ་རིགས་པས་དགག་པ་མཛད་པ་སོགས་མཁས་པའི་བྱ་བ་ངོ་མཚར་བའི་རྣམ་ཐར་ལ། བློ་རྣལ་དུ་ཕབས་ནས་བསམས་ན་མཁས་པ་རྣམས་ཕན་ཚུན་ལུང་རིགས་ཀྱིས་རྩོད་པ་རྩོད་ལན་སྤེལ་རེས་མཛད་པ་ནི། སྔོན་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་སྐུ་དུས་ནས་ཕྱག་སྲོལ་དུ་དར་བའི་བསྟན་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་གྲས། མཁས་པ་གཟུར་གནས་ཡོངས་ཀྱིས་བསྔགས་ཤིང་སྨོན་པའི་གནས་ཡིན་པ་མ་ཟད། གཞུང་ལུགས་ཀྱི་དཀའ་བའི་གནས་ལ་མཁས་པ་སོ་སོའི་རིགས་པའི་རྩལ་ཕྱུངས་ཏེ་དགག་གཞག་གི་རྩོད་ངག་ལ་བརྟེན་ནས།བློ་གསལ་རྣམས་ཀྱི་གོ་རིག་གི་སྐྱེད་རྩལ་འཕེལ་བར་ཕན་རླབས་ཆེ་བ་དང་། ལུང་གི་ཆོས་སྨྲ་བས་འཛིན་དགོས་པར་གསུངས་པའི་དོན་ལག་ལེན་དུ་འཁེལ་བས་བསྟན་པ་ཡུན་རིང་དུ་འཛིན་ཅིང་དར་བ་སོགས་དགེ་མཚན་རྒྱ་ཆེན་པོ་ཡོད་པ་ཡིན་ཏེ། འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས། ཆོས་དང་མཐུན་པའི་རྩོད་པ་ལ། །ལོག་རྟོག་བཟློག་ཕྱིར་བརྩད་བྱ་ཡི། །ཆགས་སྡང་དབང་གིས་རྒྱལ་འདོད་དང། །ཕ་རོལ་ཕམ་པ་བསྐྱེད་ཕྱིར་མིན། །ཞེས་དང་། བདེ་གཤེགས་བསྟན་པ་སེང་གེའི་སྒྲ་བསྒྲགས་པས། །ལོག་ལྟའི་རི་དྭགས་ཐམས་ཅད་ཕམ་བྱས་ཏེ། །རྩོད་པ་མེད་པའི་གོ་འཕང་ལ་གནས་ནས། །སངས་རྒྱས་བསྟན་པ་རྒྱུན་དུ་འཛིན་པར་ཤོག །ཅེས་ཐུགས་སྨོན་མཛད་པ་ལྟར་ཡིན་པ་ལས། རྩོད་ངག་ཏུ་ཁྱབ་ཁས་འཁོར་གསུམ་སོགས་བྱུང་བས་འཇིག་རྟེན་ཐ་མལ་པས་ཉོན་མོངས་པའི་གཏམ་ཤག་འགྱེད་དེ་རང་སྲུང་གཞན་འཇོམས་བྱེད་པའི་ངང་ཚུལ་དང་རྣམ་པ་ཀུན་ཏུ་མི་འདྲ་བ་ཡིན་ཏེ།དཔེར་ན། ཀུན་མཁྱེན་གོ་བོ་རབ་འབྱམས་པས་ཇོ་ནང་པ་དང་། རྗེ་རིན་པོ་ཆེ་ལ་དགག་པ་མང་དུ་མཛད་ཡོད་ན་ཡང་། ཁོང་གི་གསུང་རབ་རྣམས་སུ། ཉམས་དང་རྟོགས་པའི་དབང་ཕྱུག་ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་ཞེས་དང་། སྙིང་རྗེ་དང་སེམས་བསྐྱེད་ལ་སོགས་པའི་རྒྱན་གྱིས་མཛེས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་ཆེ་བརྗོད་བླ་ན་མེད་པ་མཛད་ཡོད་པ་དང་།ཀུན་མཁྱེན་འཇམ་དབྱངས་བཞད་པས་ང་ཡི་དགག་ཡུལ་ལ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་མ་གཏོགས་མེད་གསུངས་པ་དང་། རྙིང་ཕྱོགས་ཀྱི་མཁས་ཆེན་མི་ཕམ་རིན་པོ་ཆེ་དང་། དཔའ་རི་བ་བློ་བཟང་རབ་གསལ་གཉིས་ནས་ཕན་ཚུན་བསྟོད་བསྔགས་དང་། སྐྱེས་འབུལ་རེས་མཛད་ཚུལ་དང་དཔའ་རིས་རབ་གསལ་གཤེགས་རྗེས། མི་ཕམ་རིན་པོ་ཆེས་ང་ཡི་ཆོས་གྲོགས་གཤེགས་སོང་གསུངས་ནས་ཐུགས་མུག་དང་དགོངས་རྫོགས་མཛད་པ་སོགས་ལ་བསམ་ན། སྐྱེས་བུ་དམ་པ་དེ་དག་གི་ཐུགས་རྒྱུད་ལ་ཞེ་འཁོན་དང་གནོད་སེམས་སྤུ་རྩེ་ཙམ་ཡང་མེད་པར་མ་ཟད། མི་འགྱུར་བའི་མཛའ་བརྩེ་འོ་མའི་མཚོ་ལྟ་བུ་ཡོད་པ་རྟོགས་ཐུབ་པས་ང་ཚོས་མིག་དཔེ་ཉིད་དུ་བཟུང་འོས།དེ་ཡང་མཁས་པའི་ཚོགས་ཀྱིས་དགག་གཞག་གནང་བ་ལ་སྡང་བ་མེད་པ་མ་ཟད་བསྟན་པ་དར་སྤེལ་གྱི་ཆེད་འབའ་ཞིག་ཡིན་པས་རང་གཞན་ཀུན་གྱིས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་སུ་དྲན་དགོས་པའི་གནས་ཡིན་ཏེ། གསང་ཆེན་སྔ་འགྱུར་བའི་མཁས་པ་ཆེན་པོ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས། རྒྱལ་བ་མཆོག་དེས་མཆོག་ཏུ་ལུང་བསྟན་པ། །ལྷ་རྒྱལ་འགྲོ་བའི་བླ་མ་ཡེ་ཤེས་འོད། །ཐུབ་དབང་བསྟན་སྲོག་ལོ་ཆེན་རིན་ཆེན་བཟང་། །གང་དེའི་དྲིན་གྱིས་འཚོ་བའི་མཁས་རྣམས་དང་། །མཁས་གྲུབ་ཕུལ་དུ་བྱུང་བ་འགོས་ལོ་ཙཱ། །འཇམ་པའི་དབྱངས་དངོས་ས་སྐྱ་པཎྜི་ཏ། །སངས་རྒྱས་གཉིས་པ་པཎ་ཆེན་བུ་སྟོན་རྗེ། །ལྔ་རིག་པཎ་ཆེན་མཁས་པ་ཤཱཀྱ་མཆོག །རྒྱལ་བ་མི་བསྐྱོད་རྡོ་རྗེ་ཀརྨ་པ། །ཐར་འདོད་ལམ་མཁན་བླ་མེད་དེ་རྣམས་ཀྱིས། །ཆོས་ཚུལ་ཟབ་མོ་གསང་སྔགས་སྔ་འགྱུར་འདིར། །དཔྱད་ཅིང་རྣམ་པར་དཔྱད་པ་མང་མཛད་མོད། །དེད་དཔོན་མཁས་རྣམས་ནོར་བུ་རིན་པོ་ཆེའི། །དྲི་མ་སྦྱོང་གི་རྡོ་བ་ལ་མིན་ལྟར། །ཆོས་མཆོག་འདི་ལ་བྱི་དོར་བྱས་པ་གང་། །བཀའ་དྲིན་ཟླ་མེད་མཁས་པའི་ཕྱག་རྗེས་ཡིན། །དེ་ཕྱིར་རྣམ་པ་ཀུན་ཏུ་ཕྱག་བྱར་འོས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དགོས་པ་ལས། ཕྱོགས་རིས་ཆགས་སྡང་རང་མཚན་པའི་དབང་དུ་སོང་ནས་རང་རྒྱལ་གཞན་ཕམ་གྱིས་རྩོད་པ་ལྷར་ལེན་པ་ནི་ཆོས་ལ་བརྟེན་ནས་སྡིག་པ་བསགས་ཏེ། རང་གཞན་ཕུང་ལ་སྦྱོར་བའི་ལས་ཡིན་ཏེ། གླག་བླ་བསོད་ནམས་ཆོས་འགྲུབ་ཀྱིས། གྲོགས་ངན་པ་མི་མཁས་པའི་བླ་མ་ཕྱོགས་རིས་ཅན་རེ་ལ་བསྟེན་ནས་རྒྱལ་བའི་བསྟན་པ་ཆགས་སྡང་གིས་དཀྲུག །ཁ་ཕྱིར་བལྟས་ཀྱི་ཐོས་པ་ཕྲན་བུ་རེ་སྦྱངས་པ་དང་གྲུབ་མཐའ་འཛིན་པར་རློམ་ནས་ང་རྒྱལ་ཆོས་སུ་བཟུང་སྟེ། ངེད་ཚོས་བརྟགས་ན་འདི་འཐད་འདི་མི་འཐད་ཅེས་ལོང་བས་གཟུགས་ཀྱི་བཟང་ངན་བརྗོད་པ་ལྟར། གསར་རྙིང་གི་ལྟ་གྲུབ་གཞུང་ལུགས་ཐམས་ཅད་ལ་སྤང་བླང་དང་དགག་སྒྲུབ་བྱེད། རྨོངས་པ་ཐམས་ཅད་དེའི་རྗེས་སུ་བརྒྱུགས་ནས་རྗེས་བཟློས་ཀྱིས་ཆོས་སྤོང་དུ་འཇུག་པ་ནི་མཚམས་མེད་ལྔ་པོ་སྟབས་གཅིག་ཏུ་བསགས་པ་བས་ཐུ་བ་ཡིན་པས། རང་རེ་ཐོས་ཆུང་ཕྱོགས་རིས་ལ་ཞེན་པ་ཚོས་བག་ཡོད་བྱེད་པ་གལ་ཆེའོ། །ཞེས་གསུངས་པ་སོགས་བཀའ་བསྟན་བཅོས་དག་གི་སྐབས་སུ་རྒྱ་ཆེར་འབྱུང་བ་ལྟར། ཐུགས་ཉམས་སུ་བཞེས་ཏེ་ཀུན་ལ་དད་པ་དང་དག་སྣང་སྦྱངས་ན། ནམ་ཞིག་ཐོས་པས་རྒྱུད་ལེགས་པར་གྲོལ་ཏེ། བསྟན་པ་ཐམས་ཅད་དུ་འགལ་མེད་དུ་རྟོགས་པ་དང་། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་སོགས་ཚེགས་མེད་པར་འབྱུང་བར་གསུངས་སོ། །

དེ་ལྟར་མཁས་པ་རྣམས་ཀྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུའི་སླད་དུ་ལུང་དང་རིགས་པའི་རོལ་རྩེད་ངོམ་སྟེ། ཕན་ཚུན་སྐྱེས་བཟང་པོ་འབུལ་བ་ནི་དམ་པའི་སྐྱེས་བུའི་མཛད་ཚུལ་ཉག་གཅིག་ཡིན་ཏེ། དེ་ལྟར་ཆོས་དང་མཐུན་པ་ཡི། །རྩོད་པ་བསྟན་པ་འཕེལ་བའི་རྒྱུ། །དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར། །མཁས་པའི་སྐྱེ་བོས་ལེགས་པར་སྦྱར། །ཞེས་གདམས་པའི་རྗེས་སུ་འབྲང་སྟེ་སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་སྐྱེ་བོའི་ཉམས་ལེན་ཞེས་པ་ལྟར་གསུང་རབ་འདི་ལ་ལྟ་ཀློག་ཉམས་ལེན་རེ་ཐུབ་ན་རང་རྒྱུད་ཀྱི་མ་རྟོགས་ལོག་རྟོག་སེལ་བ་དང་། གསུང་རབ་ཀྱི་དོན་ལ་ངེས་པ་རྙེད་པ་སོགས་ཀྱི་དགེ་མཚན་བླ་ན་མེད་པ་ཡོད་ངེས་པས། ཀློག་པ་པོ་སྤྱི་དང་། ཁྱད་པར་དཔེ་ཆའི་མཐུན་རྐྱེན་ཞན་པའི་ཐོས་བསམ་པ་དག་ལ་དམིགས་ཏེ། འདི་ལྟར་བསྒྲིགས་པ་དང་། མུ་མཐུད་བསྟན་པ་ཕྱི་དར་སྐབས་ཀྱི་སྔགས་ལོག་སུན་འབྱིན་ཕྱོགས་བསྒྲིགས་དང་། དེའི་ལན་ཕྱོགས་བསྒྲིགས། ས་དགེ་མཁས་པའི་བར་གྱི་དབུ་ཚད་ཀྱི་བརྒལ་ལན་དང་། ས་བཀའ་མཁས་པའི་སྡོམ་གསུམ་གྱི་རྩོད་ཡིག་དང་ལན། དབུ་མ་རང་སྟོང་དང་གཞན་སྟོང་གི་འབེལ་གཏམ་སོགས་མདོར་ན་རྩོད་པ་དང་བརྒལ་བརྟག་གི་ཆོས་སྐོར་བསྡུ་ཅི་ཐུབ་ཀྱིས་༼དགག་སྒྲུབ་རིག་པའི་དཔེ་ཚོགས་༽ཞེས་པ་འདིར་བསྡུ་འཆར་ལགས་ན་དོན་གཉེར་ཅན་དང་། ལྷག་བསམ་ཅན་རྣམ་པས་གང་ཅིའི་ཐད་རྒྱབ་སྐྱོར་གནང་བར་ཞུའོ། །ཐེངས་འདིར་ཡང་མདོ་སྨད་བསྟན་པའི་འབྱུང་གནས་ཁམས་ཀྱི་བྱེ་མ་ཐང་གི་མཁན་སློབ་རྣམ་པའི་གཙོས་འབྲེལ་ཡོད་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། འདི་ལྟར་འབད་པའི་ལེགས་བྱས་ཀྱིས་ཕན་བདེ་མ་ལུས་པའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་མི་ཉམས་ཤིང་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པའི་རྒྱུ་རུ་གྱུར་ཅིག །
༄༅། །བར་དོ་དྲུག་གི་ཁྲིད་ཡིག་ཕྱོགས་བསྒྲིགས།

དབང་པོ་འབྲིང་རྣམས་བར་དོར་གྲོལ་བའི་གདམས་པ། གླིང་བླ་ཆོས་རྡོར།
རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཀྱི་བསྡུས་དོན། བསོད་ནམས་ནོར་བུ།
བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ། བསོད་ནམས་ནོར་བུ།
འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་པ་ཉུང་ངུ་། མཁས་གྲུབ་ཀརྨ་ཆགས་མེད།
འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ། མཁས་གྲུབ་ཀརྨ་ཆགས་མེད།
འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་ཟིན་ཐོ།
ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས། འཇམ་དབྱངས་མཁྱེན་བརྩེ་དབང་པོ།
འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས།
འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག །
ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ།
གཏེར་སྟོན་ཉི་ཟླ་སངས་རྒྱས།
གསོལ་འདེབས་ཀ་དག་མ།
གཏེར་སྟོན་ཉི་ཟླ་སངས་རྒྱས།
འཇག་ཚུགས་མའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ། རིག་འཛིན་ཆོས་ཀྱི་གྲགས་པ།
འཕོ་བ་དྲན་པ་རང་གྲོལ་གྱི་ངག་འདོན། གློག་ཐ་ཚུལ་ཁྲིམས་རྒྱ་མཚོ།
འཆི་ཁ་བར་དོའི་ངོ་སྤྲོད། ཆོས་རྒྱལ་གླིང་པ།
འཁྲུལ་པ་བར་དོའི་ངོ་སྤྲོད། ཆོས་རྒྱལ་གླིང་པ།
ཆོས་ཉིད་བར་དོའི་ངོ་སྤྲོད། ཆོས་རྒྱལ་གླིང་པ།
སྲིད་པ་བར་དོའི་ངོ་སྤྲོད། ཆོས་རྒྱལ་གླིང་པ།
རྒྱུད་ཆེན་ལྟ་བ་ཀློང་ཡངས་ཀྱི་མན་ངག་བར་དོ་བཞིའི་གདམས་ངག །རྒྱལ་སྲས་རྡོ་རྗེ་གླིང་པ།
བར་དོ་མུན་སེལ་སྒྲོན་མེ། སྟག་ཤམ་ནུས་ལྡན་རྡོ་རྗེ།
སྐྱེ་གནས་བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་དང་བར་དོ་སྤྱིའི་རྣམ་བཤད། སྟག་ཤམ་ནུས་ལྡན་རྡོ་རྗེ།
བར་དོའི་གནད་ཀྱི་གདམས་པ་ཐོས་གྲོལ་གསང་བའི་ཡི་གེ། སྟག་ཤམ་ནུས་ལྡན་རྡོ་རྗེ།
སྐྱེ་གནས་བར་དོའི་ཁྲིད་དུག་ལྔ་ལམ་ཁྱེར་བདུད་དཔུང་ཟིལ་གནོན། སྟག་ཤམ་ནུས་ལྡན་རྡོ་རྗེ།
རྨི་ལམ་བར་དོའི་གདམས་པ་བག་ཆགས་དག་བྱེད། སྟག་ཤམ་ནུས་ལྡན་རྡོ་རྗེ།
འཆི་ཁ་བར་དོའི་གདམས་པ་སྡུག་བསྔལ་རང་གྲོལ་འཆི་ལྟས་དང་བཅས་པ། སྟག་ཤམ་ནུས་ལྡན་རྡོ་རྗེ།
༄༅། །གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ།

རྒྱ་ཆེ་བའི་གླིང་སྒྲུང་གི་དཔེ་རྙིང་ལ་དགའ་མཁན་རྣམ་པར་བཀྲ་ཤིས་བདེ་ལེགས་བཅས། ངེད་སི་ཁྲོད་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་དུ་མའི་རིང་འཚོལ་བསྒྲིགས་བྱས་ཤིང་། སི་ཁྲོད་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི།《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ་བཞུགས་སོ།།》ཞེས་པ། གླིང་རྗེ་གེ་སར་གྱི་རྣམ་ཐར་རྟོགས་བརྗོད་ལྷ་གླིང་དང་འཁྲུངས་ནས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཏེ། རྫོང་ཆེན་མང་པོ་ཕབ་ཚུལ་སོགས་དམྱལ་གླིང་རྫོགས་ཆེན་བར་གྱི་རྟོགས་བརྗོད་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་ཡན་ཆོད་ཀྱི་སྒྲུང་རྙིང་ཁོ་ན་སྟེ། དཔེ་ཚོགས་འདིར་མ་གཏོགས་ཡ་སྔོན་སུས་ཀྱང་པར་བསྐྲུན་འགྲེམ་སྤེལ་མ་མྱོང་བ། དཔེར་ན་རྒྱལ་རོང་ཡུང་རྫོང་ཞེས་པ་དང་། སྤི་རི་ཤེལ་རྫོང་ལྟ་བུའི་གནའ་བོའི་སྒྲུང་རྙིང་དཔེ་དཀོན་དཔྱད་གཞིའི་རིན་ཐང་ཅན་གྱི་རིགས། མང་ཆེ་བ་བོད་མདོ་དབུས་ཁམས་གསུམ་གྱི་བྲིས་རྒྱུན་རྙིང་པའི་བྲིས་དཔེ་སྣ་ཚོགས་ཀྱི་སྟེང་། གླིང་ཚང་དང་། ལྷ་ས། ཝ་ར་དགོན་པ། ལྷ་ཐོག །དཔལ་སྤུངས་རྣམས་ཀྱི་ཤིང་པར་མ་འདུས་པའི་བྲིས་པར་གྱི་གཞི་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པ། པོད་ཆེན་༡༡༨ཀྱི་བདག་ཉིད་ཅན། དཔེ་ཆའི་རྒྱབ་སྤུས་ལེགས་དང་ནང་ཤོག་ཚོན་ཤོག་སྲབ་མོ་ཡིན་པ་སོགས་རྒྱུ་སྤུས་ཚད་ལྡན་ཅན་གྱི་དཔེ་ཕྲེང་འདི་ཉིད་བླུ་ཉོ་མཛོད་དང་། དཔེ་རྙིང་འདི་ནི་སྤྱིར་གེ་སར་རིག་གནས་ལ་དཔྱད་གཞི་རིན་ཐང་ཅན་དང་། ལྷག་པར་དུ་དུས་རབས་བཅུ་གཅིག་པ་ནས་དུས་རབས་བཅུ་དགུ་པ་ཡན་གྱི་བོད་མཐའ་དབུས་ཀྱི་ཡུལ་སྲོལ་སྐད་བརྡའི་གཏེར་སྒྲོམ་རིན་ཐང་ཅན་གཅིག་ཏུ་གྱུར་ཡོད་པ་ཡིན།
དཔེ་མཛོད་ཆེན་མོ་འདིའི་མ་རྩའི་དཔེ་རིན་68000ཡིན་ན་ཡང་། ང་ཚོས་ད་ཐེངས་རྒྱ་ཆེའི་མཛད་སྤྱོད་པར་སྟབས་བདེ་བྱས་ཏེ། བླུ་ཡོན་བརྒྱ་ཆའི་བཞི་བཅུ་མར་ཕབ་ནས་གོང་སླ་བྱེད་བཞིན་ཡོད་པས། གླིང་གེ་སར་སྒྲུང་དཔེ་ལ་དགའ་མཁན་དང་ཞིབ་འཇུག་བྱེད་པར་སྤྲོ་མཁན་རྣམ་དགའ་ལྷང་ལྷང་གིས་ཕེབས་ན་ལེགས།
༄༅། །གསོ་རིག་མན་ངག་གཅེས་བཏུས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།