ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > སྙིང་མོ་སྐྱིད་ཀྱི་འགྱུར་དེབ་གསར་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
སྙིང་མོ་སྐྱིད་ཀྱི་འགྱུར་དེབ་གསར་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-20 08:46:06
ཀློག་གྲངས།:
བློ་ཁ་ནང་དུ་བསྡུས་ནས་རྩིས་ཤིག་བརྒྱབ་ན། ངས་རང་གི་དགའ་ཕྱོགས་ལྟར་ལས་ཀའི་ཞོར་དུ། བརྩམས་སྒྲུང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་རྒྱུའི་རྒྱུན་བསྐྱངས་ནས་ད་བར་དུ་མི་ལོ་དགུ་འགོར་ཟིན། ལོ་ངོ་འདི་དག་གི་རིང་ལ། ངས་འཚོ་བ་དང་ལས་ཀའི་དཀའ་སྡུག་འདྲ་མིན་གདོང་གིས་བསུ་བཞིན། ལོ་ཟླ་མང་པོར་ཁེར་མོས་རྩོམ་སྒྱུར་གྱི་ལས་ཀར་འཇུས་མཐར། རིམ་གྱིས་རྩོམ་སྒྱུར་གྱི་དཀའ་ཁག་གང་མང་ལའང་གདོང་གཏོད་ཐུབ་པར་གྱུར་ཞིང་། གཅིག་པུར་རྩོམ་སྒྱུར་ལ་འཇུག་རྒྱུ་དེའང་བག་ལྷོད་པོར་མི་ཚེའི་སྐྱིད་དགའ་དང་མཛེས་ཆ་མཐའ་དག་ཉམས་སུ་མྱོང་བའི་གོ་སྐབས་ཤིག་ཡིན་པའི་ངོས་ཟིན་འཐོབ། སྐབས་འགར་རང་ཉིད་ཀྱིས་བསྒྱུར་བའི་སྒྲུང་ཐུང་དག་དུས་དེབ་སྟེང་བཀོད་པ་དང་དྲ་བར་སྤེལ་ཏེ། མཐའ་འཁོར་གྱི་མིའི་གདེང་འཇོག་དང་སྐུལ་མ་འཐོབ་དུས། སྔར་བས་ཀྱང་རྩོམ་སྒྱུར་གྱི་ལས་ཀའི་རྒྱུན་སྐྱོང་བའི་སྤོབས་པ་དང་ཡིད་ཆེས་བསྩལ་བྱུང་། དེ་ལྟར་རྩོམ་སྒྱུར་ནི་ངའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར།

ངས་རྩོམ་སྒྱུར་ནི་རང་གིས་རང་ལ་སྐྱེས་སུ་བཏེགས་པའི་རྒྱས་སྤྲོས་ཅན་གྱི་དངོས་པོ་དེ་ཡིན་པ་རྟོགས་ཤིང་། ག་དུས་ནས་ཡིན་པ་གསལ་བོ་བཤད་རྒྱུ་མེད་ཀྱང་། བར་སྐབས་ཤིག་ནས་རང་ཉིད་ཀྱིས་ཀྱང་ཁ་གཡོར་ས་གང་མང་བཙལ་ནས་སློབ་གྲོགས་འདུ་འཛོམས་དང་། ལས་ཁུངས་ཀྱི་སྤྲོ་ཚོགས་སོགས་རྣམ་པ་མི་འདྲ་བའི་འདུ་འཛོམས་ལ་གཡོལ་གྱིན། རང་གཅིག་པུ་ལྷོད་ལྷོད་ངང་རྩོམ་སྒྱུར་གྱི་གོ་སྐབས་མང་ཙམ་བསྐྲུན་གྱིན་འདུག ང་ཡང་རྩོམ་སྒྱུར་ལ་འཇུག་མཁན་ཀུན་དང་འདྲ་བར། ཐོག་མར་སྒྲུང་ཐུང་བསྒྱུར་རྒྱུ་ནས་མགོ་ཚུགས་ཏེ། རིམ་བཞིན་སྒྲུང་རིང་བསྒྱུར་བའི་ལས་སུ་གཞོལ་བ་ཡིན་ཏེ། ན་ནིང་དབྱར་ཁ་ནས་བཟུང་། རྩོམ་པ་པོ་གྲགས་ཅན་ཨ་ལེ་ལགས་ཀྱི་སྒྲུང་རིང་«རྒྱུད་གྲོང་ཚོའི་སྒྲུང་རབས»ཁག་དྲུག་སྒྱུར་མགོ་བརྩམས་པ་ཡིན།
ལོ་གཅིག་ལ་སྔ་ལངས་འཕྱི་ཉལ་གྱིས་འབད་མཐར་གཞི་ནས་བསྒྱུར་ཚར་བའི་«རྒྱུད་གྲོང་ཚོའི་སྒྲུང་རབས»ཁག་དང་པོ་«རླུང་ལ་བསྐུར་བ»ཞེས་པའི་ནང་དུ། ཕྱི་ནས་རྒྱུད་གྲོང་ཚོར་ཡོང་བའི་ཨ་མ་བསམ་གཏན་དང་ཐང་བུ་དགེ་ལེགས་གཉིས་ཀྱིས་རྒྱུད་གྲོང་ཚོ་ནས་འཚོ་བ་རོལ་དུས། ནམ་རྒྱུན་རྩོད་རྒྱུ་མེད་པར་གནས་བཟོད་བདེ་ཡང་། དོན་ངན་ཞིག་ལྷགས་ཚེ། ཁོ་གཉིས་ཀ་རིགས་ངན་གཞན་ཞིག་ཏུ་བརྩིས་ཏེ། རྒྱུད་གྲོང་ཚོའི་མི་རྣམས་ཀྱི་ཁོག་གཅོང་འདོན་སར་གྱུར་འགྲོ་ཞིང་། རྩོམ་པ་པོས་རི་བོང་ལ་རྨས་ཕོག་སྟེ་མ་ཤི་སྔོན་དང་ཤི་རྗེས་སུ་དམིགས་ནས། ཐང་བུ་དགེ་ལེགས་ཀྱི་གནས་བབ་དང་། རྒྱུད་གྲོང་ཚོའི་མིའི་སེམས་ཀྱི་འགྱུར་བ། གཞུང་དྲང་བབ་ཆགས་ཡིན་པའི་སྲོལ་རྒྱུན་གྱི་རྒྱུད་གྲོང་ཚོ་དེ་ལམ་ལུགས་རྙིང་བའི་རྩ་གཏོར་དང་བསྟུན་ནས་རྩ་ཆེ་བའི་དངོས་པོ་དག་རིམ་བཞིན་རླུང་ལ་ཇི་ལྟར་བསྐུར་བ་བརྗོད་ཡོད།

ཡིན་ཏེ། ཡིག་སྒྱུར་ནི་རྐང་སྒྲོག་ལག་སྒྲོག་བཏགས་ནས་ཞབས་བྲོ་འཁྲབ་པ་དང་མཚུངས་ཞེས་པ་ལྟར། ས་བཅད་བཅོ་ལྔའི་བདག་ཉིད་ཅན་དུ་གྲུབ་པའི་སྒྲུང་རིང་འདི་བོད་ཡིག་ཏུ་བསྒྱུར་དུས་དཀའ་ཁག་མི་ཉུང་བ་ཞིག་འཕྲད་མྱོང་བ་སྟེ། རྩོམ་པ་པོས་མི་སྣའི་མིང་དག་ཡུལ་སྐད་ལ་སྦྱར་ནས་སྒྲ་སྒྱུར་བྱས་ཡོད་པས། མིང་དེ་ཇི་བཞིན་དུ་བསྒྱུར་དཀའ་བ་དང་། གཞན་ཞིབ་ཚགས་ཆེ་བའི་ཡུལ་གྱི་བཀོད་པའི་ཞིབ་འབྲི་དང་། ངོ་མཚར་བའི་ཚིག་སྦྱོར་སོགས་ཡིག་འབྲུ་རེ་རེ་དང་ཚིག་སྦྱོར་རེ་རེ་བཞིན་གཏུག་དུས། བོད་སྐད་དུ་མ་གྲུབ་པའི་མིང་ཚིག་མང་ཁར་རང་གི་བོད་ཡིག་ཆུ་ཚད་ཞན་པའི་དབང་གིས་གནད་ལ་ཕིགས་པའི་བོད་སྐད་ཅིག་བརྗོད་མི་ཤེས་པའི་ཚོར་བ་ཡང་བྱུང་།
རྩོམ་སྒྱུར་གྱི་རྩ་དོན་ནི་མ་ཡིག་ལ་ལྷག་བསམ་རྣམ་དག་གིས་བརྗོད་དོན་ལ་འཕྲི་སྣོན་དང་སྤོར་གཅོག་བྱེད་མི་རུང་བ་ལས་གཞན། ད་དུང་གལ་ཆེ་བ་ནི་རྩོམ་དེའི་སྒྱུ་རྩལ་གྱི་ཉམས་འགྱུར་རང་སོར་གནས་གང་ཐུབ་བྱས་ཏེ། འགྱུར་ཡིག་གི་ཀློག་པ་པོས་ཀྱང་མ་ཡིག་གི་སྒྱུ་རྩལ་གྱི་ཉམས་འགྱུར་རོལ་མྱོང་ཐུབ་པ་བྱ་དགོས་ཕྱིར། རང་ཉིད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་མ་ཡིག་གི་བརྗོད་དོན་མཚོན་སྟངས་དང་། སྐད་ཆའི་བརྗོད་ཉམས། སྐད་ཆའི་གོ་རིམ་སོགས་གང་དེའི་ཉམས་འགྱུར་རང་སོར་གནས་ཐུབ་པ་བྱས་ཡོད། གཞན་ཡང་འགྱུར་རྩོམ་འདི་མདོ་དབུས་ཁམས་གསུམ་གྱི་ཡུལ་ཕྱོགས་ཀུན་ཏུ་བཞུགས་པའི་བོད་ཡིག་ཀློག་པ་པོ་ཚང་མས་རྟོགས་ཐུབ་པར་སྙམ་པའི་ཀུན་སློང་ཞིག་བཅངས་ནས་ཡུལ་སྐད་ལས་གཡོལ་གང་ཐུབ་བྱས་ཡོད་ཀྱང་། འགྱུར་ཡིག་ཏུ་སྐྱོན་འབྱུང་སྲིད་པ་ནི་བཟློག་ཐབས་བྲལ་བས་མཁྱེན་ལྡན་ཀུན་གྱིས་ཡོ་བསྲང་གནང་བར་འཚལ།
སྒྱུར་པ་པོའི་ངོ་སྤྲོད་མདོར་བསྡུས།

སྙིང་མོ་སྐྱིད། མཚོ་སྔོན་རེབ་གོང་གི་མི། ༢༠༡༢ལོར་བོད་ལྗོངས་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་ལས་ཀར་ཞུགས། ལས་ཞོར་དུ་སྒྲུང་གཏམ་དང་ལྷུག་རྩོམ། རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་གྱི་སྒྱུར་རྩོམ་སུམ་ཅུ་ལྷག་«མི་རིགས་རྩོམ་རིག»དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ།» «སྦྲང་ཆར།» «གངས་དཀར་རི་བོ།» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»་སོགས་ཀྱི་དུས་དེབ་ཁག་ཏུ་བཀོད་ཡོད།
འཕྲིན་གཏོང་བ། སྙིང་མོ་སྐྱིད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།