ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །ལྷ་རྗེ་བླ་མ་རིན་པོ་ཆེ་བསྟན་འཛིན་དོན་གྲུབ་མཆོག་གི་གསུང་འབུམ་པར་སྐྲུན་བྱས།
༄༅། །ལྷ་རྗེ་བླ་མ་རིན་པོ་ཆེ་བསྟན་འཛིན་དོན་གྲུབ་མཆོག་གི་གསུང་འབུམ་པར་སྐྲུན་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2022-01-12 17:46:52
ཀློག་གྲངས།:
ཉེ་ཆར། རྔ་བ་ཁུལ་སྲིད་གྲོས་ཀྱི་རིག་གནས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི་༼ལྷ་རྗེ་བླ་མ་རིན་པོ་ཆེ་བསྟན་འཛིན་དོན་གྲུབ་མཆོག་གི་གསུང་འབུམ༽ཞེས་པའི་པོད་བཅུ་གསུམ་གྱི་བདག་ཉིད་ཅན་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

དེ་ཡང་བོད་ཀྱི་གསོ་བ་རིག་པའི་མཁས་དབང་ལྷ་རྗེ་བླ་མ་རིན་པོ་ཆེ་བསྟན་འཛིན་དོན་གྲུབ་ལགས་ནི། མཛོད་དགེ་རྫོང་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་ཡིན་ཞིང་། མི་ལོ་དྲུག་ཅུ་ལྷག་གི་རིང་ལ་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ཕྱག་ལས་གནང་ཞིང་། ཐེངས་དང་བོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམིགས་བསལ་ཟླ་ཕོགས་གནང་ཡུལ་དང་། སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་གྱི་སྐབས་དང་བོའི་ཀྲུང་ལུགས་སྨན་པ་གྲགས་ཅན་བཅུའི་ཡ་གྱལ། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཕུལ་བྱུང་མཛད་རྗེས་ཅན་སོགས་ཀྱི་བྱ་དགའ་མང་བོ་ཐོབ།
པོད་དང་བོ་རྣམ་ཐར་གྱི་སྐོར། དེའི་ནང་དུ་ལྷ་རྗེ་བླ་མ་རིན་པོ་ཆེའི་སྐུ་ཚེ་གང་བོར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་བརྟག་དཔྱད་ཞིབ་འཇུག་དང་སྨན་བཅོས་གནང་བ་དང་མི་སྣ་གསོ་སྐྱོང་མཛད་དེ། བོད་ཀྱི་གསོ་བ་རིག་པ་གོང་འཕེལ་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བ་སོགས་ལ་ཕྱག་རྗེས་གནང་ཚུལ་བཀོད་ཡོད།པོད་གཉིས་པ་རྗེ་བཙུན་མ་ཧཱ་གུ་ཎའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་བདུད་རྩི་སྨན་སྒྲུབ་ཆེན་མོའི་ཆོག་གཞུང་འདོན་ཚུལ་ཁྲིགས་ཆགས་སུ་བཀོད་པ་བྱིན་རླབས་མྱུར་འཇུག་ཅེས་པ་ནི། ལྷ་ལྡན་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་དར་བའི་སྨན་སྒྲུབ་ཆེན་མོའི་ཕྱག་ལེན་ལྟར་གསར་ཏུ་སྒྲིག་སྦྱོར་མཛད་པ་དེ་ཡིན་ཞིང་། མདོ་སྨད་ཕྱོགས་སུ་དབུས་ཡུལ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་སྲོལ་ལྟར། བདུད་རྩི་སྨན་སྒྲུབ་ཆེན་མོ་དེ་ཁོང་གིས་གསར་དུ་སྤེལ་ཞིང་། རྗེས་འཇུག་བུ་སློབ་རྣམས་ཀྱིས་རྒྱུན་འཛིན་བྱས་དང་བྱེད་མུས་སུ་མཆིས།
པོད་གསུམ་པ་ནས་དྲུག་པའི་བར་དཔལ་ལྡན་རྒྱུད་བཞི་དཔེ་བསྡུར་མ་པོད་བཞི་རུ་བགོས་ནས་སྒྲིག་ཡོད། རྒྱུད་བཞི་འདི་སྔོན་ནས་ད་ལྟའི་བར་བོད་ཀྱི་མཁས་དབང་དག་གིས་བཞེད་དགོངས་མཐུན་མིན་འཐེན་འཁྱེར་དང་། དཔེ་སྣ་མ་དག་རྒྱུན་འབྱམས་སུ་སོང་བ་བཏང་སྙོམས་སུ་འཇོག་མི་རིགས་པར་དགོངས་ཤིང་། རྗེས་མར་འདིའི་ཕྱོགས་ལ་དོན་གཉེར་དང་དཔྱད་བསྡུར་བྱེད་མཁན་རྣམས་ལ་སྟབས་བདེའི་ཆ་རྐྱེན་དུ་དམིགས་ཏེ། བསྡུར་གཞི་སྡེ་དགེའི་པར་མ་དང་། སྡུར་བྱེད་པར་གཞི་མི་འདྲ་བ་ཁག་བཅུ་གཅིག་ལ་ཞིབ་ཏུ་གཏུགས་ཤིང་། རྩ་འགྲེལ་ལྷུ་སྒྲིག་ཕྱོགས་བསྡུར་དང་མཆན་འགྲེལ་ཡང་གནང་ཡོད།
པོད་བདུན་པ་ཉེར་མཁོའི་སྨན་སྦྱོར་ཕྱོགས་བསྒྲིགས་ཀུན་ཕན་བདུད་རྩིའི་གཏེར་མཛོད་ཅེས་པ་འདིའི་ནང་དུ། ནད་རིགས་བརྒྱ་དང་སུམ་ཅུ་ལ་ཐང་ཕྱེ་རིལ་བུ་གསུམ་གྱི་བཅོས་ཐབས་རིམ་པར་བཀོད་པ་དང་། ལྷག་པར་འཚོ་བྱེད་ལས་དང་བོ་བ་རྣམས་ཀྱིས་ལག་ལེན་བྱེད་བདེ་ཕྱིར་གསང་སྨན་ཡོད་པའི་སྦྱོར་སྡེའི་རིགས་ཉུང་བ་དང་། སྨན་རྫས་འབྱོར་སླ་བའི་སྦྱོར་སྡེ་ཆིག་སྟོང་སུམ་བརྒྱ་བརྒྱད་ཅུ་གྱ་ལྔ་བཀོད་ཡོད།
པོད་བརྒྱད་པ་རྒྱ་བོད་ཀྱི་གཞུང་ཚད་ལྡན་རྣམས་ལས་བཏུས་པའི་ཉེར་མཁོའི་སྨན་སྦྱོར་འདོད་དགུའི་འབྱུང་གནས་གཞན་ཕན་རིན་ཆེན་བང་མཛོད་ཅེས་པ་ནི། མཛད་པ་བོས་ནད་གཞི་ཕལ་ཆེར་ལ་ཐང་ཕྱེ་རིལ་བུ་སོགས་ཀྱི་སྦྱོར་སྡེ་རེ་རེ་བཞིན་ནད་བབ་དང་བསྟུན་པའི་འཕྲི་སྣོན་གང་དགོས་ཀྱིས་སྦྱོར་ཚད་གསལ་བོར་བསྟན་པ་དང་། སྦྱོར་སྡེ་ཁ་ཤས་ལ་མཚན་བྱང་གསར་དུ་གསུངས་པ། མིང་གི་རྣམ་གྲངས་གཅིག་པ་དང་སྨན་རྫས་བལྡབ་སྐྱོན་ཅན་ལ་བལྡབ་སྐྱོན་བསལ་ཚུལ་དང་སྨན་མིང་གོ་དཀའ་བའི་རིགས། བྱང་ཟུར་གྱི་ངོས་འཛིན་མཐུན་མིན་ལ་རང་རང་གི་ཁྱད་ཆོས་གང་ཡོད་གསལ་ཁ་བཏོད་ཡོད། ཁོང་གི་མན་ངག་གི་སྦྱོར་སྡེ་མ་གཏོགས་སྦྱོར་སྡེ་ཕལ་ཆེ་བའི་འབྱུང་ཁུངས་གསལ་བོར་བཀོད། སྦྱོར་སྡེ་སོ་སོའི་གཞུང་དང་ཕན་ནུས་ཀྱི་གཞུང་མི་གཅིག་པ་རེ་ཟུང་ཡོད་པ་ནི། ཚིག་སྦྱོར་ཉུང་ཞིང་དོན་གསལ་ལ་གོ་བདེ་བ་དག་བདམས་ཤིང་། སྦྱོར་སྡེ་ཁ་ཤས་ཀྱི་ཕན་ནུས་ཚིག་ལྷུག་ཏུ་ཡོད་པ་ཕལ་ཆེ་བ་ཚིགས་བཅད་དུ་བསྡེབས་ཏེ། བློར་འཛིན་བདེ་བར་བསྒྲིགས་ཤིང་རྒྱུད་ཀྱི་སྦྱོར་སྡེ་གཙོ་བོར་བྱས་པའི་སྦྱོར་སྡེ་ལྔ་བརྒྱ་དང་བརྒྱད་བཀོད་ཡོད་དོ། །
པོད་དགུ་བ་གསུང་རྩོམ་ཐོར་བུ་ཞེས་པ་ནི་ཁོང་ཉིད་ཀྱིས་གདུལ་བྱའི་བློ་དང་འཚམ་པར་གང་ལ་གང་དགོས་དེ་ལ་དེ་སྟོན་ཚུལ་གྱིས་གསུངས་པའི་གསུང་ཐོར་བུའི་རིགས་ཕྱོགས་བསྡུས་སུ་བསྒྲིགས་ཡོད།
པོད་བཅུ་བ་ནས་བཅུ་གཉིས་པའི་བར་ནི་གསོ་རིག་གསར་སློབ་རྣམས་ལ་ཉེར་མཁོའི་སློབ་དེབ་ཕྱོགས་བསྒྲིགས་བློ་ཆུང་བྱིས་པའི་འབབ་སྟེགས་ཞེས་པ་ཡིན་ལ། འདིའི་ནང་དོན་གྱི་ཆ་ནས་པོད་གསུམ་དུ་བགོས་ཏེ། པོད་བཅུ་བ་བོད་ལུགས་གསོ་རིག་བརྟག་བཅོས་སྐོར། པོད་བཅུ་གཅིག་པ་བོད་ལུགས་གསོ་རིག་སྨན་རྫས་སྐོར། པོད་བཅུ་གཉིས་པ་ཀྲུང་བོད་གསོ་རིག་རྟགས་བཅོས་སྐོར་ཡིན། དེ་ནི་ལོ་རབས་དྲུག་ཅུའི་སྐབས་ཀྱི་སྲིད་ཇུས་དང་འཚམ་ཞིང་གཞི་རིམ་སྨན་པ་དང་བོད་སྨན་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སློབ་མ་རྣམས་ཀྱི་བློ་ཁ་དང་བསྟུན་ཏེ་ཆེད་སྒྲིག་མཛད་པའི་སློབ་དེབ་དག་ཡིན། ༢༠༡༦ལོར་ཁོང་གིས་སྐུ་ཚེགས་ལ་མ་འཛེམ་པར་བོད་ལུགས་གསོ་རིག་བརྟག་བཅོས་སྐོར་ལས་བྱིས་ནད་རྟགས་བཅོས་ཉུང་བསྡུས་ལ་ཁ་སྣོན་དང་། ནད་རྟགས་ཕྱོགས་བསྒྲིགས། ཕྱི་རྒྱུད་རྩ་ཆུ་གཉིས་ལ་གསར་དུ་དཀའ་མཆན་བཏབ་ཡོད།
པོད་བཅུ་གསུམ་པ་རྐང་རྗེན་སྨན་པའི་སློབ་དེབ་ཕྱོགས་བསྒྲིགས་བློ་གསལ་བྱིས་པའི་འཇུག་ངོགས་ཞེས་པ་ནི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་རྫོང་འཕྲོད་བསྟེན་ཅུས་ཀྱིས་སྐུལ་མ་ལྟར་དུས་སྐབས་དེའི་སྲིད་ཇུས་དང་འཚམ་ཞིང་གཞི་རིམ་རྐང་རྗེན་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་སློབ་དེབ་ཏུ་ཕྱོགས་བསྒྲིགས་མཛད་པ་ཡིན། དེ་ནི་གསོ་རིག་རྒྱུད་བཞི་དང་། མན་ངག་ལྷན་ཐབས། ཀོང་སྤྲུལ་ཟིན་ཏིག་བཅས་གཙོར་བཟུང་ནས། དེའི་སྟེང་དར་མོ་སྨན་རམས་པའི་མན་ངག་སོགས་མན་ངག་ཟབ་མོའི་ཉིང་ཁུ་བསྡུས་ཤིང་། གཞན་གསོ་རིག་གཞུང་ལུགས་ཁ་ཤས་ཀྱི་ནང་དུ། སྔར་གསོ་བཅོས་ཀྱི་བྱ་བའི་ཁྲོད་བེད་སྤྱོད་བྱས་ཤིང་ནུས་པ་ཐོན་པའི་ཉམས་མྱོང་རྣམས་ཕྱོགས་བསྒྲིགས་བྱས་པའི་སློབ་དེབ་དང་བཅས་བསྡོམས་པས་པོད་བཅུ་གསུམ་དུ་གྲུབ་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།