བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང་དངོས་སུ་པར་འགྲེམ་བྱས།

རྩོམ་པ་པོ།: ཡོང་ཁུངས།:གངས་རྒྱན་ན་ཆུང་ཚགས་པར། དུས་ཚོད།:2022-01-20 10:12:13 ཀློག་གྲངས།:
        ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་ཆུང་འབྲིང་སློབ་མའི་བསླབ་ཕྱིའི་ཀློག་དེབ«གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད»(ཁག་གསུམ་པ)དང«བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང»(ཁག་དང་པོ། གཏམ་རྒྱུད་ཀྱི་ལེའུ)གཉིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
        མི་རིགས་ཡི་གེའི་པར་སྐྲུན་ཆེད་སྤྱོད་མ་དངུལ་རོགས་སྐྱོར་རྣམ་གྲངས་སུ་ཚུད་པའི«གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད»ཁག་གསུམ་པ(དེབ་ལྔ)པར་སྐྲུན་འགྲེམ་སྤེལ་བྱས། འདི་རུ«གངས་རྒྱན་ན་ཆུང་ཚགས་པར»ཞེས་རྒྱ་ཆེའི་ན་ཆུང་རྣམས་ཀྱིས་རང་རྩལ་སྤྲུག་སའི་གར་སྟེགས་དེའི་ཁྲོད་རང་དཔེ་གཞན་སྟོན་དུ་ངོམ་རི་བའི«འགྲན་རྩོམ་གཅེས་བསྡུས»ཀྱིས་ཁྱོད་ལ་རང་སྣང་ཡི་གེར་ཕབ་འདུན་གྱི་སྤོབས་པ་སྩོལ་ཞིང་། རང་བབ་དང་འཚམ་པའི་ཕུལ་བྱུང་བརྩམས་ཆོས་ཞེས་པ་ག་འདྲ་ཞིག་ཡིན་པ་ཇི་བཞིན་དུ་སྙིང་ཁོང་དུ་སྟོབ་པའི«ལེགས་རྩོམ་མྱོང་རོལ»གྱིས་ཁྱོད་ལ་ཐུན་མོང་མ་ཡིན་པའི་འཇིག་རྟེན་ཞིག་གསར་དུ་འབྱེད་ངེས། དགེ་སྡིག་ལེགས་ཉེས་ཀྱི་གནད་སྟོན་པར་མོས་ཤིང་ཤེས་བརྩོན་ཟུང་འབྲེལ་གྱི་ངར་ཤུགས་སྦྱིན་པར་སྤྲོ་བའི་སྔོན་བྱུང་གཏམ་རྒྱུད་རིས་སུ་བསྡེབས་པའི«གཏམ་རྒྱུད་ཚོན་རིས་མ»ཡིས་ཁྱོད་ལ་དཔེ་ཀློག་གི་སྤྲོ་སྣང་འདྲེན། རྟོག་པ་ཀློང་དུ་བརྡོལ་པ་ལས་བྱུང་བའི་འཇིག་རྟེན་ཞིག་ན«ཀེའུ་ལེ་ཧྥོ་རྒྱལ་ཁམས་མྱུལ་བའི་གཏམ་རྒྱུད»ཀྱིས་ཁྱོད་ལ་བྱིས་དུས་ཀྱི་འཆར་སྣང་དེ་མངོན་སུམ་དུ་འགྲུབ་ཏུ་འཇུག ཡི་གེའི་ལམ་ནས་གོང་དུ་གླེང་བའི་མཚར་སྣང་དེ་དག་མངོན་འགྱུར་བྱེད་པ་ལ་རྨང་གཞིའི་ཐབས་ལམ་སྟོན་པའི«དམའ་འབྲིང་སློབ་མའི་རྩོམ་འབྲིའི་མཛུབ་སྟོན»གྱིས་ཁྱོད་ལ་ཐོག་མའི་གསང་རྒྱ་གྲོལ་ངེས། 
        ད་དུང་གཟིགས་དང་། གོང་དུ་གླེང་བའི་རྣམ་གྲངས་སུ་ཚུད་པའི«བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང»ཞེས་དེབ་བཅུའི་བདག་ཉིད་ཅན་འདི་ནི་ང་ཚོ་སུ་ཡིན་ཡང་སྨྲ་བརྗོད་ཀྱི་ནུས་པ་ཡོད་པ་ནས་བཟུང་། ཕ་མའི་པང་ནས་དུས་རྒྱུན་ཐོས་ཤིང་བསམ་ཞོར་རིམ་གྱིས་བདེན་རྫུན་ཡག་བཙོག ལེགས་ཉེས་དགེ་སྡིག་ལ་སོགས་པའི་འཇིག་རྟེན་མི་ཆོས་ཀྱི་དགེ་མཚན་གང་རང་བློས་ཐེག་ཚོད་དུ་རྒྱུད་ལ་འབྱོར་བ་དང་བསྟུན། ཀློག་སློབ་པའི་གོ་རིམ་ཁྲོད་དཔེ་ཀློག་ལ་སྟ་གོན་བྱེད་པའི་གོམ་སྟབས་དང་པོ་སྤོ་བར་སྐུལ་མཁན་ཏེ། ཁྱོད་ཀྱི་རྟོག་པར་གཤོག་ཟུང་སྩོལ་མཁན་གྱི«སྒྱུ་འཕྲུལ་གཏམ་རྒྱུད»དང་། མཚར་སྣང་མངོན་སུམ་དུ་བསྒྱུར་པའི«ལྷ་སྒྲུང་གཏམ་རྒྱུད» བདེན་དོན་བྱུང་བརྗོད་དུ་བཀྲམ་པའི«ལེགས་བཤད་གཏམ་རྒྱུད» བྱིས་བློ་རབ་བཏགས་སུ་སྤེལ་པའི«སྲོག་ཆགས་གཏམ་རྒྱུད»དང«འདབ་ཆགས་གཏམ་རྒྱུད» ཕྱི་བཀོད་མི་སྣ་རུ་བཞེངས་པའི«རི་ཆུའི་གཏམ་རྒྱུད» དཔའ་བོར་དུངས་བརྗོད་དུ་མངོན་པའི«གླིང་སྒྲུང་ལས་བྱུང་བའི་གཏམ་རྒྱུད» བྱུང་འདས་ནང་སེམས་སུ་འདྲེན་པའི«ལོ་རྒྱུས་གཏམ་རྒྱུད» བརྗོད་སྟངས་རང་ཆས་སུ་མངའ་བའི«ས་གནས་གཏམ་རྒྱུད» དུས་བསྟུན་གོ་བསྐོན་དུ་མངོན་པའི«གསར་བརྗེའི་མི་སྣའི་གཏམ་རྒྱུད»བཅས་ཡིན་ནོ། །
        མདོར་ན། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ནི་བྱིས་པ་རྣམས་ཀྱིས་རང་ཉིད་སུ་ཡིན་ཐད་ཀྱི་ངོས་འཛིན་དང་ཐུན་མོང་དུ་གྱུར་པའི་སེམས་ཁམས། རིག་གནས་གོམས་གཤིས། ཡ་རབས་ལུགས་མཐུན་གྱི་མི་གཞི་ལེགས་པོ་ཞིག་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཡིན་པ་ལས་གཞན། རང་སྐད་བཀོལ་ནུས་ཀྱི་ཐད་དུའང་ཡར་སྐུལ་གྱི་ནུས་པ་བླ་ལྷག་འདོན་ངེས། མི་རབས་རེ་རེ་ནར་སོན་པའི་གོ་རིམ་ཁྲོད། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་འདི་ཉིད་འབྱུང་འགྱུར་གྱི་བདག་པོ་རྣམས་དཔེ་ཀློག་གི་ལམ་ཁར་འདྲེན་པ་ལ། འབོད་པའི་གཡབ་མོ་རུ་འགྱུར་བར་ཤོག་ཅེས་ལྷག་བསམ་དཀར་པོས་སྨོན་འདུན་ཞུ་བའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།