«ཆུ་ཆེན་ཟིན་བྲིས»བོད་འགྱུར་མ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-01-24 09:00:13 ཀློག་གྲངས།:
འགོ་བརྗོད།
«ཆུ་ཆེན་ཟིན་བྲིས»བོད་འགྱུར་མ།
        བདག་ལོ་ཉི་ཤུ་ཡས་མས་ནས་བཟུང་ཁྲུའུ་ལྷོ[1]རུ་ལས་དོན་བསྒྲུབས། རིམ་བཞིན་ཧྲུའུ་ནུབ[2]ཀྱི་མིའོ་དང་ཡའོ་རིགས་ས་ཁུལ་དག་དང་སི་ཁྲོན་གྱི་ཆུང་པོ་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་འགན་ཁུར། ལོ་བཅུ་ལྷག་གི་རིང་ལ། གནས་མང་པོར་ཡུལ་སྐོར་དུ་ཕྱིན། ལམ་བར་གྱི་མཐོང་ཐོས་ཅི་རིགས་ཡིག་ངོར་འགོད་བསམ་ན་ཡང་ཁོམ་ལོང་མ་བྱུང་། ཤིང་འབྲུག་ལོའི་སྟོན་ཀར་སུའེ་ཅིན་དུ་ལས་གནས་སྤར་ཅིང་ས་བྱ་ལོའི་བར་དུ་གནས་དེར་ལས་འགན་བསྒྲུབས། དེ་ནས་སླར་ལས་གནས་བརྗེས་ཏེ། མཐའ་མཚམས་སུ་ལོ་ལྔར་བསྡད། ཡུལ་དེ་ནི་སྔོན་མ་དབྱི་ནུབ་མའི[3]རུ་ཤོག་ཡིན་ཞིང་། དེང་མངའ་ཁོངས་སུ་གསར་དུ་བསྡུས། ཀྲུང་ཡོན་དང་ཡུལ་སྲོལ་མི་འདྲ་ས་མང་། ཡུན་རིང་འགོར་རྗེས་དབྱི་རིགས་ཀྱི་གོམས་གཤིས་རིམ་གྱིས་ཤེས་ཏེ་སེམས་ཅུང་བདེ་བར་གྱུར། གཞུང་དོན་སྔར་ལས་སྒྲུབ་སླ་བར་གྱུར་པ་ལས། མཐོང་ཐོས་དག་ཡིག་ངོར་འགོད་པའི་ཁོམ་པ་ཡང་བྱུང་། རིམ་གྱིས་དེབ་ཅིག་གི་ཚད་དུ་སླེབས་ཀྱང་རང་ཉིད་ཀྱི་མཐོང་ཐོས་ཕྲན་ཚེགས་ཡིན་པས་གླེང་རིན་ཆེན་པོ་མེད། འོན་ཀྱང་མུ་ཏིག་སྔོན་པོ་དང་བཀྲག་རྩིའི་རས་སོགས་ཧྭ་དབྱང་གི་དེབ་ཐེར[4]ཏུ་བཀོད་ཡོད་ལ། ཁམ་བུའི་ཐུག་པ་དང་ལོ་གསར་དུ་སྒོ་ཁར་སྦྱར་བའི་ཆ་ཡིག་ཀྱང་ཅུན་ཁྲུའུ་ཡི་ཡིག་ཚགས་སུ་ཞིབ་མོར་བཀོད་ཡོད་པས། ཕྲན་ཆུང་ཤེས་རྒྱ་ཆུང་ཡང་། གནའ་མིའི་ལུགས་དེ་མ་དོར་བར་རྒྱུན་འཛིན་བྱས། སྔོན་ཆད་མན་ཧྥུའུ[5]ཡི་དཔོན་པོ་ཞིག་གིས་ཀྱང་“ཆུ་མོའི་ནང་ལས་ཀྱོག་ཡོ[6]རྩེད་”ཅེས་པའི་གཞས་ཚིག་བྲིས་མྱོང་། ཀྱོག་ཡོ་ལྟ་བུའི་ཐ་སྙད་ཀྱང་གཞས་ཚིག་ཏུ་བྲིས་ཆོག་ན། དེབ་འདི་ལས་ཀློག་མཁན་དག་གིས་ཡ་མཚན་གྱི་རྣམ་པ་དང་གོམས་སྲོལ་མཐོང་བ་ལས་ཧ་ལས་ནས་དགོད་ཁ་ཤོར་དུ་འཇུག་སྲིད།
        ཞེས་ལྕགས་འབྲུག་ལོའི་ཟླ་བརྒྱད་པར[7]ཧྲང་ཧེ་པ་ལི་ཤིན་ཧེང་གིས་བྲིས་སོ། །

[1] རྒྱ་ཡིག་ལ楚南ཟེར་ཞིང་། འབྲི་ཆུའི་སྨད་རྒྱུད་ལྷོ་ཕྱོགས་ལ་གོ།
[2] རྒྱ་ཡིག་ལ
蜀西ཟེར་ཞིང་། སི་ཁྲོན་གྱི་ནུབ་ཕྱོགས་ལ་གོ།
[3] རྒྱ་ཡིག་ལ
西夷ཟེར་ཞིང་། ནུབ་ཀྱི་གྲངས་ཉུང་མི་རིགས་ཏེ་འདིར་བོད་ལ་གོ།
[4] རྒྱ་ཡིག་ལ
华阳国志ཟེར་ཞིང་། ཅིན་ཤར་མའི་སྐབས་སུ་སི་ཁྲོན་གྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་ཞིག་ཡིན།
[5] རྒྱ་ཡིག་ལ
蛮府ཟེར་ཞིང་། སྔོན་ཆད་གྲངས་ཉུང་མི་རིགས་ཀྱི་ལས་དོན་བདག་གཉེར་བྱེད་མཁན་ལས་ཁུངས་ཤིག་ཡིན།
[6] འདི་ནི་རྒྱལ་རོང་སྐད་ཀྱི་ཉ་མོ་ཞེས་པའི་སྒྲ་སྒྱུར་ཡིན།
[7] ཆན་ལུང་སྲིད་ལོ་ང་ལྔ་པ་སྟེ
1790ལོའི་ཟླ་བརྒྱད་པ་ཡིན།
བསྒྱུར་བྱང་།
«ཆུ་ཆེན་ཟིན་བྲིས»ཀྱི་མ་ཡིག
        ད་ལྟར་རྒྱལ་མོ་ཚ་བ་རོང་སྟེ་ནང་སྒོས་སུ་ཆུ་ཆེན་རྒྱུད་ཀྱི་ལོ་རྒྱུས་ཡིག་ཚགས་རྒྱ་བོད་ཡིག་རིགས་གང་དུའང་མཐོང་དཀོན་ཞིང་། ཆུ་ཆེན་གྱི་ཡུལ་སྲོལ་སྐོར་གྱི་རྒྱ་ཡིག་གི་ཟིན་འགོད་ཐོ་རེ་ལོང་ངེ་བ་འགའ་བཀླགས་པ་བརྒྱུད། གཞི་ནས་ལོ200ལྷག་གི་སྔོན་ལ«ཆུ་ཆེན་ཟིན་བྲིས»ཞེས་པའི་དེབ་ཅིག་ཡུལ་དེར་གཞུང་དཔོན་གྱི་འགན་ཁུར་མཁན་ཞིག་གིས་རྒྱ་ཡིག་ཏུ་བྲིས་ཡོད་པ་ཤེས། དེབ་དེ་ནི1790ལོར་པར་སྐྲུན་བྱས་པ་ཡིན་ཞིང་། རྩོམ་པ་པོ་ལི་ཤིན་ཧེང་ནི་ཆིང་རྒྱལ་རབས་ཀྱི་ཆན་ལུང་སྲིད་ལོའི་སྐབས་སུ་ཆུ་ཆེན་གྱི་གཞུང་དཔོན་རབས་བཞི་པ་ཡིན། རྩོམ་པ་པོ་རང་ཉིད་ཀྱིས་ཆུ་ཆེན་དུ་སྔ་རྗེས་སུ་ལོ་ལྔ་ཙམ་ལ་འཚོ་བ་རོལ་ཞིང་། ལས་གནས་ཐོག་ཏུ་ཆུ་ཆེན་དང་བཙན་ལྷའི་མྱོང་ཚོར་དང་མཐོང་ཐོས་གཞིར་བཟུང་། ཕྱི་ནས་ཡོང་མཁན་ཞིག་གི་མཐོང་རྒྱ་ལས་སྐབས་དེའི་ཆུ་ཆེན་དང་། བཙན་ལྷ། དེར་མ་ཟད་རོང་བྲག་སོགས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྡེ་དག་གི་ཡུལ་སྲོལ་གོམས་གཤིས་སོགས་བརྗོད་ཡོད་ཅིང་། སྐབས་དེའི་ཆུ་ཆེན་དམག་འཁྲུག་གི་ལོ་རྒྱུས་རེ་འགའ་ཡང་དངོས་སུ་ཡིག་ངོར་ཕབ་ཡོད། རྩོམ་པ་པོས“ཚད་ལས་མི་འདའ་བ་དང་། བདེན་དོན་སོར་འཇོག དོགས་གཞི་ཡོད་ཀྱང་འོལ་ཚོད་མི་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། སྐབས་དེའི་རང་གི་ཉེ་འཁོར་གྱི་བྱ་དངོས་དག་སྒྲོ་སྐུར་སྤངས་ཏེ་བྲིས་སྟབས། རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཐད་རིན་ཐང་ཆེན་པོ་ལྡན་པར་བསམས།
        འགྱུར་ཡིག་འདི་ནི་ཆིན་རྒྱལ་རབས་ཅ་ཆིན་སྲིད་ལོའི་པར་མ་གཞིར་བཟུང་ཞིང་རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས1997ལོར་པར་དུ་བསྐྲུན་པའི་པར་མར་ཟུར་ལྟ་བྱས་པ་ཡིན། དེབ་ནང་དུ་ལོ་རྒྱུས་ཀྱི་དབང་གིས་བྱུང་བའི་ཕྱོགས་ཞེན་དང་དམའ་འབེབས་ཀྱི་འདོགས་མིང་གང་མང་ཡོད་ཅིང་། མ་ཡིག་གི་རྩོམ་ཉམས་དེ་རྒྱུན་འཛིན་བྱེད་ཆེད་འགྱུར་ཡིག་ཏུའང་སོར་འཇོག་བྱེད་གང་ཐུབ་བྱས་ཡོད། དཔེར་ན“དབྱི”དང“ཧྥན”སོགས་ལོ་རྒྱུས་སུ་མཐའ་མཚམས་གྲངས་ཉུང་མི་རིགས་ལ་དམའ་འབེབས་ཀྱི་ཚུལ་དུ་བཏགས་ཀྱང་འགྱུར་ཡིག་ལ“བོད”ཅེས་མ་བསྒྱུར་བར་སྒྲ་ཇི་བཞིན་དུ་སོར་འཇོག་བྱས་ཡོད་པས། མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་དཔྱད་པར་འཚལ། དེ་མ་ཟད་ས་མིང་དང་མི་མིང་བོད་ཡིག་ལྟར་སྒྱུར་གང་ཐུབ་བྱས་ཡོད་ཀྱང་། ས་མིང་མང་པོའི་ཁར་བསྟུན་ཀྱང་གང་ཡིན་ངེས་གཏན་གྱི་ཁུངས་མི་རྙེད། རྡོ་རིང་དུ་ཡོད་པའི་ཐ་སྙད་ཀྱི་འགྱུར་ཡིག་ཁྲོད་དུའང་སོར་འཇོག་བྱས་ཡོད་པ་དཔེར་ན། “རྐུན་མའི་གཙོ་བོ་”ཞེས་པའི་ཐ་སྙད་དེ་རྒྱ་ཡིག་དངོས་ལྟར་བསྒྱུར་ན“དཔོན་ལོག”ཅེས་བསྒྱུར་ན་ལེགས་ཀྱང་། རྡོ་རིང་དུ་དེ་ལྟར་བྲིས་པས་འགྱུར་གྱི་ནང་ལའང་རང་འཇགས་སུ་བཀོད་པ་ཡིན།
        ད་ལྟ་དེབ་འདིར་འཁོད་པའི་རྡོ་རིང་གསུམ་པོའི་ནང་གི་གཉིས་པ་སྟེ་བཀར་ངེས་ཀྱི་རྡོ་རིང་གི་བོད་ཡིག་གཅིག་པུ་ལས་ལུས་མེད་པས། འདིར་རྔ་ཁུལ་རྩོམ་སྒྱུར་ཁང་གི་སྐུ་ཞབས་ཧོར་རྒྱལ་ལགས་དང་བཀྲ་ཤིས་ནོར་བུ་ལགས་ཀྱིས་ཡུལ་དངོས་སུ་བཤུས་པ་ཇི་བཞིན་བཀོད་པ་ཡིན།
        དེབ་འདིའི་མདུན་ཤོག་གི་པར་ནི་རྒྱལ་མོ་ཚ་བ་རོང་གི་སྤྱི་ཚོགས་དང་ལོ་རྒྱུས་ཞིབ་འཇུག་པ་ཏཱ་རེ་སྐྱིད་ལགས་ཀྱིས་མཁོ་འདོན་གནང་ཞིང་། འཇར་མན་རྩོམ་པ་པོ་ཨ་པོར་ཐཱ་ཧྥེར་ལགས་ཀྱི«བོད་ཡུལ་དུ་འགྲིམས་པ»(1914ལོའི་འཇར་མན་ཡི་གེའི་པར་གཞི)ཞེས་པའི་དེབ་ལས་བཏུས་ཤིང་ལོ་ངོ་བརྒྱ་ལྷག་གི་སྔོན་གྱི་ཆུ་ཆེན་གྱི་པར་ཞིག་ཡིན།(Albert Tafel, Meine Tibetreise, Band II, Stuttgart, Berlin, Leipzig, 1914) 
        མ་ཡིག་ནི་རྒྱའི་གནའ་ཡིག་ཡིན་ཞིང་། ཟུར་ལྟ་བྱེད་སའི་དེབ་ལའང་ཡིག་ནོར་གང་མང་ཡོད་ཁར། སྒྱུར་མཁན་བདག་གི་ཤེས་རྒྱ་ཆུང་བ་སོགས་ཀྱི་དབང་གིས་གོ་ནོར་དང་བསྒྱུར་ཉེས་གང་བྱུང་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་རོགས་ཞུ། །
        དེབ་འདི་པར་སྐྲུན་ཐད་མཐུན་རྐྱེན་གནང་མཁན་དཔོན་ཁོ་ལགས་ཀྱིས་གཙོར་བྱས་པའི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།
དབལ་ཤུལ་བློ་བཟང་བསྟན་འཛིན་གྱིས་སྤྱི་ལོ༢༠༢༡བོད་ལྕགས་གླང་ལོའི་ཟླ་ཚེས་བཟང་པོར་པེ་ཅིན་ནས།

ལོ་ཙཱ་བའི་ངོ་སྤྲོད་མདོར་བསྡུས།
        དབལ་ཤུལ་བློ་བཟང་བསྟན་འཛིན། ཀུན་གྱིས་བློ་ཁོ་ཞེས་སུ་འབོད། ཞུས་ཆེན་ལོ་ཙཱ་བ། ཁྲིམས་ལུགས་རིག་པའི་འབུམ་རམས་པ། ཕ་ཡུལ་རྔ་བ་ཁུལ་ཁྱུང་མཆུའི་དབལ་ཤུལ་རྨེ་བ་ཡིན། ད་ལྟ་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་ཡིག་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་ཡོད། དུས་ཡུན་རིང་པོར་བོད་རྒྱ་དབྱིན་གསུམ་གྱི་ལོ་ཙཱའི་ལས་དོན་བསྒྲུབས། རྒྱལ་ཁབ་རིམ་པའི་ཚོགས་འདུ་གང་མང་ལ་ཞུགས་ཤིང་། ཡིག་ཆ་གལ་ཆེན་མང་པོ་ལོ་ཙཱ་བྱས། རྒྱ་བོད་ལོ་ཙཱ་དང་བོད་ཀྱི་དཔལ་འབྱོར་རིག་པའི་ཐད་ཀྱི་དཔྱད་རྩོམ་དུ་མ«ཀྲུང་གོའི་བོད་རིག་པ»དང་། «མི་རིགས་ལོ་ཙཱ།» «མི་རིགས་ཞིབ་འཇུག» «མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ»སོགས་སུ་བཀོད་མྱོང་། བོད་ཀྱི་དཔལ་འབྱོར་རིག་པའི་ཞིབ་འཇུག་ཐད་ཀྱི་དེབ«བོད་ཀྱི་དམངས་གཉེར་དཔལ་འབྱོར་ཞིབ་འཇུག»དང་། བོད་རྒྱའི་ལོ་ཙཱའི་ཐད་ཀྱི་གྲུབ་འབྲས«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»རྒྱ་འགྱུར་མ། སྐད་སྒྱུར་ཞིབ་འཇུག་ཐད་ཀྱི་དེབ«སྐད་སྒྱུར་གྱི་རིག་གཞུང་དང་ལག་ལེན»བཅས་སྔ་ཕྱིར་བརྩམས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།