ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > སྒོ་མེ་སེང་བྷེ་ལགས་ཀྱི«སྐད་ཡིག་སློབ་ཁྲིད་ལ་འཇུག་པའི་སྒོ་བློ་གསལ་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།»ཞེས་པའི་དེབ་པར་སྐྲུན་འགྲེམ་སྤེལ་བྱས།
སྒོ་མེ་སེང་བྷེ་ལགས་ཀྱི«སྐད་ཡིག་སློབ་ཁྲིད་ལ་འཇུག་པའི་སྒོ་བློ་གསལ་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།»ཞེས་པའི་དེབ་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:སྒོ་མེ་གསང་བདག་ལྷུན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-21 09:26:12
ཀློག་གྲངས།:
སྐད་ཡིག་སློབ་ཁྲིད་ལ་འཇུག་པའི་སྒོ་བློ་གསལ་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།
---སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་དངོས་གཞི། སློབ་ཁྲིད་ཉན་ཚུལ། སློབ་ཁྲིད་གླེང་བརྗོད། སློབ་ཁྲིད་དཔྱད་འཇོག་བཅས་ལ་འཇུག་ཚུལ།

༄༅། །སྔོན་དུ་འགྲོ་བའི་གཏམ།
རྒྱ་ཡེ་བཀྲ་བྷོ།
དགེ་རྒན་གསང་བདག་ལྷུན་གྲུབ་འདི་ལ་ཁོ་བོས་ནི་ཡར་ཀླུངས་ཁོག་གི་སྒོ་མེ་བ་ཞེས་གསོལ་བར་བྱེད་དོ། །ཡར་ཀླུངས་ཁོག་ན་སྒོ་མེ་བ་ནི་ཁོ་རང་གཅིག་པུ་ཙམ་ནི་མིན་ལས་ཆེ་མོད། ཁོ་རང་ནི་ཡར་ཀླུངས་ཁོག་ཏུ་ཡོད་པའི་སྒོ་མེ་བའི་འཐུས་ཚབ་ཏུ་རུང་བའི་སྐྱེས་བུ་ཞིག་ཡིན་པ་ལ་འཁུ་འཕྲིག་ཅི་ཡང་མི་དགོས་སྙམ།ཁོ་དང་ལྷན་དུ་འཕྲོས་མོལ་གྱི་སྐབས་འདྲ་བྱུང་ཚེ། ཁོ་བོ་རྟག་པར་རྣ་བ་བླགས་པར་སྤྲོ་བ་ནི་ཁོ་རང་དང་པོ་སློབ་ཆེན་ནས་མཐར་ཕྱིན་མ་ཐག་པའི་སྐབས་སུ་ཨ་སྐྱོ་པ་ལྟ་བུ་ཞིག་གི་ཚུལ་གྱིས་དབུས་གཙང་དུ་འོངས་ཤིང་། དེ་ནས་རིམ་གྱིས་འབད་འབུངས་དུ་མ་བརྒྱུད་ནས་བུ་ཕ་ཁྱིམ་དུ་ལོག་པ་དང་བུ་མོ་མ་ཁྱིམ་དུ་ལོག་པ་ལྟར་སྔར་གྱི་མཚེར་ཤུལ་བསྙེགས་ནས་ཡར་ཀླུངས་ཀྱི་པང་དུ་སླར་ལོག་པའི་ཚུལ་གེ་སར་གྱི་སྒྲུང་ལྟ་བུ་ཞིག་བཤད་རྒྱུ་ཡོད་པ་དེ་ཡིན། ཁོའི་མི་ཚེའི་བརྒྱུད་རིམ་ལས་ཁོ་རང་ནི་དཀའ་སྡུག་ལ་བཟོད་བསྲན་ཆེ་ཞིང་བླ་སྲོག་ལ་དང་དོད་ཅན་གྱི་མི་ཞིག་ཡིན་པ་ངང་གིས་ཤེས་འོང་། དེ་ནི་རང་རིགས་ལ་མཁོ་ཆེ་ཡང་འབྱུང་བ་དཀོན་པའི་གཤིས་རྒྱུད་རིན་ཐང་ཤིན་ཏུ་ཆེ་བ་ཞིག་གོ། །
ཡང་ཁོ་རང་ནི་ཡར་ཀླུངས་ཁོག་ནས་བསྡད་ན་ཡར་ལྷ་ཤམ་པོ་བསྟེན་དགོས་པའི་གནས་ལུགས་ལ་ཁ་མིན་སེམས་ཀྱི་ངེས་ཤེས་འདྲོངས་པའི་རྣམ་དཔྱོད་ཅན་ཞིག་ཡིན་པར་སྣང་སྟེ། ཁོ་རང་ནི་ཡར་ཀླུངས་ལྟ་ཅི་སྨོས། སྤྱིར་དབུས་གཙང་གི་ཡུལ་ལ་ངོས་འཛིན་ཡང་དག་པ་ཡོད་མཁན་ཞིག་རེད་པས། དབུས་གཙང་གི་ཟས་ཟ་ཞོར་དང་ཇ་འཐུང་ཞོར་དུ་དབུས་གཙང་གི་སྐྱོན་ཁོ་ན་ལ་བརྟགས་ནས་ངན་སྨྲས་ཤུབ་བུར་ཟློ་མཁན་དེ་འདྲའི་རིགས་གཏན་ནས་མ་རེད་དོ། །འདི་ཡང་རང་རེ་རྣམས་ཀྱིས་ནན་ཏན་ཏུ་བསམ་པར་འོས་པའི་གནས་ཤིག་སྟེ། ཡུལ་དབུས་ལ་ཡུལ་དབུས་ཀྱི་འདུ་ཤེས་ཀྱིས་ཕོངས་ཤིང་། ཡུལ་དབུས་ནས་ཡུལ་དབུས་ཀྱི་ཡོན་ཏན་མ་མཐོང་ན། ལུས་ནི་རེ་ཞིག་ལས་ཀྱིས་དེར་འཕངས་ཀྱང་དོན་དུ་ཁ་ལ་མེ་འབར་གྱི་སྐྱེ་བ་བླངས་པ་དང་གཉིས་སུ་མ་མཆིས་ལ། ད་ཆ་དེ་ལྟ་བུའི་སྐྱེ་བ་བླངས་ནས་ཡི་ཕྱ་དུང་ངེ་བར་བྱེད་པ་དེ་འདྲའང་མི་ཉུང་བར་གདའ་འོ། །
ལྷག་པར་ཁོ་རང་ནི་ལོ་རྒྱུས་དང་། རིག་གནས། སློབ་གསོ་བཅས་ལ་ཞེན་ཁོག་ཆེ་ཞིང་། དེ་དག་ལ་བརྩོན་པས་འཇུག་པ་མི་ལྷོད་པ་དང་། ཞུགས་ནས་ཀྱང་གྲུབ་འབྲས་མི་དམན་པ་ལོན་དང་ལེན་བཞིན་པའི་ལག་རྗེས་ཅན་ཞིག་སྟེ། སྤྱིར་དབུས་གཙང་དང་ལྷག་པར་ཡར་ཀླུངས་ཕྱོགས་ཀྱི་ལོ་རྒྱུས་ལ་ཡུན་རིང་པོར་དཔེ་ཀློག་དང་། དྲི་གཏུགས་ཞིབ་ཚགས་ཅན་དང་། མནོ་བསམ་མང་དུ་བགྱིས་པས། བྱེ་བྲག་ཏུ་དེའི་ཕྱོགས་ལ་ངེས་ཆ་ཤིན་ཏུ་ཆེ་ལ། ཡུལ་ཀླུངས་ཀྱི་སྔོན་གྱི་བྱུང་རབས་དང་རིག་གནས་ལ་ནི་ཐོགས་པ་མེད་ཅིང་ལོ་རྒྱུས་ཀྱིས་དགེ་ཐོན་པ་ཞིག་གོ། །
ཁོ་རང་གིས་ལོ་ངོ་མང་པོར་དགེ་རྒན་གྱི་ལས་ཁུར་ཕྲག་ཏུ་བླངས་པའི་རིང་ལ། སློབ་བུའི་ཚོགས་དོན་ལྡན་གྱི་ཤེས་ཡོན་གྱིས་བསྐྱངས་པ་ཙམ་དུ་མ་ཟད། ད་དུང་དེ་དག་བདུད་རྩིའི་རྫིང་བུ་རུ་འཁྱིལ་བའི་རིག་པའི་ཐིགས་ཕྲན་ཅུང་ཟད་རེ་ཁ་ལ་རེག་ཅིང་ཁོག་ཏུ་སིམ་པའི་སྐལ་བ་ཅན་དུ་བྱས་ནས། སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་ལེགས་པའི་ལམ་དུ་བཀྲི་བའི་ཐབས་ལ་འབད། སློབ་གསོ་ཅུ་རུ་ལས་གནས་སྤོས་པའི་རྗེས་སུ། ས་ཁུལ་གྱི་སློབ་གསོའི་ལས་ཀ་ཆ་ཡོང་ནས་ཡར་དར་ཡོང་བའི་དོན་ལ་ལུས་སེམས་ཀུན་ནས་གཞོལ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐུབ་མིན་ནི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་ཐབས་ལམ་གནད་དུ་འགྲོ་མིན་ལ་རག་ལས་པར་དགོངས་ནས་དེ་དག་ལེགས་བཅོས་ཀྱི་ཐབས་ལ་རྟོག་འཇུག་ནན་མོ་བགྱིས། དེ་ལྟར་རིམ་གྱིས་ཁོ་རང་ནི་སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་གྱ་ནོམ་པ་ཡོད་ལ། དེ་དག་གི་ཕྱོགས་ལ་གཞུང་ལུགས་དང་འབྲེལ་བའི་བསམ་གཞིག་ཀྱང་མངའ་བའི་ཡུལ་གྱི་སློབ་གསོའི་བྱ་བའི་སྣེ་མོ་འཁྲིད་མཁན་གྱི་སློབ་གསོའི་རྐང་འཛིན་པ་དང་། དབུས་གཙང་མངའ་རིས་དང་བཅས་པའི་ཡུལ་གྲུ་སོ་སོར་བསྐྱོད་ནས་གཞུང་ལུགས་ཀྱི་འཆད་འཁྲིད་དང་སྦྲགས་ཏེ་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀར་མཛུབ་སྟོན་དང་དོ་དམ་བྱེད་མཁན་གྱི་སློབ་གསོ་པ་གལ་ཆེན་ཞིག་ཏུ་གྱུར་འདུག །
ལོ་རྒྱུས་དང་། རིག་གནས། སློབ་གསོ་བཅས་ཀྱི་དོན་ལ་ཡུན་རིང་པོར་རྟོག་འཇུག་བགྱིས་པའི་འབྲས་བུར་ཁོས་སྔ་ཕྱིར«བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྒོ་མེ་ཟེགས་སྒང་ཚོ་པའི་ཁྱིམ་རྒྱུད་གཡུ་ཡི་མགུལ་རྒྱན»ཞེས་པ་དང་། «བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས།» «སེམས་གཏམ་སོག་མའི་ཕོན་ཐག» «བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་མི་ཆོས་ཀུན་སྤྱོད་སློབ་གསོའི་སྐོར་གླེང་བ།» «བོད་ཀྱི་གནའ་རབས་མི་ཆོས་ཀུན་སྤྱོད་ཀྱི་འཕེལ་འགྱུར་ལ་དཔྱད་པ»ཞེས་པ་སོགས་བརྩམས་ཆོས་མང་པོ་བརྩམས་ནས་དཔེ་སྐྲུན་བྱས་པས། རིག་གཞུང་དང་སློབ་གསོའི་བྱ་བ་ཡར་སྐུལ་བྱེད་པར་ཕན་རླབས་ཆེ་བ་བྱུང་།
ཁོས་ཉེ་བའི་ཆ་འདིར་ཡང་སྐད་ཡིག་གི་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད་དངོས་གཞི། སློབ་ཁྲིད་མཉན་ཚུལ། སློབ་ཁྲིད་གླེང་བརྗོད །སློབ་ཁྲིད་དཔྱད་འཇོག་བཅས་ལ་འཇུག་པའི་སྒོ་བློ་གསལ་མྱུར་ལམ་བྱ་བ་ལེའུ་དགུའི་བདག་ཉིད་ཅན་ཞིག་གསར་དུ་བརྩམས་གྲུབ་ནས་ད་ཆ་དཔེ་སྐྲུན་བྱ་ལ་ཉེ་ཞིང་། བརྩམས་ཆོས་འདི་རུ་སྐད་ཡིག་སློབ་ཁྲིད་ལ་ཆ་ཡོངས་ནས་རྟོག་འཇུག་བགྱིས་ཏེ། དེང་སྐབས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྟངས་གསར་བའི་ཆ་ལག་རྣམས་ཡོངས་སུ་ཚང་བར་བགྱིས་པའི་ཁར་རང་གིས་ལོ་ངོ་དུ་མར་བསགས་པའི་ཉམས་མྱོང་རྣམས་ཀྱིས་ཟུར་བརྒྱན་པས། གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཆ་ནས་དགེ་མཚན་དུ་མ་དང་བཅས་པའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་སྣང་། དེ་བས་བརྩམས་ཆོས་འདི་ཉིད་ཀུན་གྱི་སྤྱན་ལམ་དུ་བཀྲམ་པའི་ཉེར་ལེན་ལ་བརྟེན་ནས། རང་རེའི་སྐད་ཡིག་སློབ་ཁྲིད་ཡར་སྐུལ་གྱི་ཕྱོགས་ལ་ཕན་པའི་འབྲས་བུ་ངེས་པར་སྨིན་པའི་རེ་ལྟོས་ཀྱང་འཆའ་བར་རུང་ངོ་སྙམ། །
དགེ་རྒན་གསང་བདག་ལྷུན་གྲུབ་ནི་ཉིན་གུང་གི་ཉི་མ་བཞིན་གསལ་ཞིང་འཚེར་བའི་དུས་སྐབས་སུ་ཁེལ་འདུག་པས། སྐབས་འདི་དང་བསྟུན་ནས་བདག་གིས་ཁོ་རང་རིག་གནས་དང་སློབ་གསོ་གོང་སྤེལ་གྱི་དོན་ལ་སྔར་བཞིན་གཡེལ་བ་མེད་ཅིང་། དགེ་བའི་བྱ་གཞག་མཐའ་དག་ད་དུང་མུ་ནས་མུར་ཡར་ལྡན་དུ་འགྲོ་བ་ལ། རེ་བའི་སྨོན་ལམ་ལེགས་པོའང་གདབ་པར་བྱའོ། །
ཞེས་པ་འདི་ནི་དགེ་རྒན་གསང་བདག་ལྷུན་གྲུབ་ཀྱི་བརྩམས་ཆོས་གསར་པ་དཔེ་སྐྲུན་བྱེད་ལ་ཉེ་བའི་སྐབས་སུ་སྔོན་འགྲོའི་གཏམ་ཞིག་བྲི་རོགས་ཞེས་བསྐུལ་བའི་ངོ་མ་བཟློག་པར་མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོ་རུ་འབོད་པས་དུས་ཚེས་ཁྱད་པར་དུ་འཕགས་པ་སྤྱི་ལོ༢༠༢༡ལོའི་ཧོར་ཟླ༩ཚེས༢༢ཏེ་ལྷ་བབས་དུས་ཆེན་ལ་གཡར་ཁྲལ་ཙམ་དུ་སྦྱར་བ་དགེ་བར་གྱུར་ཅིག །

སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་དངོས་གཞི། སློབ་ཁྲིད་ཉན་ཚུལ། སློབ་ཁྲིད་གླེང་བརྗོད། སློབ་ཁྲིད་དཔྱད་འཇོག་བཅས་ལ་འཇུག་ཚུལ།
སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་གཞི་གཙོས་སློབ་ཁྲིད་ཐབས་ལམ་དང་སློབ་མའི་སྦྱོང་ཐབས་ནི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སློབ་གསོའི་བྱེད་ཕྱོགས་དང་བྱེད་ཐབས་ཡང་དག་པར་ལག་བསྟར་དང་། སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་པར་ལག་ལེན། སློབ་གསོའི་སྤུས་ཚད་མཐོ་རུ་འདེགས་བྱེད་ཀྱི་ཀ་བ་ལྟ་བུ་ཡང་ཡིན། ད་ལྟའི་བར་སློབ་གྲྭ་ཆུང་འབྲིང་གི་སློབ་རིམ་སོ་སོའི་སློབ་ཁྲིད་ཀྱི་གོ་རིམ་དང་ཐབས་ལམ་སོགས་རྩ་བའི་ཆར་གཅིག་ཏུ་སྣང་ཡང་། དེང་རབས་ཅན་ལ་ཁ་ཕྱོགས་པའི་བསླབ་གཞི་བཅོས་བསྒྱུར་གསར་པའི་དགོངས་དོན་དང་། བྱང་ཚད་སློབ་གསོའི་རེ་བ་ལྟར་ན་སློབ་རིམ་མི་འདྲ་བའི་སློབ་གསོའི་བྱ་ཐབས་དང་། སློབ་ཁྲིད་ཐབས་ལམ། སློབ་གཉེར་བྱེད་ཐབས་སོགས་དེང་རབས་ཅན་གྱི་སློབ་ཁྲིད་དང་བར་ཐག་ཅུང་རིང་ཞིང་། ལྷག་པར་དུ་སློབ་ཁྲིད་ཀྱི་སྒྲིག་གཞིའི་གྲུབ་ཆར་གཙོར་གྱུར་བའི་སློབ་ཁྲིད་ཀྱི་ཁྲིད་ཟིན་དང་། ཁྲིད་དངོས། སློབ་ཁྲིད་གླེང་བརྗོད། སློབ་ཁྲིད་དཔྱད་འཇོག ཁྲིད་ཉན(备课、讲课、说课、评课、听课)་ཉམས་མྱོང་ཙམ་བརྗོད་འདོད་པ་ནི་སེམས་འདུན་དང་པོ་ཡིན།བཅས་ལ་བལྟས་ན། རང་རེའི་བོད་སྐད་ཡིག་སློབ་ཁྲིད་ལ་དེང་རབས་སློབ་ཁྲིད་གཞུང་གི་རྒྱབ་རྟེན་གྱིས་སྣེ་ཁྲིད་མེད་ཅིང་། སྒྲུབ་བྱེད་རིགས་པའི་ཚུགས་མི་བརྟན་པར་ཅི་འདོད་གང་འདོད་ཀྱིས་ཁྲིད་དེ། སྔ་མ་ལྟ་བུའི་སློབ་ཁྲིད་ཀྱི་ཐབས་མེད་ལ། དེང་རབས་ལྟ་བུའི་སློབ་ཁྲིད་ཀྱི་གཞུང་མེད་པ་མ་ཟད་དེང་རབས་སློབ་ཁང་སློབ་ཁྲིད་ཀྱི་ཐ་སྙད་འདི་དག་ཀྱང་གཅིག་གྱུར་ཡང་བྱུང་མེད། དེ་ཡང་། རིག་ཚན་གཞན་དང་གཞན་ལ་མཚོན་ན་སློབ་གསོའི་གཞུང་ལུགས་ཀྱི་ཡན་ལག་ལྟ་བུའི་སློབ་ཁྲིད་ཐབས་ལམ་ལ་རྣམ་གཞག་ཞིབ་ཅིང་ཕྲ་བ་རེ་བརྗོད་དུ་ཡོད་ལ། སློབ་གྲྭ་ལ་ལས་ཐབས་ལམ་འདི་ལ་བརྟེན་ནས་རང་ཉིད་ཀྱི་ཐུན་མིན་ཁྲིད་ཐབས་ཀྱང་གང་མང་ཐོན་ཡོད་ལ་འབྲས་བུའང་མི་དམན་པ་བླངས་ཡོད། དེ་བས། རང་ཅག་ལའང་སྔ་དེང་ཁྲིད་ཐབས་མཉམ་འདྲེས་ཀྱི་སློབ་ཁང་སློབ་ཁྲིད་ཀྱི་ཐབས་ལམ་གཞུང་ལུགས་ལྟ་བུ་ཞིག་ཡོད་ན་ཅི་མ་རུང་སྙམ་སྟེ། བློ་དམན་བླུན་ཆེ་ལ་ཁ་མ་སྐྱེངས་པ། ནུས་མེད་དཀའ་ཁག་སྣང་མེད་དུ་བཞག་སྟེ། སློབ་རིམ་སོ་སོའི་སློབ་ཁྲིད་སྒྲིག་གཞི་དང་། སློབ་གྲྭ་ཆུང་འབྲིང་གི་བསླབ་གཞིའི་ཁྱད་ཆོས་གཞིར་བཟུང་སྦྱོར་ཁྲིད་ཉན་དཔྱད་གླེང་བཅས་ལ་ནུས་ཚོད་ཀྱིས་དཔྱད་ཁུལ་བགྱིས་ཏེ། རང་གི་ཉམས་མྱོང་ཙམ་བརྗོད་འདོད་པ་ནི་སེམས་འདུན་དང་པོ་ཡིན།

དེ་ཡང་། ང་ཚོས་གཅིག་གྱུར་གྱི་སློབ་གསོའི་དམིགས་ཡུལ་ནི་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་རྫོགས་ཀྱི་རྗེ་པོ་ཏོ་བ་དང་ས་སྐྱ་པཎྚིཏ། རྗེ་ཙོང་ཁ་པ་ལྟ་བུའི་ཕྱི་རབས་པ་སྐྱེད་སྲིང་མི་ཐུབ་ཀྱང་། ཁོང་ཚོ་ལྟ་བུ་འབྱུང་བའི་མཐུན་རྐྱེན་ངེས་པར་བསྐྲུན་དགོས་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་རྟོགས་ཤིང་། རིགས་ཀྱི་འདུ་ཤེས་ལྡན་པ། མི་ཆོས་ཀུན་སྤྱོད་ཀྱིས་ཕྱུག་པ། ཡིག་རྒྱུགས་ཀྱི་སྐར་གྲངས་མཐོན་པོ་ལོན་པ། རྨོངས་འཐོམས་ཀྱི་གོ་རྟོགས་སད་ཅིང་རིན་ཐང་གི་ལྟ་བ་གཅིག་གྱུར་ལྡན་པ་བཅས་ཀྱི་ཤེས་སྤྱོད་ཉིས་ལྡན་ཅན་གྱི་མི་རབས་ཤིག་སྐྱེད་སྲིང་བྱ་རྒྱུའི་འདུན་པ་དགེ་རྒན་ལ་ངེས་པར་དུ་དགོས། འདི་ནི་ངས་དཔེ་དེབ་འདི་འབྲི་བའི་སེམས་འདུན་གཉིས་པ་ཡིན།
སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲིན་པོ་ཧྲིན་གྱིས“སློབ་གསོ་བཅོས་སྒྱུར་ནི་སློབ་ཁང་སློབ་ཁྲིད་ཀྱི་བཅོས་སྒྱུར་ཡིན་ལ། སློབ་ཁང་སློབ་ཁྲིད་ལ་བཅོས་སྒྱུར་མེད་ན་སློབ་གསོ་ལ་བཅོས་བསྒྱུར་མེད།”ཅེས་པ་བཞིན། ང་ཚོ་དགེ་རྒན་རྣམ་པས་སློབ་ཁང་སློབ་ཁྲིད་ལ་བཅོས་བསྒྱུར་བྱ་དགོས་ན་སློབ་ཁྲིད་ཞིབ་འཇུག་ལ་གཞུག་དགོས། སློབ་ཁྲིད་ཞིབ་འཇུག་ཅེས་པ་དེའང་སློབ་ཁྲིད་དང་སློབ་ཁྲིད་གྲ་སྒྲིག་ལ་བསྟུན་ནས་སློབ་གསོའི་ཐབས་ལམ་དང་། ཁྲིད་ཐབས། སྦྱོང་ཐབས་བཅས་འཚོལ་རྒྱུ་དེ་ཡིན། དེ་ནི་བསླབ་གཞི་བཅོས་བསྒྱུར་གསར་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་ཡིན། དགེ་རྒན་ལ་ལས་སློབ་ཁྲིད་མང་དྲགས་པ་དང་། ཡིག་རྒྱུགས་ཀྱི་འགན་ཁུར་ལྕི་དྲགས་པ་སོགས་ཀྱིས་ཞིབ་འཇུག་བག་ལ་ཞ་འགྲོ་བར་བཤད། དེ་ལའང་ཁག་མེད་མོད་ཀྱི། རང་གི་དཀའ་སྡུག་རང་གིས་ཁུར་དུ་ལེན་མི་ཐུབ་པ་ནི་མིའི་ཆོས་ཉིད་ལས་ལོག་པས། བརྩོན་པ་བསྐྱེད་དགོས་པ་ལས་ཐབས་གཞན་མེད། རིག་ཚན་གཞན་ལ་མཚོན་ན་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་ཐབས་ལམ་གསོ་སྦྱོང་འཛིན་གྲྭ་སོགས་བསྡུ་གྲངས་མང་ཞིང་། སློབ་སྦྱོང་འགྲོ་ཡུལ་ཕུན་སུམ་ཚོགས་ལ། དཔེ་བལྟ་སའི་ཁྲིད་ཐབས་ཀྱི་དཔེ་དེབ་ཀྱང་རིགས་མང་པོ་ཡོད། རང་རེའི་བོད་ཡིག་དགེ་རྒན་ལ་མཚོན་ན། རིགས་གཅིག་བསླབ་གཞིའི་གསོ་སྦྱོང་ལ་འགྲོ་བའི་གོ་སྐབས་ཉུང་ཞིང་། དྲྭ་སྟེང་རྒྱང་བརྟེན་སློབ་ཁྲིད་ལ་ཉན་ས་མེད་པ། རིགས་མཐུན་བར་དཔེ་བལྟ་སའི་སློབ་དཔྱོད་བྱ་ཐབས་དང་། ཁྲིད་ཐབས་མེད་པ། རིག་ཚན་གཞན་གང་དེའི་ཆོས་ཉིད་ལ་དམིགས་པས་ཐད་ཀར་ལེན་དཀའ་བ། ལེན་བསམ་ཡང་ཐ་སྙད་གཅིག་གྱུར་མ་བྱུང་བས་གོ་དཀའ་བ་བཅས་ལ་བསམས་ནའང་རང་ཉིད་རང་གི་མགོན་ཏེ། རང་ཉིད་ཀྱིས་ཞིབ་འཇུག་ལ་མ་བརྟེན་པར་ཡོང་མི་སྲིད་སྙམ་ནས་དགེ་རྒན་རྣམ་པས་སློབ་ཁང་སློབ་ཁྲིད་ཞིབ་འཇུག་ལ་མཐོང་ཆེན་དགོས་པ་ཀུན་ལ་གྲོས་འདེབས་པའི་སེམས་འདུན་དེ་གསུམ་པ་ཡིན། གཞན་ཡང་། དགེ་རྒན་ལ་ལས་དགེ་རྒན་གྱི་ལས་དོན་འདི་ལ་དགའ་མོས་མི་བྱེད་མོད། མིག་སྔའི་འཚོ་ཚིས་དབང་དུ་བྱས་ན། དགེ་རྒན་ནི་གཞུང་ཞབས་པ་རྒྱུ་དབང་ཉིས་ལྡན་གྱི་མདུན་སར་ཉམས་དམའ་ཞིང་། སྔ་ལངས་འཕྱི་ཉལ་མང་བ། སྐད་ཡིག་འདིས་ལས་ཀ་མཁན་འཇོན་མེད་དུ་བརྩི་མོད། དེ་ནི་ཡུལ་དུས་དབང་གིས་བྱས་པའི་ཉི་ཚེ་བ་ལས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་མིན། དེ་བས། དགའ་མོས་དང་བརྩོན་འགྲུས་ཀྱིས་སློབ་གསོར་འཇུག་པར་བྱ་བ་ནི་རིག་པའི་དཔའ་བོ་རྣམས་ཀྱིས་ནམ་ཡང་འབོར་ཏུ་མི་རུང་བའི་གོ་ཆ་ཉག་གཅིག་ཡིན་པའི་སེམས་འདུན་དགོས་པའི་འབོད་སྐུལ་དང་བཞིའོ།།
མདོར་ན། ང་ཚོའི་ཚེ་འདིའི་བསྐོས་བཞག་ནི་སློབ་གསོའི་བྱ་བ་ལགས་པས་སློབ་གསོ་མཁན་ཡོངས་ཀྱི་ལས་དབང་དང་། དམིགས་ཡུལ། སྐྱིད་སྡུག་གཅིག་པ་སྟེ། ད་རེས་ལས་འདི་བསོད་ནམས་སྟོབས་ཀྱིས་ཚོགས་ཡིན་པར་ཡིད་ཆེས་ཀྱིས་རྒྱུན་གཏན་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་དཀའ་སྡུག་ཐམས་ཅད་ཕྲག་ཏུ་བླངས་ཏེ། མི་འཇོན་འཇོན་ཁུལ་གྱིས་མཁས་པར་བློ་གསལ་དང་། དཔའ་བོར་སྙིང་ཕུར་གྱི་ཚུལ་ཏུ་སློབ་གསོ་སློབ་ཁྲིད་འཕེལ་ཐབས་ལ་རོགས་ཐུབ་པའི་གྲོགས་ལྟ་བུ་ཞིག་དགོས་པའི་བློས་འཆར་སྒོ་ཁབ་མིག་ལ་དྲངས་པ་ཙམ་ཡིན་པས་མ་བཤད། ལོག་བཤད། ཉོག་བཤད་སོགས་མཆིས་ན་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་དང་བཅས།
ཞེས་རྩོམ་པ་པོས་སྔོན་འགྲོའི་ཚབ་ཏུ་བྲིས།

མཇུག་གི་གཏམ།
སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་འཁྲིད་སྦྱོར་དང་། སློབ་ཁྲིད། ཁྲིད་ཉན། སློབ་ཁྲིད་གླེང་བརྗོད། སློབ་ཁྲིད་དཔྱད་འཇོག་བཅས་ནི་སློབ་གསོ་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་སྟེ། སློབ་གསོ་དོན་གཉེར་མཁན་རྣམས་ཀྱིས་སློབ་གསོའི་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། ཤེས་སྤྱོད་གོང་འཕེལ། སྤྱི་ཚོགས་ཀྱི་འཕེལ་རྒྱས་བཅས་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོའི་བྱེད་སྒོ་དོན་ལྡན་ཞིག་ཡིན། དེ་ཡང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས། “ཕོགས་རྔན་མེད་ཀྱང་དམངས་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་པ་དང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་སྒོ་ནས་སློབ་སྦྱོང་དང་། སློབ་སྦྱོང་གི་ཁྲོད་དུ་ཞིབ་འཇུག ཞིབ་འཇུག་གི་ནང་དུ་སློབ་སྦྱོང་། སློབ་པ་དང་འཇུག་པ་ཡ་བྲལ་དུ་མི་གཟུང་བར་མི་རིགས་དང་རིག་གནས་དར་རྒྱས་ཀྱི་གདུང་མ་འདེགས་པའི་ཀ་བ་བརྟན་པོ་ཞིག་ཏུ་ཨེ་འགྱུར་ལ་འབད་ཅིང་། སྤྱོད་པ་ལེགས་ཤིང་ཡོན་ཏན་ལྡན་པ། ཁྲེལ་ཡོད་ཅིང་དགེ་སེམས་ཆེ་བའི་མི་བཟང་པོ་ཞིག་བྱ་རྒྱུ་ནི་མཐར་ཐུག་དམིགས་འབེན་དུ་ཟུངས།”ཞེས་གསུངས་པ་ལྟར། མི་ཚེ་དོན་ལྡན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་གནས་ལ་འབད་པས་བསྒྲུབ་རྒྱུ་གལ་ཆེ། སློབ་གསོ་སློབ་ཁྲིད་ཀྱི་རིག་པའི་བྱེད་སྒོ་འདི་དག་ནི། སློབ་ཁྲིད་འཕེལ་རྒྱས་ཀྱི་རྩ་བར་བཟུང་ནས། འཁྲིད་མཁན་གྱིས་སྦྱོར་བ་ལ་བརྟེན་དཔེ་ཁྲིད་དང་སློབ་ཚན་གླེང་བརྗོད་བྱས་རྗེས། ཆེད་མཁས་པ་དང་། སློབ་དཔྱོད་པ། དགེ་རྒན་བཅས་ནས་དཔྱད་འཇོག་བྱེད་པའི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་གྱིས་བྱང་ཚད་སློབ་གསོའི་སློབ་ཁྲིད་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་། འབྲས་བུ་ཇེ་ལེགས་སུ་གཏོང་སྟངས་འདི་ལ་འབད་པས་འཇུག་རྒྱུ་ནི་གནད་དམ་ཡིན། མ་ཟད། ཞར་བྱུང་ལེའུ་ལས་བསྟན་པའི་དེང་རབས་དགེ་སློབ་ཚད་ལྡན་གྱི་ཚད་གཞི་དང་། བསླབ་གཞི་བཅོས་བསྒྱུར་གསར་པའི་དགོངས་དོན། སློབ་གསོ་བྱ་བའི་ཐབས་ལམ། སློབ་གསོའི་ཐ་སྙད་གཅིག་གྱུར་གལ་ཆེན་རང་བཞིན་སོགས་ཀྱི་ཕྱོགས་ནས་ཀྱང་ཤུགས་བསྣོན་དགོས། མཐར་སློབ་གསོ་དོན་གཉེར་པ་རྣམས་ཀྱིས་མ་འོངས་སློབ་གསོའི་འཕེལ་རྒྱས་དང་། མི་རིགས་འཕེལ་རྒྱས། སྤྱི་ཚོགས་ཀྱི་འཕེལ་རྒྱས་བཅས་ལ་དམིགས་ནས། སློབ་གསོ་རིག་པའི་བྱེད་སྒོ་འདི་དག་ལ་འབད་པས་འཇུག་རྒྱུ་ནི་ལྷོ་ཁ་ཡར་ཀླུང་ཁོག་ན་སློབ་གསོའི་དོན་ལ་སེམས་ཁུར་ཅུང་ཙམ་བྱེད་མཁན་གྱི་སློབ་དཔྱོད་པ་ང་ཡི་རེ་བ་ཉག་གཅིག་ཀྱང་ཡིན།
ད་དུང་ཆེད་དུ་ཞུ་རྒྱུ་ཞིག་ལ་རྩོམ་འདིའི་སྒྲོམ་གཞི་མི་ལེགས་པ་དང་ཡིག་ནོར་ཤོར་བ། མ་རྟོགས་ལོག་རྟོག ཐེ་ཚོམ་སོགས་ལས་བྱུང་བའི་ཉེས་བཤད་ཀྱང་མང་དུ་མཆིས་སྲིད་པས་མཁྱེན་དཔྱོད་ཆེ་ཞིང་། ལྷག་བསམ་ཡངས་པ་ཅན་རྣམས་ཀྱིས་དགག་སྒྲུབ་འདོར་ལེན་ཡོང་བའི་རེ་བའང་ལྷག་ཏུ་ཆེ་ལ་བཀའ་དྲིན་སྙིང་ནས་ཞུ། དེ་བཞིན་རྩོམ་འདི་འབྲི་སྐབས་ཀྱི་དགེ་རྒན་དང་སློབ་གྲོགས། འཕྲིན་གྲོགས་སྐོར་ཞིག་གིས་ལྷག་བསམ་ཟོལ་མེད་ཀྱིས་ཞིབ་དག་དང་མཛུབ་སྟོན་བྱས་པ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ད་དུང་སྙིང་ནས་བརྩེ་བའི་ཚེ་གྲོགས་བདེ་སྐྱིད་ཆོས་སྒྲོན་གྱིས་མཐའ་གཅིག་ཏུ་ལས་ཀའི་ཕྱོགས་ཡོངས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ། བུ་སྐལ་བཀྲ་ཤིས་ཆོས་འཕུལ་དང་། བུ་ཆུང་ཆོས་དབྱིངས་སྟོབས་ལྡན། བུ་མོ་ཡེ་ཤེས་སྒྲོལ་མ་གསུམ་ལའང་བཀའ་དྲིན་ཞུ། ཁྱོད་གསུམ་གྱིས་ཕ་མའི་ཁ་ལ་ཉན་ཞིང་། གཞན་དེང་གི་བྱིས་པ་ལྟར་དཀའ་ལས་མང་པོ་ཞིག་མྱོང་མི་དགོས་ཀྱང་ཕ་མའི་ལས་ཀས་རྐྱེན་པས་ཕ་མ་ལ་ཚུར་སེམས་ཁྲེལ་བྱེད་པ་ལྟ་བུ་ཞིག་བྱུང་ཡང་། ལེ་བདའ་མེད་པར་གཞུང་དྲང་གིས་ཧུར་ཐག་བརྩོན་པ་བྱས་པར་མཐེ་བོང་གེར་གྱིས་བསྒྲེངས། ཚེ་རིང་ནད་མེད་ཤོག
ད་དུང་ཆེད་དུ་ཞུ་རྒྱུ་ཞིག་ལ་རྩོམ་འདིའི་སྒྲོམ་གཞི་མི་ལེགས་པ་དང་ཡིག་ནོར་ཤོར་བ། མ་རྟོགས་ལོག་རྟོག ཐེ་ཚོམ་སོགས་ལས་བྱུང་བའི་ཉེས་བཤད་ཀྱང་མང་དུ་མཆིས་སྲིད་པས་མཁྱེན་དཔྱོད་ཆེ་ཞིང་། ལྷག་བསམ་ཡངས་པ་ཅན་རྣམས་ཀྱིས་དགག་སྒྲུབ་འདོར་ལེན་ཡོང་བའི་རེ་བའང་ལྷག་ཏུ་ཆེ་ལ་བཀའ་དྲིན་སྙིང་ནས་ཞུ། དེ་བཞིན་རྩོམ་འདི་འབྲི་སྐབས་ཀྱི་དགེ་རྒན་དང་སློབ་གྲོགས། འཕྲིན་གྲོགས་སྐོར་ཞིག་གིས་ལྷག་བསམ་ཟོལ་མེད་ཀྱིས་ཞིབ་དག་དང་མཛུབ་སྟོན་བྱས་པ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ད་དུང་སྙིང་ནས་བརྩེ་བའི་ཚེ་གྲོགས་བདེ་སྐྱིད་ཆོས་སྒྲོན་གྱིས་མཐའ་གཅིག་ཏུ་ལས་ཀའི་ཕྱོགས་ཡོངས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ། བུ་སྐལ་བཀྲ་ཤིས་ཆོས་འཕུལ་དང་། བུ་ཆུང་ཆོས་དབྱིངས་སྟོབས་ལྡན། བུ་མོ་ཡེ་ཤེས་སྒྲོལ་མ་གསུམ་ལའང་བཀའ་དྲིན་ཞུ། ཁྱོད་གསུམ་གྱིས་ཕ་མའི་ཁ་ལ་ཉན་ཞིང་། གཞན་དེང་གི་བྱིས་པ་ལྟར་དཀའ་ལས་མང་པོ་ཞིག་མྱོང་མི་དགོས་ཀྱང་ཕ་མའི་ལས་ཀས་རྐྱེན་པས་ཕ་མ་ལ་ཚུར་སེམས་ཁྲེལ་བྱེད་པ་ལྟ་བུ་ཞིག་བྱུང་ཡང་། ལེ་བདའ་མེད་པར་གཞུང་དྲང་གིས་ཧུར་ཐག་བརྩོན་པ་བྱས་པར་མཐེ་བོང་གེར་གྱིས་བསྒྲེངས། ཚེ་རིང་ནད་མེད་ཤོག
སྤྱི་ལོ༢༠༢༡ལོའི་སྤྱི་ཟླ༦པའི་ཚེས༢༡ལ་མཇུག་མཐའི་ཞིབ་དག་དང་བཅས་སརྦམངྒལམ།།
དེབ་ཀྱི་དཀར་ཆག



རྩོམ་པ་པོ་ངོ་སྤྲོད།

སྒོ་མེ་གསང་བདག་ལྷུན་གྲུབ། གཅེས་མིང་ལ་སེང་བྷེའམ་སྒོ་མེ་སེང་བྷེ་ཟེར། མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད། དབུས་ཚྭ་མཚོའི་ཤར་རྒྱུད་ཀྱི་ཆོས་རྗེས་ཡུལ་ཚོ་མོག་དབུས་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལོ་བཅུ་གསུམ་བར་དུ་ཕྱུགས་རྫིར་ལུས། ༢༠༠༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་སྐད་ཡིག་དངོས་གཞིའི་བསླབ་གནས་དང་། སློབ་གྲྭ་དེའི་ཁྲིམས་ལུགས་སློབ་གླིང་གི་ཁྲིམས་ལུགས་དངོས་གཞིའི་བསླབ་གནས། གློག་ཀླད་ཆ་འཕྲིན་སློབ་གླིང་གི་གློག་ཀླད་ཆེད་སྦྱོང་འཛིན་ཡིག་བཅས་བླངས་ཏེ་སྔ་ཕྱིར་ཆབ་མདོ་དང་། ལྷོ་ཁ་མཚོ་སྨད། ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གསུམ་པ་སོགས་སུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༣ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་རྩོམ་རིག་རམ་འབྱམས་པའི་བསླབ་གནས་བླངས། ད་ལྟའི་བར་སློབ་དཔྱོད་སློབ་ཁྲིད་ཀྱི་ཞོར་ཏུ་དཔྱད་རྩོམ་དང་། བརྩམས་སྒྲུང་། སྙན་ངག ལྷུག་རྩོམ། སྒྱུར་རྩོམ། དམངས་རྩོམ་བཏུས་བསྒྲིགས་སོགས་བརྒྱ་ལྷག་བོད་ཁམས་ཀྱི་དུས་དེབ་སོགས་སུ་སྤེལ་བ་དང་། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་། རྒྱལ་ཁབ་རིམ་པ། ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ་བཅས་ཀྱི་དགེ་རྒན་ཟབ་སྦྱོང་སོགས་སུ་གདན་ཞུ་བྱས་པ་ལྟར་སློབ་གསོའི་ཕྱོགས་ཀྱི་འཆད་ཁྲིད་ཐེངས༩༠ལྷག་སྤེལ་ཅིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་སི་ཁྲོན་རྒྱང་བསྒྲོགས་བརྙན་འཕྲིན་མི་རིགས་བོད་སྐད་རླུང་འཕྲིན་སོགས་སུའང་ཁ་པར་སྐུད་ལམ་ནས་གླེང་མོལ་ཐེངས༢༠ལྷག་སྤེལ།
བརྩམས་ཆོས་ལ«བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས»༼མཉམ་ལས༽དང«བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་མི་ཆོས་ཀུན་སྤྱོད་སློབ་གསོའི་སྐོར་གླེང་བ» «བོད་ཀྱི་གནའ་རབས་མི་ཆོས་ཀུན་སྤྱོད་ཀྱི་འཕེལ་འགྱུར་ལ་དཔྱད་པ།» «སེམས་གཏམ་སོག་མའི་ཕོན་ཐག» «བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྒོ་མེ་ཟེགས་སྒང་ཚོ་པའི་ཁྱིམ་རྒྱུད་གཡུ་ཡི་མགུལ་རྒྱན།»བཅས་བརྩམས། «བོད་ཀྱི་གནའ་རབས་མི་ཆོས་ཀུན་སྤྱོད་ཀྱི་འཕེལ་འགྱུར་ལ་དཔྱད་པ།»ལ༢༠༡༩ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་སྤེལ་བའི་རྒྱལ་ཡོངས་སྐབས་གསུམ་པའི་ཞིབ་འཇུག་དཔྱད་འབྲས་ཨང་གཉིས་པ་ཐོབ།
གཞན་ལྷོ་ཁ་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པ། ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་དཔྱོད་པ་སོགས་ཀྱི་ཆོ་ལོ་ཡང་བསྩལ་མྱོང་།
ད་ལྟ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་མུས་ཡིན།
བརྩམས་ཆོས་ལ«བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས»༼མཉམ་ལས༽དང«བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་མི་ཆོས་ཀུན་སྤྱོད་སློབ་གསོའི་སྐོར་གླེང་བ» «བོད་ཀྱི་གནའ་རབས་མི་ཆོས་ཀུན་སྤྱོད་ཀྱི་འཕེལ་འགྱུར་ལ་དཔྱད་པ།» «སེམས་གཏམ་སོག་མའི་ཕོན་ཐག» «བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྒོ་མེ་ཟེགས་སྒང་ཚོ་པའི་ཁྱིམ་རྒྱུད་གཡུ་ཡི་མགུལ་རྒྱན།»བཅས་བརྩམས། «བོད་ཀྱི་གནའ་རབས་མི་ཆོས་ཀུན་སྤྱོད་ཀྱི་འཕེལ་འགྱུར་ལ་དཔྱད་པ།»ལ༢༠༡༩ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་སྤེལ་བའི་རྒྱལ་ཡོངས་སྐབས་གསུམ་པའི་ཞིབ་འཇུག་དཔྱད་འབྲས་ཨང་གཉིས་པ་ཐོབ།
གཞན་ལྷོ་ཁ་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པ། ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་དཔྱོད་པ་སོགས་ཀྱི་ཆོ་ལོ་ཡང་བསྩལ་མྱོང་།
ད་ལྟ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་མུས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།