སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས།

རྩོམ་པ་པོ།: ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2022-03-22 11:10:14 ཀློག་གྲངས།:
        བརྩེ་ལྡན་གྱི་ཀློག་མཁན་གྲོགས་པོ་ལགས། «ཆར་ཁྲོད་ཀྱི་ཁང་རྒན»ཞེས་པ་དེ་ཉིད་རེ་ཞིག་ལེགས་གྲུབ་བྱུང་ཙམ་དུ། ངས་ད་དུང་ཁྱོད་ཅག་ལ་ཞུ་རྒྱུ་འགའ་རེ་སྟེ། ཁྱོད་ཅག་གིས་སྒྲུང་གཏམ་འདི་བཀླགས་གྲུབ་བྱུང་བ་དང་། ཁྱོད་ལ་མཚོན་ན་ཁྱོད་རང་ཉིད་ཀྱི་སྒྲུང་གཏམ་ཞིག་ཆགས་ཟིན་མོད། སྒྲུང་གཏམ་གྱི་བྱེད་པ་པོ་ནི་ཏག་ཏག་གསར་རྩོམ་གྱི་ལས་དང་པོ་བ་ཞིག་ཡིན་པར་མ་ཟད། སྒོས་སུ་སྒྲུང་འབྲིང་ལ་ཚོད་ལྟ་བགྱིས་པ་ཐེངས་དང་པོ་ཡིན་པས། འདི་ནི་གསར་རྩོམ་ལ་གཞོལ་བའི་རྣམ་དག་གི་ལས་ཤིག་ཡིན་པའི་ཕ་རོལ་ཏུ། འདིར་བརྗོད་བྱ་རྗོད་བྱེད་དང་། བྱུང་རིམ་སྒྲིག་རིམ་སོགས་ཀྱི་ཆར་སྐྱོན་དང་ཞན་ཆ་ཇི་སྙེད་བདོག་ངེས་པས། ངས་འདི་ནས་བསམ་པ་རྣམ་དག་གིས་ཁྱོད་ཚོར་དགོངས་དག་ཞུ་བཞིན་ཡོད། ཁྱོད་ཚོའི་སྐྱོན་བརྗོད་དང་སྐུལ་ལྕག་ནི་ང་རང་མདུན་དུ་བསྐྱོད་པའི་སྒུལ་ཤུགས་ཡིན་པས། ངས་ནམ་ཡང་ཁྱོད་ཚོར་དགའ་བསུ་ཞུའོ། །
        ད་ནི་ང་རང་གི་སྒྲུང་གཏམ་འདིའི་གསར་རྩོམ་གྱི་བློས་བསླངས་ཀྱི་སྐོར་ནས་རགས་ཙམ་གླེང་ན། འདི་ནི་ཅིས་ཀྱང་དངོས་ཡོད་དང་རྟོག་བཏགས་མཉམ་བསྲེས་ཀྱི་བརྩམས་ཆོས་ཤིག་ཡིན་ངེས་ཏེ། སྒྲུང་གཏམ་འདིའི་ཐོག་མའི་ས་བོན་ནི་ང་རང་གིས་དེའི་སྔོན་བྲིས་པའི་སྒྲུང་ཐུང«ལས་ཀྱི་ཆར་བ»(སྤྱི་ལོ2021ལོའི«སྦྲང་ཆར»དེབ་གསུམ་པ)ཞེས་པ་དེ་ཡིན་ཞིང་། བརྩམས་ཆོས་འདིའི་ཁྲོད་ཀྱི“ལོ་ན་ཞེ་དགུ”ནི་དངོས་ཡོད་འཚོ་བའི་གཏམ་རྒྱུད་ཅིག་ཡིན་པ་གཞིར་བཞག མི་རབས་དེ་དག་གི་མི་ཚེའི་སྐྱོ་གར་བརྗོད་བྱ་གཅིག་ཏུ་བསྡུ་བར“ཁང་རྒན”ཞེས་པའི་རྟོག་བཏགས་ཀྱི་སྦྲེལ་ཐག་ཅིག་བཟོས་ཤིང་།“ཁང་རྒན”དེ་དང་མི་སྣའི་གཏམ་རྒྱུད་ཀྱི་བར་དུ་སྒྲུང་གི་བྱུང་རིམ་དུ་མ་སྤེལ་ཏེ། མི་སྣ་གཙོ་བོ“རིག་འཛིན་སྒྲོལ་མའི”མཐོང་སྣེ་བརྒྱུད། མི་ཞིག་བྱིས་དུས་ནས་ནར་སོན་པའི་བར་གྱི“འཆི་བ”ཞེས་པར་ངོས་འཛིན་སྟངས་དེ། མོས་རྣམ་པ་ཅི་རིགས་ཀྱི“མུན་པར”ངོས་འཛིན་སྟངས་དང་འགྲོས་གཅིག་ཏུ་གྲུབ་ཅིང་། སྤྱིར་མིའི་ཚེ་སྲོག་ནི་མ་གཞི་ནས་གསང་བ་གང་ཞིག་ཡིན་པ་དེ། མི་ཞིག“མུན་པའི”ཁྲོད་དུ་འགྲེང་བའི་ཚེ། དེ་ལ་བལྟ་བའི་མིག་ཡོད་ཀྱང་ཅི་ཡང་མཐོང་དུ་མེད་པ་དང་གཞི་གཅིག་ཏུ་དྲངས་པ་ཞིག་གོ །
        ཡིན་ནའང་། སྒྲུང་གཏམ་གསར་རྩོམ་ནི་མ་གཞི་ནས་རྒྱུན་རིང་གི་ལས་ཀ་ཞིག་ཡིན་ལ། ལས་ཀ་འདིར་ཏག་ཏག་བློ་སྦྱོང་དང་སེམས་ཤུགས་ངེས་ཅན་དགོས་པར་མ་ཟད། ངང་རྒྱུད་རིང་བའི་ཧུར་བརྩོན་ནི་ཅིས་ཀྱང་མེད་དུ་མི་རུང། སྒོས་སུ་སྒྲུང་འབྲིང་དང་སྒྲུང་རིང་སོགས་ནང་དོན་ཅུང་རྒྱ་ཆེ་བའི་རྩོམ་ལུས་ནི་དེ་ལས་ཀྱང་ལས་སླ་མོ་ཞིག་མིན་པས། ང་ཡང་ཏག་ཏག་དཀའ་ཁག་འདི་དག་དང་ཕྲད། ངས་དེ་སྔོན་སྒྲུང་ཐུང་རེ་འགའ་བྲིས་པ་ལས་སྒྲུང་འབྲིང་ཡེ་ནས་བྲིས་མྱོང་མེད་པས། ང་ལ་མཚོན་ན་སྒྲུང་འབྲིང་བྲི་རྒྱུ་ནི་ཅིས་ཀྱང་ལས་གསར་བ་ཞིག་སྟེ། རྩོམ་ཧྲིལ་བོའི་སྒྲིག་གཞི་སྤྱིའི་ཁོག་དབུབ་སྟངས་དང་བློས་བསླངས། བྱུང་རིམ་སྔ་ཕྱི་བར་གྱི་སྦྲེལ་མཐུད། ད་དུང་དོན་རྗོད་ཀྱི་དབྱངས་འགྲོས་ངེས་ཅན་ལ་བརྟེན་པ་སོགས་གནད་རེ་རེར་བླང་བྱ་ཇི་སྙེད་ཅིག་མཆིས་མོད། ང་ད་དུང་སྒྲུང་འབྲིང་ལ་མ་བྱང་བས་དོན་འདི་དག་ཇི་ལྟར་གནད་དུ་ཁེལ་པའི་ཐབས་ལ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར། སྒོས་སུ་སྒྲུང་འབྲིང་ལྟ་བུར་ཡིག་གྲངས་འབོར་ཆེན་ཞིག་དགོས་ངེས་ཤིང་། དེར་བསྟུན་གྱི་སྒྲིག་གཞི་ཡང་ཅུང་རྒྱ་ཆེ་བ་ཞིག་ཡོད་དགོས་པས། ངས་ནི་སྒྲིག་གཞི་དེ་རང་གིས་གཅུན་མི་ཐུབ་པའི་ངལ་བ་དང་། འབྲི་བའི་སྐབས་སུ་བྱུང་རིམ་སྔ་ཕྱི་སྦྲེལ་མཐུད་ཀྱི་རིགས་པའམ་རྩལ་གྱིས་མི་འདང་བ།  གཞན་ད་དུང་རང་ཉིད་ཀྱི་ཐོས་བསམ་ཞན་པས། རྗོད་བྱེད་ཚིག་གི་ཉམས་དང་རྣམ་པ་ཡང་ཕུན་སུམ་ཚོགས་པ་ཞིག་འཁྱོང་དཀའ་བ་བཅས་ནི་ངས་སྒྲུང་གཏམ་འདི་བརྩམས་པའི་དཀའ་ཁག་རབ་དང་རིམ་པ་ལགས་སོ། །
        དེ་མིན་ད་དུང་གླེང་བར་འདོད་པ་ཞིག་ནི་གསར་རྩོམ་ལ་འཇུག་པའི་དུས་ཀྱི་ཆ་སྟེ། སྤྱིར་སློབ་མའི་འཚོ་བ་ནི་དུས་ཚོད་ལ་ཅུང་རང་དབང་མངའ་བའི་དུས་སྐབས་ཤིག་ཡིན་མོད་ཀྱང་། དྲང་མོར་བཤད་ན་ཁོ་ཚོར་ཡང་ཁོ་ཚོའི་ལས་འགན་དང་འཆར་གཞི་སོགས་གང་ལ་གང་འཚམ་རེ་ཡོད་པས། མཚམས་རེར་དུས་ཚོད་ཀྱིས་མི་འདང་བར་འདོད་ཅིང་ལས་ཀ་གང་དེ་བསྐྱུར་ལ་ཁད་བྱེད་པའི་དུས་ལའང་ཕྲད། བྲེལ་བའི་ངལ་དུབ་ཀྱི་རྐྱེན་པས་རྣམ་དཔྱོད“འགགས”པའི་དུས་ཀྱང་གང་མང་འཕྲད་སྲིད། ངས་སྒྲུང་འདི་འབྲི་སྐབས་རྒྱལ་ནང་གི་རྩོམ་པ་པོ་ཚའེ་ཁྲུང་ཏ(蔡崇达)ཡི་བརྩམས་ཆོས་གྲགས་ཅན«སྐྱི་ལྤགས»(«皮囊»)ཞེས་པ་ཐེངས་གཅིག་བཀླགས་གྲུབ་ལ། ཁོང་གི་དེབ་དེར་རྒྱལ་ནང་དུ“སྒྲུང་གཏམ་གྱི་རོ་བྲོ་མངའ་བའི་ལྷུག་རྩོམ་ཕྱོགས་བསྒྲིགས”སུ་འབོད་ཅིང་། རྩོམ་དེས་ཏག་ཏག་ངའི་སྒྲུང་གཏམ་གྱི་སྤྱིའི་སྒྲིག་གཞི་དང་བརྗོད་བྱ་གཉིས་ཀྱི་ཆར་རྔོ་མི་དམན་པ་ཞིག་ཐོགས་བྱུང་སྙམ་སྟེ། གཅིག་ནས་བརྗོད་བྱ་ཧྲིལ་བོ་དེ་སྒྲིག་གཞི་ཆེན་པོ་གཅིག་ནས་སྒྲིག་གཞི་ཆུང་ངུ་དུ་མར་བགོས་ཏེ་ཡོངས་སུ་མཚོན་པར་བྱེད་ཐབས་དང་། གཉིས་ནས་ཁོང་གི་གཏམ་རྒྱུད་རྗོད་སྟངས་དེ་བབ་ཆགས་ལ་ཞིབ་ཅིང་གསོན་ཉམས་ལྡན་པས། མིའི་ཡིད་དབང་འགུག་པར་ཕན་པ་བཅས་བློ་སྐྱེད་ཐོབ་ཅིང་། འབྲི་ཐབས་འདིར་ལད་ཟློས་བྱས་པའི་ཚུལ་གྱིས་ངའི་སྒྲུང་གཏམ་དེ་ཡང་རེ་ཞིག་མུ་རུ་འབྲི་ཐུབ་པ་ཙམ་བྱུང་།
        ད་དུང་ཤིན་ཏུ་གལ་ཆེ་བ་ཞིག་ནི། ང་ལ་ཅིས་ཀྱང་ནམ་ནམ་ཞར་ཞར་དྲིན་དྲན་འོས་པའི་མི་འགའ་ཡོད་དེ། ངའི་སྒྲུང་གཏམ་འདི་བྲིས་གྲུབ་བྱུང་བ་ཡང་ང་རང་གཅིག་པུའི་ཤེས་བརྩོན་གྱི་འབྲས་བུ་ཞིག་ཅིས་ཀྱང་མིན་ཏེ། ཐོག་མར་ནམ་རྒྱུན་ང་རང་བརྩེ་བའི་ཐུགས་ནས་མ་དོར་ཞིང་ཐབས་ཤེས་ཟུང་གིས་སྐྱོང་བར་མཁས་པའི་རྒན་བཀྲ་བྷ་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད། ཁོང་ནི་ངའི་མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། གསར་རྩོམ་གྱི་དེད་དཔོན་ཡང་ཅིས་ཀྱང་ཡིན་ངེས། དེ་དང་ཆབས་ཅིག་ཏུ་གནའ་ནས་ད་བར་ང་ལ་ཤེས་བྱའི་སྦྱིན་པ་ཇི་སྙེད་སྩོལ་མཁན་གྱི་དགེ་བའི་བཤེན་གཉེན་ཡོངས་ལ་བསམ་པ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུའོ།།
         དེ་ལས་གཞན། ནམ་རྒྱུན་ངའི་གསར་རྩོམ་ལ་མཐུན་རྐྱེན་དང་གོ་སྐབས་གང་ལེགས་གནང་མཁན་ཏེ། བོད་ཀྱི་དུས་དེབ“བྲིན་པོ་ཆེ”«སྦྲང་ཆར»དང་། དེ་ཉིད་ཀྱི་རྩོམ་སྒྲིག་པ་ལྷག་བསམ་ཅན་ཡོངས་ལ་དཀྱུས་གཅིག་ཏུ་ཐུགས་རྗེ་ཆེ་ཞུ། སྒོས་སུ་ང་རང་སྒྲུང་འབྲིང་ལ་མ་བྱང་རྐྱེན། སྒྲུང་འདི་སྔ་ཕྱིར་ཐེངས་ལྔ་ཙམ་ལ་བཟོ་བཅོས་བརྒྱབ་པར། རྩོམ་སྒྲིག་པ་རྒན་ཆོས་སྐྱོང་ལགས་ནས་སུན་སྣང་དང་འཁང་ར་མེད་པར་མགོ་མཇུག་བར་གསུམ་དུ་མཛུབ་སྟོན་དང་དགོངས་འཆར་གང་མང་བསྩལ་བར་བཀའ་དྲིན་ལན་བརྒྱར་ཞུའོ།།
        ང་ལ་ད་དུང་སེར་སྣ་མེད་པར་གསར་རྩོམ་གྱི་དུས་ཚོད“སྦྱིན”མཁན་ཞིག་ཡོད་དེ། དེ་ནི་ཏག་ཏག་ང་རང་གི་ཨ་མ་ལགས་ཡིན་ཞིང་། ཨ་མས་ང་ལ་ཉིན་རེར་དུས་ཚོད“ཉེར་ལྔ”ནི་ཅིས་ཀྱང་སྟེར་ཐབས་མེད་མོད། ཨ་མས་ནམ་རྒྱུན་ང་ལ་དཀར་ཡོལ་ཙམ་ཡང་བཀྲུ་རུ་མི་འཇུག་པར། ལུས་ཀྱི་རྩོལ་བ་ཡོད་ཚད་རང་འགན་དུ་བཞེས་ཏེ། རང་གི་ཟས་མལ་གྱི་དུས་ཚོད་དང་ངལ་གསོའི་ཁོམ་ལོང་མཐའ་དག་ང་ཁོ་ནའི་དུས་ཚོད་བསྲི་བར་བཀོལ་བ་ནི་ཨ་མ་ཁོ་ནས་བསྒྲུབས་ཐུབ་པ་ཞིག་ཡིན་ངེས་པས། ཨ་མ་ལགས་བཀའ་དྲིན་ཆེའོ། །ད་དུང་ངའི་ནང་མི་སྤུན་མཆེད་དང་སྙིང་གྲོགས་སྨྱུག་གྲོགས་མཐའ་དག ཁྱོད་ཅག་ཡོད་ཚད་ནི་ངའི“རྩོམ་གྲོགས”ཡིན་པས་དཀྱུས་གཅིག་ཏུ་བཀའ་དྲིན་ཞུ་ཞིང་སྨོན་ཚིག་འབུལ་ལོ།།
        མཐར་ངའི་རྩོམ་ཐུང་འདི་ཡང་ངས་དྲིན་དྲན་པ་ཡོད་དོ་ཅོག་ལ་དྲིན་ཨེན་ཙམ་གཟོ་བའི་རྒྱུ་རུ་འགྱུར་བར་སྨོན།
2021ལོའི་ཟླ9པའི་ཚེས28ཉིན།
མ་ཅིག་འཚོ། རྔ་བ་མཛོད་དགེ་རུ་སྐྱེས། 2020ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་དངོས་གཞི་སློབ་མཐར་ཕྱིན་རྗེས། སློབ་གྲྭ་དེ་གར་སྐད་བརྡ་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་གཉེར་བཞིན་ཡོད། 2019ལོ་ནས་བཟུང་སྔ་ཕྱིར་བོད་ཀྱི་རྩོམ་རིག་དུས་དེབ«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་སུ«སྔས་འབོལ»དང«ཨ་མ»སོགས་སྒྲུང་གཏམ་དང་ལྷུག་རྩོམ་ཁ་ཤས་སྤེལ། “རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་བསྡུར”སྐབས་གསུམ་པ་དང་བཞི་པར་སྔ་ཕྱིར་བྱ་དགའ་ཨང་གཉིས་པ་ཐོབ།
 
        མདོ་དབུས་མཐོ་སྒང་གི་མཚན་མོ་མང་བོར། ངས«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཞེས་པའི་སྒྲུང་གཏམ་འདི་བློས་བསླངས་བྱས་ཤིང་། བཀྲ་ཤིས་དང་མཚོ་མོའི་བར་གྱི་སྐྱིད་ལ་སྡུག་པའི་གཏམ་རྒྱུད་ཀྱི་མགོ་རྐང་བསྒྲིགས་ནས་ཡིག་ངོར་ཕབ་པ་ཡིན། ད་ལྟ་བསམས་ན། སྒྲུང་འབྲིང་ཞིག་གི་ཚོད་ཀྱིས་འདིའི་ཆེད་དུ་ངའི་དུས་ཚོད་མང་བོ་ཞིག་ཤེས་མེད་ཚོར་མེད་དུ་ཟད་སོང་ལ། སྒྲུང་གཏམ་འདིའི་བྱུང་རིམ་ཡ་ཆག་ཡུ་སྡེབ་ཀྱི་གོ་རིམ་ཁྲོད་མཚམས་རེར་སྨིག་རྒྱུའི་ཆུ་ལ་སྙེག་པའི་རི་དྭགས་བཞིན་མགོ་བོ་ཡང་རྨོངས་མྱོང་།
        སྤྱིར་བཏང་སྒྲུང་གཏམ་ཞིག་རྩོམ་པར་ཁུངས་ཤིག་ཅིས་ཀྱང་འདེད་རྒྱུ་ཡོད་ངེས་ཏེ། མེ་མེད་པར་དུ་བ་ལྡང་མི་དཔེ་བ་བཞིན་དུ། འདས་སོང་གི་དྲན་པ་ཞིག་སླར་ཡང་སོས་པའམ་མིག་ལ་སྐད་ཅིག་ཐོགས་པའི་སྣང་བརྙན་ཞིག་གློ་བུར་གསོན་པ། ཡང་ན་དོན་རྐྱེན་ཅི་ཞིག་གིས་བསམ་གཞིག་གི་མེ་ཁ་བསྒྲོན་པ། དེ་དང་དེ་ལྟ་བུའི་རྒྱུ་དང་རྐྱེན་ནི་སྒྲུང་གཏམ་གྱི་ས་བོན་དུ་འགྱུར་བ་གདོན་མི་ཟ། «མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཞེས་པའི་སྒྲུང་གཏམ་འདི་ཡང་དེ་ལས་མ་འདས་ཏེ། སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་མཚོ་མོ་ནི་མཚོ་མོ་ཡིན་ལ། མཚོ་མོ་ནི་སྒྲོལ་མ་དང་ལྷ་མོ། ཡང་ན་དབང་མོ་དང་བཟང་མོ་སོགས་གང་རུང་ཞིག་ཀྱང་ཡིན་སྲིད། གང་ལྟར་མཚོ་མོ་ཟེར་བའི་བོད་མོ་ལས་ངན་མ་དེ་ལྟ་བུ་ཞིག་གི་སྣང་བརྙན་སུ་དང་གང་གིས་བཀོད་སྒྲིག་བྱས་པ་བཞིན། ངའི་བསམ་གཞིག་གི་རྒྱ་རུ་ཐེངས་ཤིག་ཚུད་པ་དེ་ཡུན་རིང་བོར་སྒྲིབ་བྲལ་བསུབ་མེད་དུ་ལྷང་ངེར་ཡོད་པས། སྒྲུང་གཏམ་འདིའི་ཆེས་ཐོག་མའི་ས་བོན་གྱི་ཁུངས་དེ་ལ་གཏུག་ཆོག དེ་ནས་བཟུང་ང་ནི་བསམ་འཕྲོར་ལུས་པའི་སྣང་བརྙན་རབ་རིབ་དེའི་སྣེ་ལ་འཇུས་ཏེ་མཚོ་མོའི་མདོ་དབུས་མཐོ་སྒང་གི་མཚན་མོ་ལྟ་བུའི་ལས་དབང་གི་ཟབ་སར་འགྲུལ་བཞུད་ཐེངས་ཤིག་བྱས་པ་ཡིན།
        ཁོ་བོ་ནི་རྩོམ་སྟངས་སྣ་གཅིག་ཡང་ནས་བསྐྱར་དུ་ཟློ་བར་མི་སྤྲོ་སྟེ། སྒྲུང་གཏམ་གང་ཞིག་བྲིས་ནས་རྫོགས་ཚེ། སྒྲུང་གཏམ་དེ་ཉིད་ཀྱང་ཡོངས་སུ་རྫོགས་ཟིན་ལ། སྒྲུང་གཏམ་གསར་བ་ཞིག་གི་མགོ་ཚུགས་དུས་ཡང་བསྐྱར་འགྲན་སློང་གསར་བ་ཞིག་དང་འཕྲད་པ་དང་གཉིས་སུ་མ་མཆིས་པས། སྒྲུང་གཏམ་ནི་ནམ་ཡང་ཤིང་བཟོས་ཤིང་ལ་འབུར་ལེན་རྒྱག་རྒྱག་བྱེད་པ་ལྟ་བུ་ཞིག་ཏུ་ཡེ་ནས་མི་བསམ། ངའི་སེམས་སུ་འཇིག་རྟེན་དུ་ད་སྔ་ཕན་ཆད་ནས་ང་སྒྲུང་གཏམ་འབྲི་བར་བྱང་སོང་ཞེས་སྨྲ་བར་སྤོབས་མཁན་ཞིག་ཡོད་རེ་སྐན། རྒྱུ་རྐྱེན་དེའི་དབང་གིས་སྒྲུང་གཏམ་གྱི་ས་བོན་རྙེད་པའི་རྗེས་ཀྱི་རྗོད་སྟངས་དང་སྒྲིག་གཞི་འཚོལ་བ་དེ་ནི། འཚོལ་རྟོག་གི་གོ་རིམ་རིང་མོ་ཞིག་ཏུ་སེམས་བཞིན་ཡོད་ལ། ད་རེབ་ཀྱི་སྒྲུང་གཏམ་འདི་ཡང་དོན་གྱིས་འཚོལ་རྟོག་རིང་མོ་དེ་ཡིས་བསྐྱེད་པའི་ཚོད་ལྟའི་འབྲས་བུ་ཆུང་ཆུང་ཞིག་གོ་ཞེས་སྨྲས་ཀྱང་འགལ་བ་ཆེར་མེད་དོ།།
        གོ་ལ་རིལ་མོ་འདིའི་གླིང་སྣེ་གསུམ་པར་གཏོགས་པའི་མདོ་དབུས་མཐོ་སྒང་ནི་ས་བབ་མཐོ་ཞིང་། ཆར་ཆུ་ཉུང་བ། མཁའ་དབུགས་སྲབ་པ་སོགས་ཡུལ་གྱི་ཆ་ནས་བཀག་རྒྱ་སྣ་ཚོགས་ཀྱིས་ཆོད་པ་ཞིག་ཡིན་རུང་། ཀུན་གྱི་ཟེར་སྲོལ་ལ་ཡུལ་འདིའི་མི་རྣམས་དཔའ་ཞིང་མཛངས་པ་དང་། བརྟན་ཞིང་ཚུགས་པ། བྱམས་དང་སྙིང་རྗེས་ཕྱུག་པ། ཕྱི་ཐག་རིང་ལ་ངང་རྒྱུད་བཟང་བོ་ཞེས་སྨྲ་བར་བྱེད། འོན་ཏེ། ངས་འདིར་ཆེ་ཆེ་མཐོ་མཐོ་དེ་དག་སྤངས་ནས་མཐོ་སྒང་འདིའི་གྲུ་ཟུར་གང་རུང་དུ་འཚོ་བའི་བུད་མེད་ཁག་ཅིག་གི་བདེ་སྡུག་གི་ཆ་ཤས་ཤིག་གཏམ་རྒྱུད་ཀྱི་སྲད་བུར་བརྒྱུས་པ་ཙམ་ཡིན། མོ་རང་ཚོ་འཕྲད་པ་དང་འཕྲད་འགྱུར་གྱི་དཀའ་སྡུག་ནི་སྨྲ་བསམ་བརྗོད་འདས་དང་སྣ་མང་སྣ་ཚོགས་ཤིག་ཡིན་ཡང་། མཚོ་མོ་དང་མཚོ་མོ་ཚོའི་ལས་དབང་ལ་ཕྱིར་རྟོག་ཅིག་བྱས་ཚེ། ཁྱིམ་ཚང་གང་ཞིག་ཆག་སྒོའམ་རྐྱེན་ངན་ཅི་ཞིག་ལ་འཕྲད་པའི་ཚེ་ན། སྔ་བ་སྔོན་མ་བྱས་ཏེ་བློས་གཏོང་བ་ནི་བུད་མེད་དག་ཡིན་ཏེ། སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་མཚོ་མོར་མཚོན་ནའང་། མོ་རང་སློབ་གྲྭ་ནས་ཕྱིར་འཐེན་པ་དེ་མོའི་དཀའ་ཁག་གིས་ཁེངས་པའི་མི་ཚེའི་སྔོན་འགྲོ་རུ་གྱུར་སོང་། དེ་བས། ངས་སྒྲུང་གཏམ་འདི་རང་སྣང་གཞན་དུ་བཟུང་བ་ཙམ་མ་ཡིན་པར་མཚོ་མོ་དང་འདྲ་བའི་གངས་ཅན་བུད་མེད་རྣམས་ཀྱི་ལས་དབང་ལ་གདུང་སེམས་མཉམ་སྐྱེད་ཐེངས་ཤིག་བྱས་པ་ཡིན་ཞེས་ཀྱང་སྨྲ་བར་འདོད།
        ངའི་སྒྲུང་གཏམ་འདི་ཡང་གྲོ་ཞིང་ཁའི་མུ་འབྲེལ་སྒྲུང་གཏམ་གྱི་གྲས་སུ་བཞག་ནས་བལྟས་ཚེ། གྲོ་ཞིང་ཁའི་གཏམ་རྒྱུད་གཞན་དག་དང་མི་མཚུངས་པ་ནི“གྲོ་ཞིང་ཁ”ཡི་མི་སྣ་གཉིས་མཐོ་སྒང་གི་གྲོང་རྡལ་ཞིག་ཏུ་བཀོད་སྒྲིག་བྱས་ཏེ“གྲོ་ཞིང་ཁ”ཡི་གཏམ་རྒྱུད་གླེང་བ་དེ་ཡིན། ཞར་ལ་ད་དུང་ངོ་སྤྲོད་ཞུ་རྒྱུ་ཞིག་ནི། ངའི་གྲོ་ཞིང་ཁའི་ཁྱིམ་རྒྱུད་ཆེན་མོའི་ཁྲོད་གསར་དུ་བསྣན་པའི་མི་སྣ་མཚོ་མོ་ཡིན་ཏེ། མཚོ་མོ་ནི་སྣང་བརྙན་ཞིག་ནས་མགོ་བརྩམས་ཤིང་ཡིད་དུ་བརྣགས་ནས་ལོ་དུས་མང་བོ་ཞིག་འགོར་ཞིང་། དེའི་རིང་དུ་ངས་མཚོ་མོའི་སྣང་བརྙན་དང་གཏམ་རྒྱུད་ཀླད་པའི་ནང་ཡང་ཡང་བསྒྲིགས་ཤིང་ཡང་ཡང་བཤིག ངས་མཚོ་མོ་བཙལ་ཞིང་མཚོ་མོས་ང་བསྙེགས་པ་ནི་མནར་གཅོད་ཅིག་ལས་མ་འདས། མཚམས་རེར་རྨི་ལམ་དུ་ཡང་མཚོ་མོ་གཡང་ལ་ལྕེབས་པའི་འཇིགས་རུང་གི་ཉམས་དེས་ང་རང་སྔངས་ཤིང་འདར་དུ་བཅུག་མྱོང་བས། སྒྲུང་གཏམ་འདི་འབྲི་བའི་བརྒྱུད་རིམ་ཡང་སྡུག་བསྔལ་གྱིས་ཁེངས་པ་ཞིག་ཏུ་བལྟས་ཆོག་སྟེ། དེ་ནི་གཏམ་རྒྱུད་ཁོ་ན་ཙམ་གྱིས་ཀྱང་མིན་པར་གསར་རྩོམ་གྱི་རིམ་པ་ངེས་ཅན་ཞིག་བརྒྱུད་མཐར། ད་གཟོད་གསར་རྩོམ་ཐད་ཀྱི་དཀའ་ཁག་དང་ཚད་བཀག་སོགས་ཀྱང་མདུན་སྐྱོད་ཀྱི་ལམ་ཁར་གློ་བུར་གློ་བུར་གཡེངས་འོངས་པས། ངས«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཞེས་པའི་སྒྲུང་གཏམ་འདི་འབྲི་བའི་སྐབས་ཤིག་ལ་སྐད་འཕྲིན་དུ་འདི་ལྟར་སྤེལ་མྱོང་སྟེ། གསར་རྩོམ་གྱི་བརྒྱུད་རིམ་ནི་ན་ཟུག་དང་སེམས་ཁྲལ་དང་བློ་མི་བདེ་བ་དང་ཡི་མུག་པ་དང་ཅི་བྱ་གཏོལ་བྲལ་དང་བློང་བློང་བོར་འགྱུར་བ་དང་ཁུ་ཚུར་གྱིས་རྩིག་ངོས་སུ་བསྣུན་དགོས་པ་དང་མིག་ཟུང་བཙུམས་ཀྱང་གཉིད་མི་ཁུག་པ་དང་རང་ཉིད་རང་ལ་ཁོ་ཆད་པ་དང་། སྡུག་བསྔལ་གྱིས་མགོ་ནས་གནོན་པ་དང་སྐེ་ནས་བཙིར་བ་དང་འཕོངས་ལ་བརྡེབས་པ་དང་། ཁ་གྲག་མི་འདོད་པ་དང་ཀི་འདེབས་འདོད་པ་དང་། གཞན་ལ་འགྲམ་ལྕག་གཞུ་འདོད་པ་དང་རང་གི་སྐྲ་ལོ་འབལ་འདོད་པ་དང་། འཚིག་པ་ཟ་བ་དང་སྙིང་ལངས་པ་དང་། གཅིན་གཏང་འདོད་པ་དང་རང་ཉིད་དང་བཅས་པ་ཆབ་དོང་ནང་བཤལ་འདོད་པ་དང་། མིག་གཉིས་ལག་པས་བསྒྲིབས་ནས་ཅི་ཡང་མཐོང་མི་འདོད་པ་དང་མུན་ནག་ནང་ལག་སྙོབ་བྱས་ནས་མཁའ་དབུགས་སྤར་འཛིན་བྱ་འདོད་པ་དང་། ཨ་རག་འཐུང་འདོད་པ་དང་ཐ་མག་རྔུབ་འདོད་པ་དང་། རང་གིས་རང་ཉིད་ཆུ་ལ་བསྐུར་ནས་ཨག་འབོད་བྱེད་པར་བལྟ་འདོད་པ་དང་། མདོར་ན། ཨ་ཚ་ཚ་ཨ་ཡོ་ཡོ་ཨ་ཁ་ཁ་ཨ་ཆི་ཆི་ཨ་ཤུ་ཤུ……
        འདིར་ངོ་ལྐོག་མེད་པར་སྐད་གདངས་མཐོན་པོས་ཡང་བསྐྱར་བརྗོད་འདོད་པ་ནི། ངས་རྩོམ་རིག་ལ་བཅངས་པའི་ཁ་དཀར་བློ་དཀར་དང་མི་ཕྱེད་པའི་དད་པ་དེ་སྔར་བཞིན་སེམས་ཁོང་དུ་ཉར་ཡོད་ལ། ངས་ཇི་སྲིད་བར་དུ་བྲིས་མི་ཚར་བ་ནི་གྲོ་ཞིང་ཁ་དང“གྲོ་ཞིང་ཁ”ཡི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་དོ།།
        མཇུག་མཐར་ད་དུང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཞུ་འདོད་པ་ཞིག་ནི། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་གོ་སྐབས་ལེགས་པོ་ཡང་ཡང་སྤྲད་ཅིང་གསོ་སྐྱོང་གནང་བ་དེ་ནི། མི་ཚེའི་ལམ་ཁའི་དྲོད་དུ་བསམས་ཡོད་ཅིང་། ལྷག་ཏུ་ཐེངས་འདིའི་དཔེ་ཚོགས་ཀྱི་འཆར་འགོད་པ་རྒན་གཞོན་གཉིས་ཀ་སྟེ་རྒན་རྟ་མགྲིན་སྐྱབས་དང་རྒན་ཆོས་སྐྱོང་རྣམ་གཉིས་གཙོ་བྱས་ཐོག  དུས་དང་རྣམ་པ་ཀུན་ཏུ་བདག་ལ་རྒྱབ་སྐྱོར་གྱི་དཔངས་མཐོ་བའི་ཕ་མ་རྣམ་གཉིས་དང་བཟའ་ཟླ་མ་བསོད་ནམས་འཚོ། དེབ་འདིའི་མགོ་བརྗོད་ཀྱི་ལས་ཁུར་ཏུ་བཏེགས་པའི་ཨོའུ་རྒྱ་བཀྲ་ཤིས་ཚེ་རིང་སོགས་ལ་སེམས་བསམ་པས་བཀའ་དྲིན་ཞུ། དུས་མཚུངས་སུ། མཚོ་མོ་དང་མཚོ་མོ་རྣམས་ཀྱིས་ལམ་བཟང་བོ་རང་གིས་ཇི་བཞིན་དུ་བདེ་བླག་ཏུ་རྙེད་ཅིང་རྟོགས་ནས། ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བའི་ཡིད་ཆེས་ཕྱིར་མི་ལྡོག་པའི་བློ་མིག་ཡང་དག་པ་རང་རྒྱུད་དུ་ཤར་བར་ཤོག་ཅེས་སྨོན་འདུན་ཞིག་ཀྱང་ཕུལ་བ་ཡིན།
2021ལོའི་ཟླ9པའི་ཚེས16ཉིན།
སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། འབོལ་རྩོམ་དེབ«བསམ་གཞིག་གི་ཁ་དོག»དང་སྙན་དེབ«དིང་གླིང་ཁེར་འབུད»སྒྲུང་རིང་དེབ«མར་ངོའི་ཟླ་བ»སྒྲུང་ཐུང་དེབ«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»དང«བྱ་ཞིག་ཡིན་ན་བསམས་བྱུང»སོགས་ཡོད། སྔ་གཞུག་ཏུ“སྦྲང་ཆར་རྩོམ་རིག་བྱ་དགའ”དང“བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལོ་ཟུང་བྱ་དགའ།” “མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ།” “གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ།” “མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ།” “གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།” “ཟླ་ཟེར་རྩོམ་རིག་བྱ་དགའ”སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།
 
        «མཚམས་སྤྲིན་ཁྲོད་ཀྱི་ཨ་མ་ཇོ་མོ»ཞེས་པའི་སྒྲུང་གཏམ་འདི་ནི་མཚོ་ཤར་ཞིང་ལས་ས་ཁུལ་གྱི་དམངས་ཁྲོད་དུ་བྱུང་བའི་དོན་དངོས་ཀྱི་བྱ་བ་ཞིག་གཞིར་བཟུང་ནས་བྲིས་པ་ཡིན། བདག་གིས་སྒྲུང་གཏམ་འདི་འབྲི་བའི་ཆེས་ཐོག་མའི་ཀུན་སློང་གཙོ་བོ་ནི། གཅིག་ནས་བཤད་ན། རང་ཉིད་འཚར་ལོངས་བྱུང་ས་ནི་བོད་པའི་རིག་གནས་ཀྱི་རྫོང་མཐུག་པའི་ཁོར་ཡུག་ཅིག་ཡིན་པ་དང་། ཆུང་དུས་ནས་བོད་ཀྱི་རིག་གནས་ཅུང་ཙམ་སྦྱངས་ཐུབ་པའི་སྐལ་བ་ཡག་པོ་ལྡན་སོང་བ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་སྣང་། ཅིའི་ཕྱིར་ཞེ་ན། ང་འཚར་ལོངས་བྱུང་སའི་མཚོ་ཤར་ས་ཁུལ་གྱི་རྡོ་སྦིས་གསེར་སྨུག་ལྗོངས་ཞེས་པ་དེ་ནི། མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་གང་མང་འཁྲུངས་སའི་གནས་འགངས་ཆེན་ཞིག་ཡིན་ལ། གནས་དེར་བོད་ཀྱི་དམངས་སྲོལ་རིག་གནས་དང་ཆོས་ལུགས་རིག་གནས་སོགས་རྒྱུན་མ་ཆད་པར་གནས་ཡོད་ཅིང་། ལྷག་པར་གནས་དེར་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་གཙོས་པའི་དགེ་བའི་བཤེས་གཉེན་དམ་པ་མང་བོའི་སྐུ་དྲིན་ལ་བརྟེན། བོད་ཀྱི་རིག་གནས་སློབ་གསོའི་རྨང་གཞི་འཛུགས་སྔ་བའི་རྐྱེན་གྱིས་ང་དང་ང་ལྟ་བུའི་རྗེས་རབས་པ་གང་མང་ཞིག་ལ་བོད་ཀྱི་རིག་གནས་སྦྱོང་བའི་གོ་སྐབས་ལེགས་པོ་བསྐྲུན་པ་རེད།
        དེ་བས་ང་རང་ཉིད་ལ་མཚོན་ན། རང་གི་ཕ་ཡུལ་ལ་དུངས་ཞེན་ཟབ་མོ་ཞིག་ཡོད་པ་དང་། ཕ་ཡུལ་གྱི་དམངས་སྲོལ་རིག་གནས་དང་དམངས་ཁྲོད་དུ་བྱུང་བའི་བྱ་བ་གང་མང་ཞིག་ལ་དེ་བས་ཀྱང་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད། ལྷག་པར་སློབ་སྦྱོང་དང་བྱ་བའི་དབང་གིས་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་སུམ་ཅུ་ལྷག་འདས་པའི་དུས་ཡུན་ནང་། ནམ་རྒྱུན་བྱ་བའི་ཁོམ་གསེང་གི་བར་ནས་ཕ་ཡུལ་གྱི་དམངས་སྲོལ་རིག་གནས་དང་དམངས་ཁྲོད་དུ་བྱུང་བའི་གཏམ་རྒྱུད་སྐོར་ཞིག་ཡིད་ལ་དབང་མེད་དུ་འཆར།
        གཅིག་ནས་བཤད་ན། སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་སྟེ་ཨ་མ་ཇོ་མོའམ་ཨ་ཡེ་འབྲུག་མོ་བྱམས་ཀྱང་ང་ཚོ་དང་ཆ་འདྲ་བར་ཆེས་སྤྱིར་བཏང་གི་སྡེ་མི་ཕལ་བ་ཞིག་ཡིན་ལ། མོའང་རང་གི་ཕ་མ་གཉིས་ཀྱི་བྱམས་བརྩེ་དང་སྙིང་རྗེ་ཡི་དྲོད་ཁོལ་འོག་ཏུ་འཚོ་བའི་དཀའ་སྡུག་རེ་རེ་བརྒྱུད་དེ་དལ་གྱིས་ནར་སོན་ཞིང་། རིམ་གྱིས་བུ་ཕྲུག་གསུམ་གྱི་བྱམས་ལྡན་གྱི་ཨ་མ་ཞིག་ཏུ་གྱུར། མོས་རང་གི་བུ་ཕྲུག་གསུམ་གྱི་ཆེད་དུ་དཀའ་སྡུག་གང་མང་མྱངས་པ་དང་། སྙིང་ཁོང་རུས་པའི་གཏིང་ནས་བྱམས་བརྩེ་ཡི་དྲོད་ཁོལ་བསྩལ་པར་མ་ཟད། སྙིང་རྗེའི་གཤོག་ཟུང་དྲོན་མོའི་འོག་ཏུ་བདེ་ཐང་གིས་ནར་སོན་པར་དཀའ་ཚེགས་ཀྱི་རྔུལ་ཆུ་གང་མང་གཏོར། ཡིན་ནའང་། འཇིག་རྟེན་གྱི་འཚོ་བའི་ཁྲོད་དུ་ལས་དབང་བཙན་པོའི་དབང་གིས་བྱ་བ་སྐོར་ཞིག་ནི་ལས་རྒྱུ་འབྲས་དང་དཀར་ནག་གོ་ལྡོག་སྟེ། དགའ་སྐྱོ་ཆགས་སྡང་གི་ཟློས་གར་གྱི་འཁྲབ་ཚན་རེ་རེ་འཁྲབ་བཞིན་འདུག་པ་རེད།
        ཨ་མ་ཇོ་མོས་ཀྱང་རང་གི་བྱིས་པའི་ཆེད་དུ་སྐུ་ཚེགས་དང་སྡུག་རུས། སྙིང་རྗེ་དང་བྱམས་བརྩེ་ཡོད་ཚད་ཅིག་ཕངས་མེད་དུ་གནང་ཡང་། མཇུག་མཐར་མོའི་བུ་ཡིས་འགྲོ་བ་མི་ཞིག་ལ་ཆེས་མ་མཐར་འཛོམས་དགོས་པའི་ཕ་མའི་སྐུ་དྲིན་དྲན་པ་དང་། ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་པ་སོགས་འཇིག་རྟེན་མཐུན་ལུགས་དང་རྒྱབ་ཀྱིས་ཕྱོགས་ཏེ་མོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་སྦྱར་མོད། འོན་ཀྱང་། མོས་རང་གི་བུ་དང་མནའ་མར་ཞེ་སྡང་དང་འཁང་ར་ཅི་ཡང་མི་བྱེད་པར་སྔར་བཞིན་བྱམས་ལྡན་ཨ་མ་ཞིག་གི་སྙིང་རྗེ་དང་བྱམས་བརྩེ་དེ་སྒོམ་བཞིན་ཚེ་ཕྱི་མའི་ཡུལ་དུ་དད་པ་རྩེ་གཅིག་དང་བཅས་ག་ལེར་བཞུད་སོང་།
        ད་སྐབས་ཀྱི་འཚོ་བའི་ཁྲོད་ཕྱིར་འདང་རེ་བརྒྱབ་ཚེ། ངའི་སེམས་སུ་ཨ་མ་ཇོ་མོ་དེའི་མི་ཚེ་ཐུང་ཐུང་དུ་བྱུང་བའི་བྱ་བ་དེ་ནི་གནས་གང་ཞིག་དང་མི་སུ་ཞིག་ལ་མཚོན་ནའང་ཆེས་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་རེད་བསམས་པ་དང་། ནམ་རྒྱུན་ངའི་ཡིད་ལ་ཨ་མ་ཇོ་མོ་དེའི་སྣང་བརྙན་དང་སྡུག་རུས། བྱམས་བརྩེ་དང་བློ་རྒྱ། སྙིང་རྗེ་དང་དད་པ་སོགས་ཝ་ལེར་ཝ་ལེར་འཆར་འོང་། དེ་བས་ངས་ཀྱང་ཆུང་དུས་སུ་བོད་ཀྱི་རིག་གནས་ཅུང་ཙམ་སྦྱངས་ཡོད་པའི་བརྩེ་བ་དང་། ཕ་ཡུལ་གྱི་དམངས་སྲོལ་རིག་གནས་སོགས་བྱ་བ་གང་མང་ཞིག་ལ་དོ་ཁུར་བྱེད་པའི་སེམས་ཁམས་དང་བསྟུན་ཏེ། ཕ་ཡུལ་ཕྱོགས་ཀྱི་སྐྱོ་གར་རང་བཞིན་གྱི་བྱ་བ་དེ་སྒྲུང་གཏམ་དུ་འབྲི་འདོད་ཀྱི་ཀུན་སློང་ཞིག་ཡིད་ལ་དབང་མེད་དུ་ཤར།
        སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་སྟེ་ཨ་མ་ཇོ་མོའམ་ཨ་ཡེ་འབྲུག་མོ་བྱམས་ཀྱི་སྐྱེས་ས་སྐྱེས་ཡུལ་གྱི་ཁོར་ཡུག་ལས། མཚོ་ཤར་ཞིང་ལས་ས་ཁུལ་གྱི་རི་ཆུ་ནགས་གསུམ་སོགས་ཁོར་ཡུག་གི་མཛེས་ལྗོངས་དང་ཞིང་སྡེ་ཡི་ཆགས་ཚུལ། དུད་ཁྱིམ་གྱི་རྣམ་པ་སོགས་གསལ་བོར་མངོན་མ་ཐུབ་ཀྱང་། མོ་འཚར་ལོངས་བྱུང་སའི་འཚོ་བའི་བརྒྱུད་རིམ་ལས། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་བརྒྱད་ཅུ་པའི་དུས་སྐབས་སུ་ཞིང་ལས་ས་ཁུལ་གྱི་སྐྱེས་ཕོ་མོ་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་གོམས་སྲོལ་ཏེ། དཔེར་ན། ཞིང་ལ་ཆུ་གཏོང་བ་དང་ཡུར་མ་ཡུར་བ། ཞིང་འབྲེག་པ། བུད་ཤིང་འཐུ་བ་སོགས་ཐོན་སྐྱེད་ཀྱི་རྣམ་པ་རེ་གཉིས་ཉེ་བར་མཚོན་པའི་ཁུལ་བགྱིས་པའི་མཚུངས་སུ། སྡེ་བའི་ལོ་ལོན་རྣམས་ཀྱི་གོན་པ་གྱོན་སྟངས་དང་མ་ཎི་ཁང་དུ་མཆོད་འབུལ་བྱེད་ཚུལ། སྡེ་མི་སོ་སོའི་འགྲོ་ལུགས་འདུག་སྟངས་དང་ཁྱིམ་ཚང་རེ་རེའི་གཏམ་རྒྱུད་རྣམས་ནི་སྒྲུང་གཏམ་གྱི་སྲོག་ཤིང་དང་སྦྲེལ་བའི་ཡལ་ག་དང་འདབ་ལོ་ཇི་བཞིན། གཏམ་རྒྱུད་ཀྱི་བྱུང་རིམ་འཕེལ་བའི་དཀྱུས་སུ་འགོད་ཅི་ཐུབ་བྱས་ཡོད།
        བོད་མི་རེ་རེའི་སེམས་རྒྱུད་དུ་ལྷད་མེད་ཀྱི་ཀུན་སློང་རྣམ་དག་ཅིག་མཆིས་ཤིང་། ལྷག་པར་ལོ་ལོན་ཚོས་ལག་ཏུ་ཕྲེང་བ་ཐོགས་ཏེ་མཆོད་འབུལ་དང་ཁ་ཏོན་སྒྲིབ་སྦྱང་བྱེད་པ་སོགས་ནི་ཁོ་ཚོའི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། གསང་བ་ལྐོག་གྱུར་གྱི་དད་པའི་སྟོབས་ཤུགས་ལས་བོད་ཁམས་ཀྱི་སྐྱེ་ཕོ་མོ་སུ་ཞིག་ཡིན་རུང་བྱམས་སྙིང་རྗེ་ཡོད་པ་དང་སེམས་ཅན་ལ་གནོད་པའི་ལས་མི་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤ་ཞེན་ཆེ་བ། གཞན་གྱི་ཚེ་སྲོག་ལ་བརྩི་འཇོག་དང་ལས་རྒྱུ་འབྲས་ལ་ཡིད་ཆེས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་འཛིན་པ་བཅས་ཀྱི་གོམས་སྲོལ་ལེགས་པོ་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད། ཨ་མ་ཇོ་མོའམ་ཨ་ཡེ་འབྲུག་མོ་བྱམས་ཀྱང་ཁྱད་དུ་འཕགས་པའི་གོམས་སྲོལ་དེ་དག་ལས་མ་འདས་པར། མོའི་ལུས་སྟེང་དུ་བྱམས་ལྡན་གྱི་ཨ་མ་ཞིག་གི་ལྷད་མེད་ཀྱི་བརྩེ་བ་དང་རྣམ་པར་དག་པའི་དགེ་སེམས་ཀྱིས་ཕྱུག་འདུག
        མོ་ཆུང་དུས་ནས་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་འཚར་ལོངས་བྱུང་ཞིང་། མོའི་སེམས་སུ་རང་གི་ཕ་མ་གཉིས་ཀྱི་བྱམས་བརྩེ་ནི་འཇིག་རྟེན་འདིར་ཆེས་བླ་ན་མེད་པའི་བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་ཏུ་བསམས་ཡོད་པ་རེད། དེ་བས་མོས་ཀྱང་དཀའ་སྤྱད་སྡུག་རུས་ཀྱི་འཚོ་བའི་ཁྲོད་དུ་རང་གི་བུ་དང་བུ་མོར་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་ཤིང་། བུ་ཕྲུག་ཚོའི་ཆེད་དུ་དཀའ་སྡུག་གང་མང་མྱངས་ཤིང་བྱམས་བརྩེ་དང་སྙིང་རྗེ་ཡོད་ཚད་ཕུལ། ལྷག་པར་མོའི་ཨ་ཕ་ཀླུ་འབུམ་བཀྲ་ཤིས་ཀྱིས་ཚ་བོ་སྟག་ལྷ་འབུམ་ནི་ཁྱིམ་ཚང་འདིའི་བུ་གཅིག་པུ་ཡིན་ཞིང་། མ་འོངས་པར་ཁོ་ནི་ཁྱིམ་རྒྱུད་འདིའི་བདག་པོ་དང་རྒྱུད་འཛིན་པ་ཡིན་ཞེས་བཤད་དེ། ཨ་མྱེས་ཀླུ་འབུམ་བཀྲ་ཤིས་ཀྱིས་རང་གི་ཚ་བོས་མ་འོངས་པར་ཁྱིམ་ཚང་འདི་རྒྱུད་འཛིན་གང་ལེགས་དང་དར་སྤེལ་བཟང་བོ་ཞིག་བྱ་ཐུབ་པའི་ཆེད། ཁོས་རང་གི་ཚ་བོར་རྒྱུ་ནོར་གྱི་རྨང་གཞི་ལེགས་པོ་ཞིག་འཇོག་དགོས་བསམས།
        དུས་ཀྱི་གོམ་འགྲོས་ཁྲོད་དུ་ཟླ་རེ་དང་ལོ་རེ་བྱས་ཏེ། ཨ་མྱེས་ཀླུ་འབུམ་བཀྲ་ཤིས་ཀྱིས་ཁ་བ་བུ་ཡུག་གམ་ཆར་རླུང་དྲག་པོའི་དཀའ་སྡུག་གང་ལའང་མ་འཛེམས་པར་ལུག་ཁྱུའི་རྗེས་ནས་འབད་ཅི་ཐུབ་བྱས་ལ། ས་ཆ་དེའི་རི་ལུང་དང་རྩྭ་ཐང་། ནགས་ཚལ་དང་འདམ་གཞུང་བཅས་སུ་ཁོས་ལོ་ན་བགྲེས་པའི་རྐང་རྗེས་རེ་རེ་ཕབ་ཅིང་། རང་གི་ཚ་བོའི་མ་འོངས་པའི་ཆེད་དུ་ལ་ཁའི་ཉི་མ་འདྲ་བའི་དུས་ཚོད་དེ་ལུག་ཁྱུ་དེའི་རྗེས་ནས་ཟད་པར་བྱས། ཨ་མ་འབྲུག་མོ་བྱམས་ཀྱིས་ཀྱང་རང་གི་ཕ་རྒན་གྱི་རེ་བ་དང་མངགས་བཅོལ་ལྟར་དུ། བུ་སྟག་ལྷ་འབུམ་ལ་རང་གི་བུ་མོ་གཉིས་ལས་ཀྱང་བླ་ལྷག་ཏུ་གཅེས་ཤིང་། ཟས་གང་ཞིམ་དང་གོས་གང་འཇམ་བསྐོན་པ་དང་། འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དང་འགན་འཁྲི་ཡོད་ཚད་མོ་གཅིག་པུས་ཕྲག་ཏུ་ཁུར་ནས། ཁྱིམ་རྒྱུད་དེའི་མ་འོངས་པའི་ཆེད་དུ་འབད་ཅི་ཐུབ་བྱས། སྟག་ལྷ་འབུམ་ནི་ཨ་མའི་དྲོད་ཁོལ་གྱི་ལྡུམ་ར་ཆུང་ཆུང་དེའི་ནང་དུ་དྲོད་འཇམ་གྱི་ཉི་འོད་དང་སྦྲང་ཆར་བསིལ་མའི་བརླན་བཤེར་ལ་བརྟེན། འདབ་ལོ་འབུས་པའི་མྱུ་གུ་ཆུང་ཆུང་ཞིག་དང་མཚུངས་པར་རང་དབང་དང་ཅི་འདོད་ཀྱིས་འཚར་ལོངས་བྱུང་བ་རེད།
        བུ་ཆུང་སྟག་ལྷ་འབུམ་རིམ་གྱིས་ནར་སོན་ཞིང་བཟའ་སྒྲིག་བྱས། ཁོ་ཨ་མའི་བྱམས་སྐྱོང་དང་སྙིང་རྗེ་ཁོ་ནའི་ཁྲོད་དུ་འཚར་ལོངས་བྱུང་བས། འཇིག་རྟེན་གྱི་འཚོ་བའི་འགན་འཁྲི་དང་དཀའ་སྡུག་གི་བརྒྱུད་རིམ་སོགས་ལ་ངོས་ཟིན་དང་བག་ཆགས་ཆེན་པོ་མེད་པར། རིམ་ནས་རིམ་གྱིས་ཁོས་མི་གཞན་པའི་སྐྱིད་སྡུག་ལ་འདང་མི་ཕོག་པ་དང་། ཁྱིམ་རྒྱུད་དེའི་ནང་དུ་རང་གི་ཨ་མྱེས་དང་ཨ་ཡེ་གཉིས་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་ཚེ་ལས་འདས་པ་དང་། རང་གི་ཨ་ཕས་ཀྱང་ཁྱིམ་རྒྱུད་དང་ཕ་མ་བུ་ཕྲུག་གང་གི་ཐད་ལའང་འགན་འཁྲི་ཅི་ཡང་མ་ཁུར་པའི་གནས་ཚུལ་གྱི་འོག་ཏུ། ཁྱིམ་ཚང་དེའི་འགན་འཁྲི་ཡོད་ཚད་རང་གི་ཨ་མ་གཅིག་པུའི་ཕྲག་ཏུ་ལྷུང་སྟེ། ཨ་མས་ཁྱིམ་ཚང་བདག་སྐྱོང་དང་ཁོ་མིང་སྲིང་གསུམ་སྐྱེད་སྲིང་གི་ཐད་དུ་དཀའ་སྤྱད་སྡུག་རུས་གང་མང་མྱངས་ཡོད་པ་སོགས་ལ། བསམ་བློ་དང་འདང་རྒྱག་ཅི་ཡང་མི་བྱེད་པ་ཞིག་ཏུ་གྱུར། ཡུན་ནས་ཡུན་གྱིས་ཁོས་རང་གི་ཆུང་མའི་ཁ་ལ་ཉན་རྐྱང་བྱས་ཏེ་ཨ་མ་འབྲུག་མོ་བྱམས་སྡུག་ལ་སྦྱར་བ་དང་། མཐའ་མཇུག་ཨ་མ་འབྲུག་མོ་བྱམས་བུ་དང་མནའ་མའི་འཁོན་འཛིང་དང་སྣང་ཆུང་གི་འོག་ཏུ་ཁེར་རྐྱང་དུ་ལུས་ཤིང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར།
        ཨ་མ་འབྲུག་མོ་བྱམས་ཀྱིས་སྔར་བཞིན་བྱམས་ལྡན་ཨ་མ་ཞིག་གི་བློ་རྒྱ་དང་སྙིང་རྗེ་མ་ཉམས་པར་རང་གི་བུ་དང་མནའ་མ་གཉིས་ལ་བརྩི་འཇོག་དང་སེམས་ཁུར་ཡང་ཡང་བྱས་པ་དང་། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་བུ་དང་མནའ་མ་གཉིས་ལ་བསྟུན་ཅི་ཐུབ་བྱས། འོན་ཀྱང་བུ་དང་མནའ་མ་གཉིས་ཀྱིས་ཨ་མའི་རྣམ་པར་དག་པའི་བློ་རྒྱ་དང་བརྩེ་སེམས་ལ་འདང་ཅི་ཡང་མ་བརྒྱབ་པ་དང་། ཁྱིམ་ཚང་ནང་ཁུལ་གྱི་འགལ་ཟླ་དེ་བས་ཀྱང་ཇེ་ཟབ་ནས་ཇེ་དྲག་ཏུ་གྱུར་ལ། ཐ་ན་ཁོ་བཟའ་ཟླ་གཉིས་ཀྱིས་བྱིས་པ་ཞིག་མ་འཚམས་པ་དེའང་ཨ་མའི་སྟེང་དུ་དེད་དེ་མ་ཉེས་ཁ་གཡོགས་བྱས་པ་རེད། ཨ་མ་འབྲུག་མོ་བྱམས་ཀྱིས་བསམ་ཡུལ་ལས་འདས་པའི་ནག་ཉེས་དེ་བཟོད་བསྲན་མ་ཐུབ་པ་དང་། མོའི་སེམས་སུ་ད་ལྟ་རང་ཉིད་ནི་ཁོ་བཟའ་ཟླ་གཉིས་ཀྱི་མིག་ནང་གི་ཚེར་མ་དང་བཟའ་ཚང་འགྲིག་མཐུན་མི་ཡོང་བའི་གཞི་རུ་གྱུར་ཡོད་པས། གལ་ཏེ་རང་ཉིད་བུ་དང་མནའ་མ་གཉིས་ཀྱི་མིག་གིས་མཐོང་ས་དང་རྣ་ཡིས་ཐོས་སར་མ་སོང་བར་ཁོ་བཟའ་ཟླ་གཉིས་འགྲིག་པོ་མཐུན་པོ་འབྱུང་ཐུབ་ཚེ། རང་ཉིད་ནི་ལ་རྟིང་གི་གྲིབ་མ་དང་མི་རྒས་གྱི་མཐའ་མར་གྱུར་ཡོད་པས། རབ་ཏུ་བྱུང་སྟེ་ཁེར་གྲལ་དུ་བུད་ཀྱང་འགྱོད་པ་མེད་ལ། བྱིས་པ་དེའི་ཆེད་དུ་ཁ་ཏོན་སྒྲིབ་སྦྱོང་ཙམ་ཡང་བྱེད་ཐུབ་པ་རེད་འདོད་དོ།།
        ཨ་མ་འབྲུག་མོ་བྱམས་བྱ་འཕུར་ཁ་དང་མི་རྒས་ཁར་འཇིག་རྟེན་འཁོར་བ་ལས་ཕྱིར་བུད་དེ། འུ་ཐུག་ཐབས་ཟད་ཀྱིས་རབ་བྱུང་བསྒྲུབས་པ་དེ་ནི་ཆེས་རྒྱུན་ལྡན་གྱི་མི་ཞིག་གམ་ཁྱིམ་ཚང་ཞིག་ལ་མཚོན་ན། ཧ་ཅང་བསམ་ཡུལ་ལས་འདས་ཤིང་དང་ལེན་མི་ཕོད་པའི་བྱ་བ་ཞིག་རེད། དོན་དག་དེ་བྱུང་རྗེས་ཉེ་འདབས་ཀྱི་རུ་སྡེ་སོ་སོའི་མང་ཚོགས་ཀྱི་ཁྲོད་དུ། ཨ་མ་འབྲུག་མོ་བྱམས་མི་ཚེའི་མཐའ་མཇུག་གི་མཚམས་སྤྲིན་ལྟ་བུའི་དུས་སྐབས་སུ་རབ་ཏུ་བྱུང་བའི་དོན་དག་དེ། ངོ་མཚར་བའི་གསར་འགྱུར་ཞིག་དང་མཚུངས་པར་ལྟ་ཚུལ་དང་དྲན་ཚུལ་མི་འདྲ་བ་གང་མང་གླེང་བཞིན་འདུག ཡིན་ན་ཡང་། སྟག་ལྷ་འབུམ་བཟའ་ཟླ་གཉིས་ཀྱིས་དོན་དག་དེ་ནི་ཁོ་ཚང་ནས་བྱུང་བ་ཞིག་མིན་པའམ་ཡང་ན་ཁོ་གཉིས་ལ་ཐད་ཀར་དུ་འབྲེལ་བ་མེད་པ་ལྟ་བུའི་ལྟ་ཚུལ་ཞིག་འཛིན་བཞིན་སྔར་ལྟར་རྒྱུན་ལྡན་དང་ལྷིང་འཇགས་ཀྱི་འཚོ་བ་རོལ།
        འཇིག་རྟེན་གྱི་མི་ཚེའི་ཁྲོད་དུ་སྐྱེ་རྒ་ན་འཆི་ནི་གང་ཟག་སུ་ཞིག་ཡིན་རུང་ངེས་པར་དུ་བརྒྱུད་དགོས་པ་ཞིག་དང་། སུས་ཀྱང་གཡོལ་ཐབས་མེད་པའི་བརྒྱུད་རིམ་ཞིག་ཀྱང་རེད། འཇིག་རྟེན་གནམ་འོག་གི་ཕ་མ་ཚང་མས་བྱིས་པ་བཙས་ཤིང་སྙོར་སྐྱོང་བྱེད་པ་ནི་ཚེ་སྲོག་གི་རྒྱུན་འཛིན་དང་མ་འོངས་པར་ལོ་ན་བགྲེས་དུས་རེ་ལྟོས་བྱེད་སར་དམིགས་བཞིན་ཡོད། ཕ་མ་རྣམས་ཀྱིས་བྱིས་པ་རྣམས་སྙོར་སྐྱོང་དང་སྐྱེད་སྲིང་གི་འགན་གཅིག་ལྕོགས་སུ་འཁུར་ཞིང་། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྙིང་རྗེ་དང་བྱམས་བརྩེ་སྩོལ་ཅི་ཐུབ་བྱེད། བྱིས་པ་རྣམས་ཀྱིས་ཀྱང་ཕ་མ་རྣམས་ལོ་ན་བགྲེས་དུས་ཕ་མའི་སྐུ་དྲིན་དྲན་ཞིང་ཁོ་ཚོར་བསྙེན་བཀུར་དང་དྲིན་ལན་འཇལ་ཅི་ཐུབ་སྒོས་མཐའ་མཇུག་གི་མི་ཚེ་བསྐྱལ་བར་འབད་འབད་འབུངས་འབུངས་བྱེད་པ་ནི་འཇིག་རྟེན་ཚུལ་ལུགས་དང་མཐུན་པའི་བྱ་བ་ཞིག་ཅི་ལ་མིན།
        བོད་ཀྱི་སློབ་གསོ་ཡིན་ནའང་རུང་། ཆོས་ལུགས་ཀྱི་ལྟ་བ་ཡིན་ནའང་འདྲ། ལས་རྒྱུ་འབྲས་གང་གི་ཐད་ནས་བཤད་ནའང་ཕ་མ་ནི་འཇིག་རྟེན་གནམ་འོག་ཏུ་ཆེས་གཟི་བརྗིད་ལྡན་ཞིང་རླབས་ཆེ་བ་ཞིག་རེད། མི་སུ་ཞིག་ཡིན་རུང་ངེས་པར་དུ་སེམས་གཏིང་ནས་དད་པ་དང་བསྙེན་བཀུར་བྱེད་དགོས་པ་ནི་རང་གི་ཕ་མ་ཡིན་ལ། ཕ་མ་ནི་རང་སེམས་ཀྱིས་དད་འདུན་བྱེད་སའི་ལྷ་ངོ་མ་དེ་ཡིན་ཞེས་བཤད་ཆོག་པ་རེད།
        ཨ་མ་ཇོ་མོ་ལ་མཚོན་ནའང་། མཚམས་སྤྲིན་ལྟ་བུའི་མི་ཚེའི་མཐའ་མཇུག་གི་གོ་རིམ་ཁྲོད། མོས་བྱིས་པ་རྣམས་ཀྱི་བསྙེན་བཀུར་དང་སྲི་ཞུའི་དྲོད་ཁོལ་དེ་མྱང་ན་འགྲིག་མོད། འོན་ཀྱང་བུ་དང་མནའ་མ་གཉིས་ཀྱིས་མོའི་སྐུ་དྲིན་མ་རྟོགས་པར་དྲིན་ལན་ལོག་འཇལ་བྱས་ཤིང་། མི་ཚེའི་མཐའ་མཇུག་ཏུ་འུ་ཐུག་ཐབས་ཟད་ཀྱིས་ལས་དབང་གི་ལམ་གསར་བ་ཞིག་ལ་གདོང་མི་གཏོད་ཀ་མེད་བྱུང་བ་རེད།
        ཨ་མ་ཇོ་མོས་མིག་ཆུ་དང་འདྲེས་པའི་ཞེན་ཆགས་དང་མ་མགལ་སོ་བཅིངས་བྱེད་པའི་སྡུག་བསྔལ་གང་མང་ཞིག་སེམས་ཀྱི་རུ་མར་བསྙལ་ཏེ། ལྗིད་ཏིག་ཏིག་གི་ཁེར་རྐྱང་གི་གོམ་པ་རེ་རེ་ལེན་བཞིན་མཇལ་སྐོར་དང་དགེ་སྒྲུབ་ཀྱི་ལམ་དུ་བསྐྱོད། མོས་མཇལ་སྐོར་གྱི་ལམ་ནས་ཀྱང་རང་གི་བུ་བུ་མོའི་ཕྱོགས་སུ་འཁང་ར་དང་ལེ་བདའ་ཅི་ཡང་མ་བྱས་པའི་ཁར། ད་དུང་བུ་བུ་མོའི་བདེ་ཐང་དང་འཚོ་བའི་ཕྱོགས་སུ་འདང་རྒྱག་དང་སེམས་ཁུར་གང་མང་གནང་།
        བོད་ཀྱི་གཏམ་དཔེར། བྱ་རྒས་ན་ཚང་དྲན། མི་རྒས་ན་ཡུལ་དྲན་ཟེར་བ་བཞིན། སྐབས་ཤིག་ལ་མཇལ་སྐོར་གྱི་ལམ་དུ་ཨ་མདོའི་ཕྱོགས་ཀྱི་མཇལ་པ་སྐོར་ཞིག་དང་ཕྲད་པས། མོར་ཡིད་འགུལ་ཟབ་མོ་ཐེབས་ཤིང་དུངས་པ་རབ་ཏུ་སྐྱེས་ལ། རང་འགུལ་གྱིས་ཁོ་ཚོའི་གམ་དུ་བཅར་ནས་ཁ་བརྡ་སྣ་ཚོགས་བྱས་ཤིང་། ཕ་ཡུལ་གྱི་ཁོར་ཡུག་དང་རང་གི་ཁྱིམ་གཞིས། ད་དུང་ཆུང་དུས་ཀྱི་རྩེད་རོགས་སོགས་ཡིད་ལ་ཝ་ལེར་ཤར།
        དུས་དེ་ནས་བཟུང་། མོས་སྔར་ལས་ལྷག་པར་རང་གི་ཕ་ཡུལ་ཡིད་ལ་འཁོར་ཞིང་། མོ་རང་འཚར་ལོངས་བྱུང་སའི་ཁྱིམ་ཚང་དང་སྒོ་ཁ་ཕྱི་ནང་གི་རྣམ་པ། ཆུང་དུས་གྲོགས་མོ་ཚོ་དང་མཉམ་དུ་ཡུར་མ་ཡུར་བ་དང་ཞིང་བྲེགས་པ་སོགས་ཀྱི་རྣམ་པ་རེ་རེ་གློག་བརྙན་གྱི་གཟུགས་རིས་བཞིན་དུ་ཡིད་ལ་དྲན་པར་བྱས། ཡིན་ནའང་རང་གི་བུ་སྟག་ལྷ་འབུམ་བཟའ་ཟླ་གཉིས་ཀྱིས་མོ་རང་ལ་བཟུང་བའི་ལྟ་ཚུལ་དང་། མོར་བཀའ་ལོག་བྱས་པའི་སྐད་ཆ་རྣམས་ཡིད་ལ་བསྒོམས་པའི་མུར། མོས་དྲན་གདུང་གི་སྡུག་བསྔལ་བཟོད་བསྲན་མི་བྱེད་ཀ་མེད་བྱུང་ཞིང་། ཕ་ཡུལ་དུ་ལྡོག་མ་ཕོད་པར་སྔར་བཞིན་ཁེར་རྐྱང་གི་མཆོད་མཇལ་གྱི་ལམ་དུ་ཞུགས།
        ཨ་མ་ཇོ་མོས་ལུས་གྲིབ་མ་འགྲོ་རོགས་དང་ཙག་བསེར་བུ་འདུག་རོགས་བྱས་ཏེ། གནས་ཆ་མེད་དང་ས་རྒྱུས་མེད་འགྲིམས་པ་དང་། གནས་གང་དུ་སླེབས་ན་ཁྱིམ་དང་ཟས་ཅི་ཡིན་བྱིན་ན་བཅུད་དུ་སྒོམ་བཞིན་ས་མཐའི་སྡུག་བསྔལ་གང་མང་མྱངས་པ་དང་། མཇུག་མཐར་རྨ་ཆེན་གངས་རིར་མཇལ་སྐོར་ལ་འགྲོ་བའི་ལམ་དུ། རྨ་ཡུལ་རྩྭ་ཐང་གི་ཁང་རྙིང་ལེབ་མོ་ཞིག་གི་ནང་དུ་ཚེ་ལས་འདས་པ་རེད། མོ་ཕྱི་མའི་ལམ་དུ་འགྲོ་ཁར་གམ་དུ་མི་གཅིག་ཀྱང་མེད་ལ། མོའི་གམ་དུ་མཇལ་སྐོར་གྱི་ལམ་དུ་ཁུར་མྱོང་བའི་རྡོག་ཁྲེས་ཆུང་ཆུང་དེ་ལས་རིན་ཐང་ཅན་གྱི་དངོས་རྫས་ཅི་ཡང་ལྷག་མི་འདུག
        མི་རེ་རེ་འཇིག་རྟེན་འདིར་ཁོར་ཡུག་གཅིག་ཏུ་འཛོམས་ཐུབ་པ་ནི་ལས་དབང་གི་བཀོད་སྒྲིག་ཡིན་ཞིང་། ལྷག་པར་ཕ་མ་བུ་ཕྲུག་བཅས་ཁྱིམ་གཞིས་གཅིག་ཏུ་ལྷན་འཛོམས་བྱུང་བ་ནི་སྐྱེ་བ་སྔོན་གྱི་ཚོགས་བསགས་རེད། ཚེ་སྲོག་ལ་རྒྱས་འཛོམས་ཀྱི་བདེ་སྐྱིད་ཡོད་ལ། གྱེས་བྲལ་གྱི་སྡུག་བསྔལ་ཡང་ཡོད་སྲིད། དེ་བས་ང་ཚོས་ལྷན་འཛོམས་དུས་ཀྱི་མི་རེ་རེའི་ཚེ་སྲོག་གི་རིན་ཐང་དེ་རྟོགས་དགོས་ལ། ལྷག་པར་ལྷན་འཛོམས་དུས་ཀྱི་ཕ་མའི་བྱམས་བརྩེ་དང་སྐུ་དྲིན་ནི་དེ་བས་ཀྱང་རྟོགས་དགོས།
        དགོང་གར་ཉི་མ་ནུབ་ཀྱང་ཞོགས་པའི་དུས་སུ་སྔར་བཞིན་མཚར་སྡུག་བཀྲ། དགུན་དུས་མེ་ཏོག་བསྐམས་ཀྱང་དབྱར་གྱི་དུས་སུ་སྔར་བཞིན་རྣམ་པར་བཞད། ཡིན་ནའང་། མི་ཡི་ཚེ་སྲོག་ནི་ལྟོང་ལ་སྤྲད་པའི་མདའ་མོ་ཞིག་དང་མཚུངས་པར་སྐད་ཅིག་ཏུ་འཕངས་པ་ལ་ཕྱིར་ཡོང་མེད་པ་དང་། སྐྱེ་བ་གཞན་དུ་ཕ་མ་བུ་ཕྲུག་ཡང་བསྐྱར་ཁྱིམ་གཞིས་གཅིག་ཏུ་འཛོམས་ཐུབ་རྒྱུ་ནི་དེ་བས་ཀྱང་ནམ་མཁའི་མེ་ཏོག་བཞིན་དུ་དཀོན་པ་རེད། དེ་བས། མི་སུ་ཞིག་ཡིན་རུང་ལས་རྒྱུ་འབྲས་ལ་བརྩི་སྲུང་དང་། ལས་དབང་གིས་དེད་པའི་མི་ག་འདྲ་ཞིག་ཡིན་རུང་དེར་བརྩི་འཇོག་བྱེད་དགོས་ལ། རང་གི་ཕ་མ་བུ་ཕྲུག་ལྷན་འཛོམས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཆུང་ལ་བྱམས་ཤིང་རྒན་ལ་བཀུར་དགོས་པ་དང་། རང་ནུས་ཅི་ལྕོགས་ཀྱིས་ཕ་མར་བསྙེན་བཀུར་དང་། སྐྱེ་བ་འདིར་དྲིན་ལན་འཇལ་ཅི་ཐུབ་བྱེད་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་བ་ཞིག་རེད།
        ཡིན་ནའང་། སྒྲུང་གཏམ་དངོས་གཞིར་རང་གི་འདོད་བློ་ལྟར་གྱི་རྗོད་བྱེད་དང་སྒྲིག་གཞི། བྱུང་རིམ། བརྗོད་བྱ། བརྗོད་སྙིང་དང་བཅས་པ་རེ་རེ་བཞིན་བཀྲལ་ཐུབ་མེད་པ་བདག་ལ་གསལ་ཏེ། སྒྲུང་གཏམ་ལ་འཇུག་པའི་ལས་དང་པོ་བ་ཞིག་གི་ངོས་ནས་བཤད་ན། དེ་དག་ནི་ད་དུང་ཡང་མུ་མཐུད་དུ་བརྩོན་འགྲུས་བསྟེན་དགོས་པའི་ལས་གལ་ཆེན་ཞིག་གོ །དེ་བས་སྒྲུང་གཏམ་འདིའི་ནང་དུ་བརྗོད་དོན་མི་གསལ་བའམ་རྗོད་ཚུལ་མི་འགྲིག་པ་སོགས་མི་འདང་ས་དང་ཚིག་སྐྱོན་དོན་སྐྱོན་གང་མང་ཡོད་སྲིད་པས། ཀློག་མཁན་རྣམ་པས་སྐྱོན་བརྗོད་དང་དག་ཐེར་གྱི་བསམ་འཆར་གལ་ཆེན་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
        སླད་མའི་ཆར་ཡང་། སྤྱིར་ན་བོད་ཀྱི་རྩོམ་རིག་གི་འཕྲིན་ལས་དར་ཞིང་། སྒོས་སུ་བདག་ལྟ་བུའི་ལས་དང་པོ་བ་རྣམས་ཀྱི་གསར་རྩོམ་གྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བའི་སྨོན་འདུན་དང་བཅས།
2021ལོའི་ཟླ10པའི་ཚེས6ཉིན།
 
ཚེ་རིང་ནོར་བུ། 1978ལོར་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོ་དགུ་རུ་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། 1996ལོར་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གླིང་ནས་སློབ་མཐར་ཕྱིན། ད་ལྟ་མཚོ་བྱང་ཁུལ་གྲོང་གསེབ་དར་རྒྱས་ཅུས་ཏང་ཙུའུ་ཧྲུའུ་ཅི་དང་། ཅུས་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་ཡོད། སྔ་རྗེས་སུ«གངས་ལྗོངས་རིག་གནས»སོགས་དུས་དེབ་དང་འཕྲིན་སྟེགས་སུ་སྙན་ངག་དང་། ལྷུག་རྩོམ། སྒྲུང་གཏམ། བསྒྱུར་རྩོམ་གང་མང་སྤེལ་མྱོང་། འཐུས་ཚབ་བརྩམས་ཆོས་ལ«ཆུང་དུས་ཀྱི་ཕ་ཡུལ» «དྲིན་ཆེན་ཕ་ལོར་སྤྲིངས་པའི་འཕྲིན་ཡིག» «ཆག་གྲུམ་ཤོར་བའི་རྡོ་གཡང་ཊི» «ལོ་ཟླ»སོགས་ཡོད།

        ཐོག་མར་སྒྲུང་དེབ་འདི་བཀླགས་ཟིན་པའམ་ཉོས་ཚར་བ། ཡང་ན་དེབ་ཁང་དུ་སླེབས་ནས་མིག་བཤེར་ཙམ་བྱས་པའི་ཀློག་མཁན་ཀུན་དང་། དེབ་འདིའི་པར་སྐྲུན་ལམ་ལྷོངས་ཡོང་བར་མཐུན་རྐྱེན་བསྐྲུན་པའི«སྦྲང་ཆར»རྩོམ་སྒྲིག་ཁང་དང་། རྩོམ་སྒྲིག་པ་གྲོགས་ཆོས་སྐྱོང་ལགས། མགོ་བརྗོད་ཀྱི་གཏམ་སྩོལ་མཁན་གྲོགས་ལྡོང་བུ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
        སྒྲུང་འབྲིང«ཟ་འཕྲུག»ནི་ལོ་ངོ་བཅུའི་སྔོན་ནས་སྐྱ་ཐིག་བཏབ་ཅིང་བློས་བསླངས་བྱས་པ་དང་། ལོ་འདིའི་དབྱར་ཁར་ཡོངས་སུ་བྲིས་གྲུབ་པ་ཞིག་ཡིན་ལ། སྒྲུང་རིང«གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད»དང་འདྲ་བར་སྔོན་གྱི་སྒྲོམ་གཞི་བཤིགས་ནས་སླར་ཡང་གསར་བར་བཟོས་པ་ཞིག་ཀྱང་ཡིན།
        སྤྱིར་ངས་བྲི་འདོད་པ་དག་ནི་སྔ་མོ་ནས་འཆར་གཞི་འཐེན་ཏེ་འགན་འཁུར་སྤྲོད་ཐབས་བྱེད་པ་ཞིག་མིན་ལ་བྲི་འདོད་དུས་འབྲི་བ་དང་། བྲི་མི་འདོད་དུས་གཡུགས་པ་ཡིན། གལ་སྲིད་སྒྲུང་གཏམ་ཞིག་ཤོག་ངོས་བཅུ་གྲངས་སུ་བྲིས་ནའང་བྲི་མི་འདོད་དུས་མར་གཡུགས་པ་ཡིན། བྲི་རྒྱུ་ཡོད་པ་དེ་ཚོར་བ་སྐྱིད་པ་ཞིག་རེད་ལ་བྲི་མི་འདོད་པ་དེའང་ཚོར་བ་སྐྱིད་པོ་ཞིག་འདུག གང་ལྟར་ཨུ་ཚུགས་བྱ་དགོས་དོན་ཅི་ཡང་མེད་པར་སྙམ། ད་སྐབས་ང་ལ་འབྲི་འཕྲོར་ལུས་པའི་སྒྲུང་གཏམ་ཡང་བཅུ་གྲངས་ཤིག་ཡོད། འོན་ཀྱང་དེ་དག་གི་མཇུག་བསྐྱང་དགོས་ན་ཤིན་ཏུ་ནས་དཀའ་བར་འདུག་སྟེ། ཨུ་ཚུགས་ལ་བརྟེན་པའི་གསར་རྩོམ་ནི་རང་གཞན་གཉིས་ཀའི་མགོ་བོ་གཡོགས་པ་ལས་གཞན་གང་ཡང་མ་ཡིན། གསལ་བོར་བཤད་ན་ངས་དོན་ངོ་མར་བྲི་འདོད་པ་གང་འདྲ་ཞིག་ཡིན་པ་ང་རང་གིས་ཀྱང་ཤེས་ཐབས་བྲལ། ཡིན་ནའང་ཡིན་མིན་དང་ཡོད་མེད་ཀྱི་མཚམས་དེ་ནས་མིའི་སེམས་ལ་ཟུག་རྔུ་སློང་བྱེད་དེ་ངས་འཚོལ་གྱིན་པ་དེ་ཡིན་ལས་ཆེ། དཔེར་ན་སྙན་ངག་ལ་མཚོན་ན། ཤིན་ཏུ་ཁ་གསལ་བོར་བྱས་ན་སྣང་བརྙན་གཏན་ཁེལ་བར་གྱུར་ཏེ་ཀློག་མཁན་གྱི་འཆར་སྒོ་འགོག་པ་དང་། ཧ་ཅང་ཁ་དམ་པར་བྱས་ན་འཛིན་རེག་མེད་པར་སྟོང་བར་འགྱུར་བས་ཀློག་མཁན་གྱིས་འདོར་ཡང་སྲིད་དོ། །དེ་བས་ཀློག་མཁན་གྱིས་འདི་རེད་ཅེས་འཛིན་མི་ཐུབ་ནའང་འདོར་དཀའ་བ་དེ་ནི་བྲི་རིན་ཡོད་པ་ཞིག་རེད།
        གསར་རྩོམ་གྱི་འགྲུལ་བཞུད་རིང་མོར་ཞུགས་ཏེ་ལམ་ཕྱེད་ཅིག་ཏུ་སླེབས་དུས། མངོན་སུམ་འཚོ་བའི་ནང་གི་མི་མང་བོ་ཞིག་སྔར་ལས་རྒྱུས་མེད་པ་དང་། དངོས་ཤུགས་གང་རུང་ནས་ང་དང་འགྱེད་འགྲོ་བར་སྣང་ནའང་། སྒྲུང་ནང་དུ་རྟོག་པས་བཟོས་པའི་མི་དེ་དག་ང་དང་དཔུང་བ་མཉམ་བསྡེབས་ཀྱིས་དམིགས་ས་གཏན་འཁེལ་མེད་པའི་གནས་དེར་འགྲོ་བཞིན་པ་འདྲ་ལ། ཁོ་ཚོ་ནི་སྒྲིག་དང་འགྲོས་ཀྱིས་གྲུབ་པའི་གཟེབ་ནང་དུ་གསོན་མེད་པར་སྒྲ་དང་དོན་གྱིས་གྲུབ་པའི་ཡི་གེའི་ནང་གསོན་འདུག འདི་ནི་རྩོམ་རིག་གསར་རྩོམ་གྱི་ཟིལ་ཤུགས་རྫོགས་པའི་བྱིན་མཐུ་དཔག་ཏུ་མེད་པ་དེའི་ཆ་ཤས་གཅིག་རེད་ལ། ལྟོས་བཅས་ཀྱིས་ངེད་ཅག་གི་འཆར་སྒོ་ཉིད་དུས་དང་ཡུལ་གྱི་དྲ་རྒྱ་ལས་ཐར་བའི་དན་རྟགས་ཤིག་ཀྱང་རེད་སྙམ། དེ་བས་ང་རང་ལ་ང་རྒྱལ་སྐྱེ་བ་ཞིག་ནི། ང་རང་མི་ཅི་འདྲ་ཞིག་ཡིན་པ་དང་། ངས་དོན་དུ་ཅི་ཞིག་བསམ་བཞིན་པ་དེ་ང་དང་གྲིབ་མ་བཞིན་གཤིབ་རེས་བྱས་ཏེ་སྡོད་པའི་ཀུན་རྫོབ་ཀྱི་མི་དེ་དག་དང་བསྡུར་ན། སྒྲུང་ནང་གི་དོན་དམ་གྱི་མི་དག་གིས་གསལ་བོར་ཤོད་ནུས་སྙམ།
        སྒྲུང་འདིའི་ནང་གི་མི་སྣ་བསམ་གྲུབ་ནི་ཐོབ་ཐང་ངེས་མེད་དུ་འགྱུར་བཞིན་པའམ་འཆོར་བཞིན་པའི་སྐྱེ་བོ་ཞིག་ཡིན་མོད། འོན་ཀྱང་ཁོ་ལ་ངེས་པ་དོན་གྱིས་སུན་གཙེར་བཟོ་བྱེད་ནི་འགྱུར་ལྡོག་དེ་ཉིད་མ་ཡིན་པར་ཁོ་རང་ཉིད་ལས་གཞན་སུས་ཀྱང་མི་ཤེས་པའི“ཟ་འཕྲུག”དེ་ཡིན། དེང་རབས་ཀྱི་ལྷ་སྒྲུང་ལྟ་བུའི་དཔེ་འདིས་ངའི་མི་ཚེའི་དངོས་དོན་ཉིད་མཚོན་ནུས་ལ། ངའི་མཐོང་ལམ་གྱི་སྐྱེ་བོ་དག་གི་ལས་དབང་ཡང་བསྡུས་ཏེ་མཚོན་ཡོད་སྙམ། མཚན་ཉིད་རིག་པ་དག་གི་སྨྲ་ལྕེ་གཡར་ཏེ་བཤད་ན། ཕྱི་ཚུལ་ནས་བལྟས་ཚེ་སྐྱེ་བོ་ཕལ་མོ་ཆེ་ནི་རང་གིས་བྱས་པའི་ལས་མཐའ་དག་ལ་གདེང་ཚོད་ལྡན་པ་དང་། དེར་འཇུག་པར་སྤྲོ་སྣང་ལྡན་པ་ལྟར་སྣང་ཡང་། སོ་སོའི་སེམས་ཀྱི་གཏིང་དུ་ཉུག་ཚེ་གདེང་ཚོད་དེ་ཉམས་ཤིང་སྤྲོ་སྣང་དེ་ཞི་བར་གྱུར་ནས་སུས་ཀྱང་ཅི་བྱ་གཏོལ་བྲལ་དུ་རྨོངས་པའི་ཁུག་མ་རེ་ཉར་ཡོད་ཚོད་ཡིན། དེ་བས་མིའི་མི་ཚེར་འགྱུར་བ་གཏོང་བྱེད་གཙོ་བོ་ནི་ཁྱོད་རང་གི་འཆར་གཞིའི་རེའུ་མིག་ནང་གི་དམག་དང་རྟ། གླང་ཆེན་སོགས་མ་ཡིན་པར། ངེས་པ་མེད་པར་འབྱུང་བའི་དོན་རྣམས་ཡིན། ཡང་གཅིག་བཤད་ན་ངེས་པ་མེད་པའི་དོན་དེ་རྣམས་ངེས་པར་འབྱུང་སྲིད་པས་དེ་ནི་ལྷ་རྗེས་ཀྱང་མི་ཕན་པའི“ཟ་འཕྲུག”ཅིག་གི་དཔེ་རུ་བཞག་ན་མི་འོས་པ་གང་ཡང་མེད་སྙམ། དེ་བས་ཀློག་མཁན་རིག་ཡག་དག་གིས་མཁྱེན་སྲིད་དེ། བསམ་འགྲུབ་ཉིད་གློ་བུར་དུ་རི་མོ་པ་ནས་གླ་གཏོང་མོ་ཊ་གཏོང་མཁན་དུ་གྱུར་པ་དང་། དེ་ནས་རོལ་མོ་པར་གྱུར་པ་ནི“ཟ་འཕྲུག”དེ་བྱུང་བས་ཡིན་ལ།“ཟ་འཕྲུག”འབྱུང་ཐེངས་རེ་རེར་དོན་གཞན་ཇི་སྙེད་ཅིག་བྱུང་ཡོད་པ་ཁྱེད་ཅག་གིས་རིགས་པས་ཟིན་དགོས་ཡོད་དོ།།
        ཕྲན་གྱིས་བསམས་ན། དེང་འདིར་རང་རེའི་རྩོམ་སྟེགས་སུ་སྒྲུང་གཏམ་གསར་རྩོམ་གྱི་དོན་སྙིང་ནི་སྔོན་དུས་ས་སྐྱའི་གཙུག་ལག་ཁང་དུ་སྙན་དངགས«མེ་ལོང་མ»བསྒྱུར་བ་དང་དེའི་འཆད་ཉན་གྱི་སྲོལ་བཙུགས་པ་དང་འགྲན་རུང་བར་འདོད་ལ། སྒྲུང་གཏམ་གསར་རྩོམ་གྱི་ལས་དེ་ནི་གནའ་བོའི་བོད་སྐད་ལ་དེང་རབས་བརྡ་སྐད་ཀྱི་སྲོག་དབང་སྩོལ་བའི་ཐབས་རྨད་དུ་བྱུང་བ་ཞིག་ཏུ་གྱུར་འདུག་སྙམ། སྒྲུང་ཤོད་པ་ཡིན་ནའང་སྒྲུང་ཙམ་ཤོད་པ་མིན་པ་དང་། སྒྲོམ་གཞི་ཆ་ཚང་ཞིག་དགོས་ཀྱང་སྒྲོམ་གཞི་རྙིང་བ་ཁོ་ནར་ཚུད་མི་རུང་བ། བརྗོད་སྙིང་དང་བསམ་བློ་དགོས་ཀྱང་དེ་གཅིག་པུའི་ཕྱོགས་སུ་གཞོལ་མི་འོས་པ། སྐད་ཆའི་སྒྱུ་རྩལ་ལྡན་དགོས་ཀྱང་ཚིག་རྒྱན་གྱིས་ཐལ་ཆེ་བར་སྤུད་ན་མི་འཚམ་པ་སོགས་རྩ་བའི་ཆ་རྐྱེན་མང་བོ་ཡོད་རྐྱེན། སྒྲུང་གཏམ་མཁན་གྱི་སྨྱུ་གུས་ཚད་དང་རན་ལ་ཡི་གར་འོང་བ། མི་སེམས་འགུག་ཅིང་ཚོར་བ་སྒུལ་བའི་རྟོག་བཟོས་འཇིག་རྟེན་ཞིག་ཇུས་འགོད་བྱ་དགོས། དེ་ནི་སྔོན་གྱི་སྒྲུང་མཁན་དག་གི་ལས་ཀ་དང་བསྡུར་ན་ཧ་ཅང་རྙོག་འཛིང་ལྡན་ཞིང་དཀའ་ཚེགས་ཆེ་བ་ཞིག་རེད། གསལ་བོར་བཤད་ན་སྒྲུང་གཏམ་མཁན་གྱིས་ཇི་ལྟར་བརྩོན་པ་བསྐྱེད་དེ་རང་གི་སྨྱུག་འོག་གི་འཇིག་རྟེན་ཉིད་ཚགས་སུ་ཆུད་པར་བྱས་ན། ཀློག་མཁན་གྱི་ཚོར་བ་ནི་ཧ་ཅང་སྐྱིད་པ་དང་སྣང་བ་ཡན་པར་འགྱུར་བ་རེད། རྒྱུ་མཚན་དེ་ལ་དམིགས་ཏེ«ཟ་འཕྲུག»ནང་ཀློག་མཁན་སུན་པར་བྱེད་པའི་གཏམ་གྱི་ཕྲེང་བ་དང་བྱུང་རིམ་རིང་མོ་འགའ་ཞིག་ཚིག་ཕྲེང་གཅིག་གམ་གཉིས་ནང་བསྡུས་ཡོད་ལ། མི་སྣའི་ཁ་བརྡའང་ཉུང་ངུར་བསྟུངས་ཏེ་ངོས་གཙང་བ་དང་ཀློག་བདེ་བར་བྱས་ཡོད།
        འདིར་སྒྲུང་གཏམ«ཟ་འཕྲུག»བྲིས་ཚར་བའི་ངལ་གསོའི་གོ་སྐབས་དང་བསྟུན། ཀློག་མཁན་འགའ་ཞིག་གི་སེམས་ནང་གི་དོགས་པ་སྟེ། ཕྲན་གྱི་སྒྲུང་གཏམ་ཕལ་མོ་ཆེའི་ནང་གི་དུས་ཚོད་ནི་ཕྲེང་བར་སྦྲེལ་བ་ཞིག་མ་ཡིན་པ་དང་། བྱུང་རིམ་ཡང་འཕར་ལྡིང་ཆེ་བའི་ངང་ངོ་བོ་གཞན་དུ་འགྱུར་བ་སོགས་ལ་དགོས་པ་ཡོད་དམ་མེད་པའི་སྐོར་ཅུང་ཟད་གླེང་བར་འདོད།
        སྤྱིར་རང་རེའི་རྟོག་བཟོའི་ཐོན་ཁུངས་ནི་ཡུལ་གྲུ་གཞན་གང་ལས་ཀྱང་འབེལ་བོ་ཡོད་དེ། ཉི་ཧོང་གི་བོད་རྩོམ་ཞིབ་འཇུག་པ་པདྨ་ལྷ་མོ་ལགས་ཀྱིས་གསུངས་པ་ལྟར་ན། ད་ལྟ་འཛམ་གླིང་དུ་རིག་གནས་ནང་འདྲེ་སྲིན་ཆེས་མང་བའི་ཡུལ་གྲུ་དེ་ནི་བོད་ཡུལ་ཉིད་ཡིན་འདུག དེ་བཞིན་དེང་འདིར་དཔའ་བོའི་སྒྲུང་ངམ་སྙན་ངག་ཆེན་མོ་ཤོད་མཁན་གྱི་སྒྲུང་པ་ཉིད་དངོས་སུ་གསོན་ཡོད་པའི་ཡུལ་གྲུ་མཐའ་མ་དེའང་བོད་ཡུལ་ཡིན་ཚུལ་གཞན་གྱི་ངག་ལས་ཐོས། ད་དུང་། རང་རེ་ནི་མངོན་སུམ་རིགས་པའི་ཚད་མ་ལས་ཀྱང་མོ་འདེབས་པ་དང་། ལྷ་འབེབས་པ། རྩིས་བྱེད་པ། པྲ་འབེབས་པ། ལུང་བསྟན་ཞུ་བ། རྨི་ལྟས་ལ་དཔྱད་པ་སོགས་ལ་བརྟེན་ཏེ། དོན་གྱི་ལེགས་ཉེས་རྟོག་པར་བླ་ལྷག་ཏུ་གོམས་ཡོད་པས་འདི་དག་ཐམས་ཅད་སྒྲུང་གཏམ་གྱི་ས་བོན་དུ་བྱས་ཤིང་། གཞན་ཡིད་འགུག་པའི་སྤྲོས་རྗོད་ཀྱི་ཐབས་གསར་བ་རྙེད་ཚེ་གཞན་སུ་ལའང་མི་འདྲ་བའི་བོད་ཀྱི་རྩོམ་རིག་ཅེས་པ་ཞིག་སྔོན་མའི་ལ་ཏིང་མེ་གླིང་གི་རྩོམ་རིག་དང་འདྲ་བར་ཡུལ་གྲུ་གཞན་དུ་གྲགས་གཡེར་ཆེ་བར་འགྱུར་ངེས་སྙམ། དེ་ལས་ལྡོག་སྟེ་རང་གི་རིག་གནས་ཀྱི་ལེགས་ཆ་དམིགས་སུ་འདོན་མི་ནུས་པའི་ཁར། གཞན་གྱི་འགྲོ་ལུགས་ལ་ཁ་མིག་ཡར་ལྟ་བྱེད་པའི་སྤོབས་པ་ཞུམ་པར་གྱུར་ཚེ། སྤྱིར་བཏང་གི་ཚིག་ཚོགས་ཤིག་གིས་དེབ་དང་ཚགས་ཤོག  དྲ་རྒྱ་སོགས་བཀང་བ་ཙམ་དུ་ཟད་དོ།།
        དེ་བས་སྨྱུ་གུ་ཤོག་ངོར་བཙུགས་པའམ་རྩིས་འཁོར་གྱི་འཐེབ་གཞུང་བསྒུལ་བ་ནས་རྩོམ་མཁན་གང་དེས་ཀློག་མཁན་ལ་བསླུ་བྲིད་གཏོང་མགོ་བརྩམས་པ་ཡིན་ཞིང་། རྟོག་པའི་ཀློང་ནས་ངོ་མཚར་བའི་འཇིག་རྟེན་ཞིག་བཞེང་མགོ་བརྩམས་པའང་ཡིན། འོན་ཀྱང་དམིགས་ཡུལ་དེ་འདྲ་འགྲུབ་དགོས་ཚེ། ཀློག་མཁན་དག་ལ་སྔར་ནས་གོམས་པའི་ལྟད་མོ་རྙིང་བ་དག་བསྐྱར་དུ་སྟོན་པའམ། ཁྱོད་རང་ཉིད་ལའང་སྤྲོ་བ་མེད་པའི་གཏམ་རྒྱུད་ཕལ་བ་དག་ཨུ་ཚུགས་ཀྱིས་ཤོད་པར་བརྩམས་པ་ཡིན་ན། དེ་ནི་རང་གཞན་གཉིས་ཀྱི་མགོ་བོ་གཡོག་པའི་སྦྱོར་བ་ཐ་ཤལ་བ་ཞིག་ལས་གཞན་ཅི་ཡང་མིན་ཏེ། “ཉི་མ་ཤར་རྗེས་ཚེ་རིང་ཡར་ལངས། དེ་ནས་གདོང་བཀྲུས། དེ་ནས་གྱོན་པ་གོན། ལས་ཀར་སོང་། ལས་གྲོགས་ཤིག་དང་ཕྲད། ཉིན་གུང་ཕྱིར་ལོག ཟས་གཡོས། དེ་ནས་སླར་ཡང་ལས་ཀར་སོང་། དགོང་མོ་གྲོགས་པོ་ཞིག་དང་ཕྲད”ལྟ་བུར་བྲིས་ཚེ། ཁྱོད་ནི་སྨྱུག་འོག་ན་ཐ་སྙད་དང་བརྗོད་པས་དབུལ་བའི་མི་ཞིག་ཡིན་པ་དང་། ཁྱོད་ཀྱིས་བྲིས་པ་དེ་ནི་རྩོམ་རིག་བརྩམས་ཆོས་མ་ཡིན་པར་ཚིག་གྲུབ་བཟོས་པ་ཡིན་པའི་ཚོར་བ་སྟེར་སྲིད། དེ་ལས་ལྡོག་སྟེ།“སྔ་དྲོའི་ཆུ་ཚོད་བཅུ་པར་ཡར་ལངས་ཏེ་སྒེའུ་ཡོལ་ཕྱེ་ནས་ཕྱི་རོལ་ལ་བལྟས་པས་ཉི་མ་ཤར་བའི་འོད་རབ་རིབ་ཏུ་མཐོང་ནའང་ཚེ་རིང་གིས་ཁྱིམ་གྱི་གློག་བཀར་དགོས་བྱུང་། ཁོས་གདོང་བཀྲུ་བར་འདོད་དེ་ཁྲུས་ཁང་དུ་སོང་བ་ན་འགྲམ་པ་གཡས་པར་ཟུག་གཟེར་ཅུང་ཙམ་ལང་གིན་ཡོད་ལ་མེ་ལོང་དུ་བལྟས་པས་ད་དུང་སྐྲངས་འདུག་པ་དང་ལག་རྗེས་དེའང་རི་མོ་བྲིས་པ་བཞིན་འདུག”ལྟ་བུར་བྲིས་ན་དེ་ལ་ད་གཟོད་གསར་རྩོམ་བྱས་པའི་མདངས་ཙམ་ཡོད་པ་རེད། སྒྲུང་གི་དབུ་རྩོམ་པའི་ཚིག་འདིས་དོན་གྱི་བྱུང་བ་གང་ཞིག་ཇི་བཞིན་དུ་བརྗོད་མེད་ནའང་། དེས་ཀློག་མཁན་གྱི་སྒྲུང་དེ་མུ་མཐུད་ཀློག་འདོད་པའི་སྲེད་པ་བསླང་ངེས་ཡིན་ཏེ། གཅིག་ནས་ཚེ་རིང་ཉིད་འཕྱིས་པོར་ཡར་ལངས་ཏེ་སྒེའུ་ཡོལ་ཕྱེ་ནའང་ཁྱིམ་གྱི་གློག་བཀར་དགོས་བྱུང་བའི་རྒྱུ་མཚན་བཤད་མེད་ལ། ཚེ་རིང་གི་འགྲམ་པ་གཡས་པར་མི་ཞིག་གིས་འགྲམ་ལྕག་གཞུས་ཡོད་མོད། དེ་ལས་གཞན་པའི་རྒྱུ་མཚན་གང་ཡང་བཤད་མེད། ཚིག་ཕྲེང་དེ་ནི་དོན་དམིགས་བསལ་བ་ངོ་སྤྲོད་པར་ཆེད་དུ་བཟོས་པ་དང་འདྲ་ཞིང་། དེའི་ནང་བཤད་ཟིན་པ་དང་བཤད་རྒྱུར་ལུས་པ་སྟེ་དོན་གཅིག་གི་གསལ་བ་དང་མི་གསལ་བའི་ཆ་གཉིས་ཀ་བྲིས་ཟིན་པས་དེས་ཀློག་མཁན་ལ་སུན་སྣང་མི་སྟེར་ཞིང་། བཤད་རྒྱུར་ལུས་པ་དེ་གབ་ཚིག་བཞིན་སྦས་པས་འགུག་ཤུགས་ཆེན་པོ་ཡོད་པ་རེད། དེ་འདྲའི་འགུག་ཤུགས་ཀྱིས་སྒྲུང་གཏམ་ཧྲིལ་བོའི་མགོ་མཇུག་བར་གསུམ་ཁྱབ་ཅིང་སྒྲུང་བཀླགས་ཚར་ཏེ་དེབ་ཀྱི་ཁ་བསུམས་ནའང་སེམས་ནང་དུ་ད་དུང་དྲི་རྟགས་ཀྱི་ཨ་ལོང་མུ་ཁྱུད་དུ་སྦྲེལ་བ་དང་། སླར་ཡང་ཐེངས་གཅིག་མ་བཀླགས་ན་སྡོད་མི་ཚུགས་པར་འགྱུར་དུས་སྒྲུང་གཏམ་དེའི་བྱེད་ནུས་ནི་ངོ་མཚར་བ་ཞིག་ཏུ་གྱུར་ཚར་བ་རེད་ལ། ཟིལ་ཤུགས་རྫོགས་པའི་གཏམ་གྱི་ཕྲེང་བས་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག་ཀྱང་བཞེངས་གྲུབ་པ་རེད། འཇིག་རྟེན་དེ་ནི་རང་ཅག་གི་མངོན་སུམ་གྱི་འཇིག་རྟེན་ནམ་སྣང་བའི་འཇིག་རྟེན་དང་མི་འདྲ་བར་དུས་དང་ཡུལ་ལས་འདས་པ་དང་། འོད་དང་གྲིབ་མ་མཉམ་འདྲེས་སུ་ཡོད་པ་ཞིག་སྟེ། འོད་ནང་དུ་དོན་གང་ཞིག་གི་བྱུང་བ་དང་ཕྱི་ཚུལ་གྱི་གསལ་ཆ་ཆེ་བའི་ངོས་རྣམས་བརྗོད་ཅིང་། གྲིབ་མའི་ནང་དུ་དེ་ལས་འཕྲོས་པའི་དོན་ཟབ་མོ་དང་ཕྱིར་རྟོག་བྱེད་རིན་ལྡན་པའི་ངོས་རྣམས་བསྐུངས་ཡོད་པ་རེད།
        “Kསླེབ་དུས་དགོང་ཁ་ཡོལ་ཏེ་འཕྱིས་པོ་ཆགས་འདུག གྲོང་ཚོ་ནི་ཁ་བ་མཐུག་པོའི་ནང་དུ་ལྷུང་། ན་བུན་དང་མུན་པས་གཡོགས་པས་མཁར་རྫོང་གི་རི་ཆུང་ངུ་དེ་མི་སྣང་བར་མ་ཟད། མཁར་རྫོང་ཆེན་པོའི་རྣམ་པ་གསལ་བྱེད་དུ་གློག་འོད་ཆལ་ཆིལ་འཕྲོ་བའང་མེད། Kནི་རྒྱ་ལམ་ནས་གྲོང་ཚོར་ཁ་ཕྱོགས་པའི་ཤིང་ཟམ་གྱི་སྟེང་ནས་ཡུན་རིང་བར་འགྲེང་བ་དང་། སྟོང་ལྷང་ངེར་སྣང་བའི་གནས་དེར་ཧུར་རེར་བལྟས་ནས་བསྡད།”
        ཁཱ་ཧྥུ་ཁ་མཆོག་གི་སྒྲུང་གཏམ«མཁར་རྫོང»གི་དབུ་སློང་བྱེད་ཀྱི་ཚན་པ་འདིས་ནི་བག་ཆགས་རིང་ལུགས་ཀྱི་རི་མོ་ཞིག་དང་འདྲ་བར་ཕྲན་གྱི་སེམས་ལ་གཏན་དུ་འཇགས་པའི་སྣང་བརྙན་ཞིག་གྲུབ་པར་བྱས་ཤིང་། སྣང་བརྙན་དེར་ཆེད་དུ་མཚན་ཉིད་རིག་པའི་དེབ་རྒན་མ་བཀླགས་ཀྱང་མིའི་རིགས་སྤྱི་དང་སོ་སོར་སྐྱེས་པ་དག་གི་ལས་དབང་བཟློག་ཏུ་མེད་པ་ཞིག་ཤུགས་སུ་གོ་བར་བྱེད་པའི་སྟོབས་དྲག་པོ་ཞིག་ཡོད་འདུག མཁར་རྫོང་ནིKཡི་མཐོང་ལམ་དུ་ཡོད་ནའངKནི་དེའི་ནང་འགྲོ་མི་ཐུབ་ལ། ཇི་ལྟར་དེའི་ཕྱོགས་སུ་བསྙེགས་པས་དེ་ཉིད་བཀྱེད་དེ་འགྲོ་བའི་ཚུལ་ནི་སྨིག་རྒྱུ་དང་རི་དྭགས་ཀྱི་འབྲེལ་བ་ལྟར་ཡོད་པས། དེས་དང་པོ་དཀའ་བ་སྣ་ཚོགས་སྤྱད་པ་དང་། དེ་ནས་རྐྱེན་ངན་བར་ཆད་ལ་ཕྲད་པ། མཐར་རྐྱེན་ངན་ཐམས་ཅད་བཟློག་སྟེ་རྣམ་པར་རྒྱལ་འགྱུར་གྱི་རང་རེར་གོམས་ཤིང་ལོབས་པའི་སྒྲུང་གི་བྱུང་བའི་རྩིས་ཕྲེང་དེ་ཉིད་རྩ་བ་ནས་བཤིགས་ཡོད།
        དེ་ལྟ་བུའི་སྒྲུང་གཏམ་གྱི་སྒྲིག་གཞི་ནི་སྐུད་པ་རིང་བོ་ཞིག་མ་ཡིན་པར་ཨ་ལོང་སྒོར་སྒོར་ཞིག་ཡིན་ཞིང་། ཨ་ལོང་དེའི་ནང་ཧམ་ལེ་ཀྲིའི“སྟར་ལྤགས”དང་འདྲ་བར“མནར་མེད་ནས་སྲིད་རྩེའི”བར་གྱི་དོན་ཚང་མ་ཤོང་སྲིད་པར་མ་ཟད། ཤིན་ཏུ་ལྐོག་གྱུར་བའི་དོན་འགའ་ཞིག་གི་ཆེད་དུ་ཇི་ལྟར་འབད་པ་བྱས་ཀྱང་ངལ་བ་འབྲས་མེད་རང་ཡིན་པའི་གནས་ལུགས་ངོ་སྤྲད་ངེས།  དེ་བཞིན་དུ་ངེད་ཅག་གི་མཐོང་ལམ་དུ་ཡོད་པའི“མངོན་སུམ”ཡང་ཕྱི་ཚུལ་གྱི་རྣམ་པ་ཇི་བཞིན་དུ་མཚོན་ནུས་པ་ཞིག་མ་ཡིན་ཏེ། ཕར་བལྟས་ན། མི་དང་མིའི་འབྲེལ་བ་ནི་ནོར་གཏོང་ལེན་དང་། ཕན་ཚུན་ལ་རོགས་པ་བྱེད་རེས། ཡང་ན་མཛའ་བརྩེས་བསྐུལ་ཏེ་ཕན་ཚུན་འདྲིས་པ་དང་འཁོན་པས་བཀྱེད་པ་ལྟ་བུ་ཞིག་ཡིན་ནའང་། དེའི་རྒྱབ་རོལ་དུ་མི་གཤིས་ཟེར་བའི“ཕན་དྷོ་རའི་སྒམ་ཆུང”དེ་ཡོད་ཅིང་། དེའི་ཁ་ཕྱེ་བས་འགའ་ཞིག་གློ་བུར་སྨྱོན་པར་འགྱུར་བ་དང་། འགའ་ཞིག་ལ་རང་ཉིད་ཆེན་པོ་ཡིན་པའི་འཁྲུལ་སྣང་འབྱུང་བ། འགའ་ཞིག་སྐབས་ཤིག་གི་སྡུག་བསྔལ་དང་འཐབ་དཀའ་སྟེ་ལྕེབས་པ་སོགས་དོན་ཇི་སྙེད་འབྱུང་བ་རེད། གྲོག་ཚང་ཁ་ཕྱེ་བ་ལྟ་བུའི་གྲོང་ནང་གི་མིའི་འབྲེལ་བ་ནི་དངོས་གནས“བཤིག་མི་ཤེས་པའི་མདུད་པ”དེ་ཡིན་ལ། ལུས་པོ་གཤིབ་རེས་བྱས་ཏེ་བསྡད་པའི་སྐྱེ་བོ་གཉིས་ནི་གཅུགས་གྲོགས་དཔེ་མེད་ཡིན་པའི་ངེས་པ་མེད་ལ། ཚེ་གཅིག་ཡུལ་གྱིས་བསྐལ་པའི་མི་གཉིས་ཀྱི་བར་དུ་མི་ཕྱེད་བརྩེ་བ་མི་ཆགས་པའི་ངེས་པའང་མེད་དོ།།
        དུས་རབས་ཉེར་གཅིག་པའི་བཅུ་ལོ་མགོ་མ་དག་ནས་བཟུང་། སྤྱི་འབྲེལ་དྲ་བ་དང་། རྫུས་བཟོས་མངོན་སུམ། མིའི་ཐབས་ཀྱི་རིག་སྟོབས་སོགས་ཀྱིས་སྔར་ནས“ཕར་བལྟས་གཡང་དཀར་ཁྱུ་གཅིག་དང་། ནང་བལྟས་མ་མོ་ལུག་ཁྲིད”ཡིན་པའི་མིའི་སྤྱི་ཚོགས་ཀྱི་ངོ་བོ་ནི་ཧ་ཅང་རྙོག་འཛིང་ལྡན་པ་དང་ཤེས་ཐབས་བྲལ་བ་ཞིག་ཏུ་སྒྱུར་བཞིན་པས་ན། བཅུ་ལོ་བར་མ་དག་དང་རྗེས་མ་དག་གི་སྐབས་སུ་རྒས་པ་བཀག་སྟེ་ཚེ་རིང་བར་བྱེད་པ་དང་། གོ་ལའི་བར་དུ་འགྲུལ་བཞུད་བྱེད་པ། ཕྱི་སྐར་གྱི་སེམས་ཅན་དང་འཕྲད་པ། མིའི་སེམས་དོན་པར་སློག་རྒྱག་ནུས་པའི་འཕྲུལ་ཆས་འབྱུང་བ། ཀླད་པའི་ནུས་པ་སྟོབས་ལྡན་དུ་སྒྱུར་བ་སོགས་ཀྱང་མངོན་དུ་མི་འགྱུར་བའི་ངེས་པ་མེད་པས། སྐབས་དེ་འདྲ་ཞིག་ཏུ་སྔར་ཡོད་ཀྱི་ཀུན་སྤྱོད་དང་རིན་ཐང་ལྟ་ཚུལ་འགའ་ཞིག་བེད་མེད་དུ་འགྱུར་བར་མ་ཟད། ཆོས་ལུགས་དང་མཚན་ཉིད་རིག་པ། ཚན་རིག་གི་ལྟ་ཚུལ་རྙིང་བ་མང་བོ་ཞིག་ཀྱང་ཚུགས་ཐུབ་མིན་བཤད་ཁག་པོ་ཡིན་ངེས།
        དེང་འདིར་འབྱུང་བཞིན་པ་དང་མ་འོངས་པར་འབྱུང་སྲིད་པའི་གནས་ཚུལ་དེ་འདྲའི་འོག་ཏུ། རྩོམ་རིག་བརྩམས་ཆོས་ཀྱི་བརྡ་སྤྲོད་སྟངས་དང་མཚོན་སྟངས་སམ་རྣམ་པ་ཉིད་ཀྱང་མངོན་སུམ་གྱི་འགྱུར་བ་དེ་དང་བསྟུན་ནས་འགྱུར་དགོས་པ་ལས། ཨུ་ཚུགས་མཁྲེགས་བཟུང་གིས་སྔར་གྱི་ཁུག་མའི་ནང་དུ་དེང་གི“གཟུགས་འགྱུར་བའི”སེམས་ཅན་དག་ཤོང་ཐབས་བྱེད་པ་ནི་ཇི་ལྟར་བསམ་ཡང་འོས་པ་མིན་ནོ།།
        དེ་བས་ཕྲན་ལ་མཚོན་ན«ཚེ་རིང་དོན་གྲུབ»ནས«དུས་ཆད»དང་། «མེ་འཁྱག་པ»ནས«གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད»བར་གྱི་སྒྲུང་གཏམ་ཐམས་ཅད་ནང་བརྗོད་བྱ་འགའ་ཞིག་བསྐྱར་དུ་བཟླས་ཏེ་སྒྲུང་ཀ་པའི་ནང་གི་མི་སྣ་ནི་སྒྲུང་ཁ་པའི་ནང་དུ་སླེབས་པའང་ཡོད་མོད། འོན་ཀྱང་འབྲི་ཐབས་ཀྱི་ཕྱོགས་ནས་གཅིག་པ་གཅིག་རྐྱང་ཡིན་པ་དང་སྔོན་མའི་སྒྲོམ་གཞིའི་ནང་དུ་རྗེས་མས་རྐང་པ་བཞག་པ་ནི་མེད་སྙམ། སྒྲུང་གཏམ་འབྲི་བ་ནི་དོན་གྱི་བྱུང་བའི་སྐུད་པ་འཁེལ་བ་ཙམ་མ་ཡིན་པར་དཀྱིལ་འཁོར་བཞེངས་པ་དང་། མིག་མངས་རྩེ་བ། ཆུ་ཚོད་འཁོར་ལོ་བཟོ་བ་དང་འདྲ་ལ། མིག་འཕྲུལ་སྟོན་པ་དང་། སྤྲུལ་བ་འགྱེད་པ་དང་ཡང་མཚུངས། རྟོག་བཟོས་འཇིག་རྟེན་དེ་འདྲ་ནི་མངོན་སུམ་འཚོ་བའི་ནང་གི་བཀག་རྒྱ་ཐམས་ཅད་སེལ་བར་བྱས་ཏེ་ཀློག་མཁན་གྱི་འཆར་སྒོ་ཡངས་པོར་འབྱེད་པར་ཕན་པས། ཀློག་པ་པོའི་སེམས་ནང་སྒྲུང་ཞིག་གི་བྱུང་རིམ་ཆ་ཚང་ལྡུག་པ་མ་ཡིན་པར་ཀློག་མཁན་དང་མཉམ་དུ་སྲིད་པ་མཉམ་གཤིབ་མ(平行宇宙)ཞིག་གསར་བཟོ་བྱ་བའི་ལས་དེར་ཕྲན་ནི་ཡང་ཡང་འཇུག་པར་འདོད་དོ།།
        ཕྲན་གྱིས་དུས་རྟག་པར་འདི་སྙམ་དུ་སེམས་ཏེ། ཀློག་མཁན་ཕལ་མོ་ཆེར་མཚོན་ན། སྒྲུང་གཏམ་ཀློག་པ་ནི་མངོན་སུམ་འཚོ་བའི་འགྲོ་འདུག་ཉལ་འཆག་གི་སྣང་བ་ཆིག་རྐྱང་པ་དག་ལས་ཆེས་ཆེར་འཕགས་པའི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ངོས་ཤིག་རོ་མྱོང་བྱ་འདོད་པ་དེ་ཡིན་ན། རྩོམ་པ་པོས་ཀློག་མཁན་མ་གཞི་ནས་སུན་པར་བྱེད་པའི་དོན་རྣམས་ལས་སླ་མོས་བསྐྱར་ཟློས་བྱས་ཐོག ཁོང་ཚོའི་མདུན་དུ་བཀྲམ་ན་སྒྲུང་གཏམ་ཀློག་པའི་སྤྲོ་སྣང་ཉིད་སྐད་ཅིག་ཏུ་ཉམས་ཏེ་ཕན་ཐོགས་གང་ཡང་མེད་པར་འགྱུར་སྲིད། དེའི་ཕྱིར་རྩོམ་རིག་གི་བྱེད་ནུས་ཀྱི་ཆ་ནས་བལྟས་ནའང་། ཀློག་མཁན་གྱི་འཆར་སྒོ་ཉིད་མངོན་སུམ་འཚོ་བའི་ཡུལ་དུས་ཆུང་ངུ་ལས་ཐར་བར་བྱས་ཏེ་ཁོང་ཚོ་ཐོགས་རེག་མེད་པའི་སྒྲུང་གི་འགྲུལ་བཞུད་དེར་གཞུག་པ་ནི་ཧ་ཅང་གལ་ཆེ་བར་སྙམ་མོ།།
        མཐར། མཇུག་བྱང་ཙམ་པོ་འདིའི་མཇུག་སྡུད་བྱེད་ལ། འུད་ཆེན་པོས་འདི་ལྟར་སྨྲ་ཆོག་པར་ཞུ།
        ང་རང་ལ་མཚོན་ན་སྐྱིད་དུས་སྐྱིད་ཐོག་སྐྱིད་བཞག་ལ་ཁ་མཚར་ཀུ་རེ་དང་། གསོལ་སྟོན། གློག་བརྙན། འདོད་བརྩེ། ཁོ་ཧྥེ། ཆང་རག་སོགས་ཀྱིས་ཕན་ཡང་། ཅི་བྱ་གཏོལ་མེད་དུ་སྡུག་གི་མུན་པའི་ནང་ལྷུང་སྟེ་གཏད་སོ་གང་ཡང་མེད་པ་ལྟ་བུར་འགྱུར་དུས། རྩོམ་རིག་མ་གཏོགས་རེ་ས་གཞན་གཅིག་ཀྱང་མི་འདུག གཞན་དག་ནི་ཟ་སར་འཕྲུག་བྱེད་དང་ཕྱི་མ་ནི་རྨ་ཁ་གསོ་བྱེད་རེད། དོན་སྙིང་གཞན་ཞིག་གི་ངོས་ནས་བལྟས་ན། རྩོམ་རིག་ནི་ངའི་ཆོས་ལུགས་ཀྱང་རེད།
2021ལོའི་ཟླ11པའི་ཚེས8ཉིན།
 
སྐྱབས་ཆེན། སྨྱུག་མིང་ལ་སྐྱབས་ཆེན་བདེ་གྲོལ་དུ་འབོད། 1977ལོར་མདོ་སྨད་ཁྲོ་ཁོའི་འབྲོག་སྡེ་ཆུ་ཁ་མའི་སྐོ་ཆེན་སྡེ་བར་སྐྱེས། གཙོས་དང་ཟི་ལིང་སོགས་སུ་དགེ་རྒན་ཆེད་ལས་དང་དབྱིན་སྐད་ཀྱི་སློབ་གྲྭ་འགྲིམས། “མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”འཛུགས་མཁན་གྱི་གྲས་དང་གཙོ་སྒྲིག་པ་ཡིན། བརྩམས་ཆོས་སུ1998ལོར་སྙན་དེབ«མི་ཁོམ་པའི་གནས་དང་དེའི་བདག་པོ»དང་། 2008ལོར་སྒྲུང་གཏམ་དེབ«གླུ་སྐད་སྐྱ་བོ» 2011ལོར་འགྱུར་དེབ«དཔའ་བའི་གདེང་དང་ལྡན་པའི་ལང་ཚོ» 2012ལོར་སྙན་དེབ«མི་རྟག་པ» 2018ལོར་ལྷུག་རྩོམ་དེབ«འཚོ་བའི་ཟིན་བྲིས» 2019ལོར་སྙན་དེབ«བར་སྐོར་གྱི་ཆང་ཁང»དང་། སྒྲུང་རིང«གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད» གཙོ་སྒྲིག་བྱས་པའི་དུས་དེབ«འཛམ་གླིང་རྩོམ་རིག»(དེབ་དང་པོ) 2020ལོར«འཛམ་གླིང་རྩོམ་རིག»(དེབ་གཉིས་པ)བཅས་པར་སྐྲུན་དང་འགྲེམས་སྤེལ་བྱས། ད་ལྟའི་བར་རྩོམ་རིག་བརྩམས་ཆོས་སྣ་ཚོགས་ཉིས་སྟོང་ལྷག་བྲིས་པའི་ནང་ལྔ་བརྒྱ་ཡས་མས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་དུ་བཀོད།
 
        ངས་དུས་རྒྱུན་རང་ལ“གཞན་གྱི་བཀའ་དྲིན་རྟག་ཏུ་དྲན་པར་གྱིས”ཞེས་གསལ་འདེབས་གཏོང་བཞིན་ཡོད། སྐབས་རེར། ང་ཚོས་རི་མོ་ཆུང་ཆུང་ཞིག་ལས་ཀྱང་གཞན་གྱི་བཀའ་དྲིན་དྲན་པའི་དུས་ཡོད།
        དེས་ན། ཐོག་མར་རི་མོ་ཞིག་གླེང་བར་བྱ། ཉིན་འགའི་ཡར་སྔོན་གྱི་ངལ་གསོའི་བར་གླགས་ཤིག་ཏུ། ང་ཀརྨ་རྡོ་རྗེ་ཚེ་རིང་གི་གཞུང་སྒྲུབ་ཁང་དུ་སོང་བ་ན། ཁོས་ང་སླེབས་པ་མཐོང་མ་ཐག ཁོའི་གདོང་ལ་འཛུམ་ཞིག་རྒྱས་ནས་ང་བསུས་བྱུང་། ཉིན་དེར། ཁོར་སྣང་བ་སྐྱིད་པོས་ཁེངས་འདུག་སྟེ། ངེད་གཉིས་ཀྱིས་ཁ་བརྡ་ཅུང་ཙམ་བྱས་རྗེས། ཁོས་ང་ལ་ཁོ་གཞོན་དུས་སུ་བྲིས་པའི་རི་མོའི་བརྩམས་ཆོས་མང་བོ་བསྟན་བྱུང་། ངས་རི་མོ་དེ་དག་ལ་ལྟ་བཞིན“ཨ་ཨ། དངོས་གནས་ཡག་པོ་འདུག”ཅེས་བསྟོད་བསྔགས་བརྗོད་པ་ཙམ་ལས། རི་མོ་དེ་དག་གི་བསྟན་དོན་རྟོགས་མ་ཐུབ། དེའི་དུས་སྙིང་གི་གཟུགས་སུ་བྲིས་ཤིང་། དཀྱིལ་དབུས་སུ“བོད”ཅེས་པའི་ཡིག་འབྲུ་གཅིག་བྲིས་པའི་རི་མོ་ཆུང་ཆུང་ཞིག་ངའི་མཐོང་ལམ་དུ་མངོན་འོངས། རི་མོ་དེ་མཐོང་བའི་མོད་ལ། ངའི་ཡིད་ཀྱི་དང་བའང་ཅིག་ཅར་དུ་དྲངས་སོང་བས། ངས“རི་མོ་འདི་ང་ལ་སྦྱིན་ཆོག་གམ”ཞེས་བརྗོད་པ་ཡིན།
        ཀརྨ་རྡོ་རྗེ་ཚེ་རིང་གིས་ང་ལ་ལན་གཅིག་བལྟས་ཤིང་། ཡང་རི་མོ་དེར་ལན་གཅིག་བལྟས་རྗེས། “རི་མོ་འདི་ཆུང་དྲགས་འདུག ངས་ཁྱོད་ལ་ཆེ་ཞིག་འབྲི”ཟེར། ཁོས་དེ་ལྟར་ཟེར་བཞིན་གཞུང་སྒྲུབ་ཁང་གི་ཅོག་ཙེའི་འཐེན་གཞུང་དུ་ཤོག་བུ་དཀར་གཙང་གྲུ་བཞི་ཁ་གང་ཞིག་བླངས་ཏེ། སྣུམ་སྨྱུག་ནག་པོ་ཞིག་གིས་རི་མོ་འབྲི་མགོ་བརྩམས་བྱུང་། ཁོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་རི་མོ་འབྲི་བཞིན་ཡོད་པས། ངས་ཁོར་བར་ཆད་བཟོས་འགྲོར་སྙམ་སྟེ་ཁ་རོག་གེར་སྒོའི་ཕྱི་རོལ་ཏུ་ཕྱིན་པ་ཡིན། ཅུང་ཙམ་འགོར་རྗེས། ཁོས་ང་ལ་སྐད་འཕྲིན་ནས“ཁྱོད་ཕྱིར་ཡོང་ནས་རི་མོ་འདི་ཇི་ལྟར་འབྲི་བར་བལྟ་ཆོག”ཅེས་སྨྲས་བྱུང་། ང་དེ་མ་ཐག་ཁ་ཕྱིར་འཁོར་ནས་ཁོའི་གཞུང་སྒྲུབ་ཁང་དུ་ཕྱིན་པ་ན། ཁོས་ང་ལ་སྨྱུག་ཁ་ཇི་ལྟར་སྐོར་ཚུལ་དང་། སྨྱུག་སྣེ་གང་ལ་མཐུད་སྟངས་སོགས་སྐད་སྒྲ་དམའ་མོས་བརྗོད་པ་ན། ངས་ཞིབ་ཆ་གཅིག་ཀྱང་སྣང་མེད་དུ་འཇོག་མི་འདོད་པས། རྣམ་ཤེས་མ་གཡེངས་པར་མིག་ཟུང་ཅེར་ནས་བལྟས་པ་ཡིན།
        དུས་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ནས་རི་མོ་དེ་ལེགས་འགྲུབ་བྱུང་སོང་། ཁོས་རི་མོའི་གཤམ་ལ་ཁོ་རང་གི་མིང་ཡིག་དང་ཟླ་ཚེས་བྲིས་རྗེས། རི་མོ་དེ་ངའི་ལག་ཏུ་སྤྲད་བྱུང་།
        རི་མོ་དེའི་ཁ་བྱང་ལ“དྲིན་གཟོ”ཟེར་བ་དང་། ངའི་ཡིད་ལའང་ཕྲན་གྱི་སྒྲུང་འབྲིང«རི་མོའི་ནང་གི་ཨ་ཕ»དྲན་བྱུང་། ཀརྨ་རྡོ་རྗེ་ཚེ་རིང་གིས“དྲིན་གཟོ”ཞེས་པའི་རི་མོ་དེ་ངའི་ལག་ཏུ་སྤྲོད་དུས། ངས«རི་མོའི་ནང་གི་ཨ་ཕ»ཞེས་པའི་སྒྲུང་འབྲིང་འདི་སྔ་མོ་ནས་བྲིས་ཚར་ཡོད། སྤྱིར་སྒྲུང་གཏམ་ནང་གི་སྒྱུ་རྩལ་པ་དང་སྣུམ་ཚོན་རི་མོ་དེ་ཁོ་བོའི་རྟོག་བཏགས་ཀྱི་བློས་བསླངས་ཤིག་ཡིན་མོད། ཀརྨ་རྡོ་རྗེ་ཚེ་རིང་གིས་ང་ལ་རི་མོ་ཆུང་ཆུང་དེ་སྤྲོད་ཚུལ་དང་། སྒྲུང་གཏམ་ནང་གི་སྒྱུ་རྩལ་པས་སྣུམ་ཚོན་རི་མོ་དེ་ང་ལ་བྱིན་ཚུལ་གཉིས་ནི་ཅི་འདྲའི་མཚུངས་ཨང་། རྩོམ་རིག་གི་བློས་བསླངས་ཤིག་དངོས་ཡོད་འཚོ་བ་རུ་འདི་ལྟར་མངོན་སུམ་དུ་བྱུང་བ་ལ་ང་ཅུང་ཡ་མཚན་སྐྱེས་སོང་།
        ཀརྨ་རྡོ་རྗེ་ཚེ་རིང་ནི་དཔེ་སྐྲུན་ལས་རིགས་སྟེང་གི་རྒན་རབས་པ་ཞིག་ཡིན་པ་དང་། དཔེ་དེབ་ཇུས་འགོད་ཕུལ་བྱུང་བ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་དུ་གདེང་འཇོག་དང་གཟིགས་བཟོས་མང་བོ་ཐོབ་མྱོང་བའི་སྒྱུ་རྩལ་པ་ཞིག་ཀྱང་ཡིན། ང་ཐོག་མར་ལས་ཞུགས་ཀྱི་དུས་དེར། ཁོས་ང་ལ་དཔེ་དེབ་རྩོམ་སྒྲིག་དང་ཇུས་འགོད་ཀྱི་ཐད་གསེར་ལས་དཀོན་པའི་མཛུབ་སྟོན་གང་མང་གནང་བར་མ་ཟད། ད་དུང“ང་ཡང་ཕོ་ལོ་བཅོ་བརྒྱད་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཡོང་བ་ཡིན་པས། ཁྱོད་རང་མཐོང་དུས་ངས་གཞོན་དུས་ཀྱི་རང་ཉིད་དྲན་འོངས། པེ་ཅིན་དུ་དཀའ་ཁག་མང་བོར་འཕྲད་ངེས་རེད། ཡིན་ནའང་། རང་ལོ་ཉི་ཤུའི་དུས་ཀྱི་ཉི་མ་སྟོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་པ་བྱོས། གཞན་གྱི་གཡམ་ལ་མི་བརྒྱུག་པར་རང་ཚུགས་བརྟན་པོར་སྲུངས། རང་གི་དགའ་ཕྱོགས་དང་ཕུགས་བསམ་གྱི་ཆེད་དུ་དོན་དག་ལ་ལ་ཞིག་ངེས་པར་བློས་གཏང་དགོས། གཞན་ད་དུང་ལུས་ཕུང་སྦྱོང་བརྡར་ཡང་ཧ་ཅང་གཙོ་ཆེ་བས། རྒྱུན་འཁྱོངས་ལེགས་པོ་བྱོས”ཞེས་ཁ་བསྒོ་གང་ལེགས་ཀྱང་བྱས་འོངས།
        མི་ཚེ་འདིར། མི་ཞིག་གིས་མི་གཞན་ཞིག་ལ་འདི་ལྟར་སྙིང་ནས་ཤ་ཚ་བ་ནི་ཅི་འདྲའི་དཀོན་ཨང་། དེ་བས་ངས་དུས་རྒྱུན་རང་ལ“གཞན་གྱི་བཀའ་དྲིན་རྟག་ཏུ་དྲན་པར་གྱིས”ཞེས་གསལ་འདེབས་གཏོང་བཞིན་ཡོད། སྐབས་རེར། ང་ཚོས་རི་མོ་ཆུང་ཆུང་ཞིག་ལས་གཞན་གྱི་བཀའ་དྲིན་དྲན་ངེས་པར་མ་ཟད། ད་དུང་སྐད་ཆ་ཐུང་ཐུང་ཞིག་གིས་ཀྱང་གཞན་གྱི་བཀའ་དྲིན་དྲན་དུ་འཇུག་སྲིད། དེ་མིན་ད་དུང་མེ་ཏོག་རྐང་གཅིག་གམ། ཡང་ན་སྐྱེལ་མ་ཐེངས་ཤིག་གིས། 
2021ལོའི་ཟླ10པའི་ཚེས30ཉིན།
སྙན་བུ། མཚོ་སྔོན་པོའི་ཉེ་འགྲམ་དུ་འཚར་ལོངས་བྱུང་། གོ་རབས་པའི་སྐད་གཉིས་རྩོམ་པ་པོ། སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་དང་རྩོམ་དཔྱད་སོགས་རྩོམ་ལུས་སྣ་མང་ལ་འཇུག བརྩམས་ཆོས་གཙོ་བོར«གཞོན་ནུ་མ་ཞིག་གི་ཁྱོ་ག»དང«སོར་གདུབ» «ཟིན་དེབ་དམར་པོ» «གྱི་ལིང་གནམ་རྟ་དཀར་པོ»སོགས་མཆིས། 2019ལོར་སྙན་དེབ་ཐོག་མ«བདག་གི་རྟ་ཕོ»པར་དུ་བསྐྲུན། སྙན་དེབ་གཉིས་པ«ང་ལམ་ལ་ཆས་འདོད»མི་རིང་བར་པར་དུ་བསྐྲུན་ལ་ཉེ། 2018ལོར“«མི་རིགས་ཀྱི་རྩོམ་རིག»གི་སྒྲུང་གཏམ་བྱ་དགའ”དང་། 2021ལོར“«སྦྲང་ཆར»སྨྱུག་གསར་བྱ་དགའ”ཐོབ། ད་ལྟ་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་མུས་ཡིན།
 
        ང་རང་ཉིད་རྩོམ་ལ་དགའ་བ་ཞིག་ཡིན་པའི་དབང་དུ་བཏང་སྟེ་ཕྱིར་འདང་རེ་བརྒྱབ་ན། «སྦྲང་ཆར»དང«གངས་རྒྱན་མེ་ཏོག» «གངས་རྒྱན་ན་ཆུང་ཚགས་པར»སོགས་ཏེ། མདོར་ན། བོད་ཀྱི་དེང་རབས་རྩོམ་རིག་ལ་བཀའ་དྲིན་ཆེ་བའི་དུས་དེབ་དང་ཚགས་པར་རམ། ཡང་ན་དེ་དག་གི་རྩོམ་སྒྲིག་པ་དག་གིས་ལྷག་བསམ་ཟོལ་མེད་ངང་གསོ་སྐྱོང་གནང་བ་བརྒྱུད་ནར་སོན་ཞིང་ཕུགས་བསམ་ཆགས།
        དེ་སྔར། ཕ་ཡུལ་གྱི་དུས་གསུམ་སྙན་ངག་གི་གཟུགས་སུ་བཀོད་ཅིང་སེམས་ཚོར་དགུང་ལ་སྤུར་མྱོང་ལ། སྐབས་སྐབས་སུ་བདེ་ཞིང་སྐྱིད་པའི་དགའ་ཚོར་གངས་དཀར་ལྷུན་པོའི་རྩེ་རུ་ཉི་མའི་གཟུགས་སུ་ཤར་བ་དང་། མཚམས་མཚམས་སུ་སྦྲིད་ཅིང་འཁོབས་པའི་སེམས་པ་ནི་སྡུག་བསྔལ་གྱི་རྒྱ་མཚོའི་ཞབས་སུ་ཆུ་ནང་གི་ཟླ་བ་རུའང་གྱུར་མྱོང་། ཡིན་ཡང་། རྩོམ་རིག་ལ་དགའ་བའི་བརྩོན་སེམས་དང་ལྷག་བསམ་མ་དོར་བས་སྙན་ངག་གིས་ང་རང་ཕ་ཡུལ་གྱི་ལམ་དུ་ཆས་པར་བཅུག
        2017ལོར། རང་ཉིད་ཀྱི་སྙན་དེབ་ཐོག་མ་སྟེ། «དབྱངས་ཀྱི་ང་རོ»ཞེས་པ«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གིས་མཐུན་རྐྱེན་སྦྱར་བར་བརྟེན་པར་སྐྲུན་བྱས་པ་ཡིན། སྐབས་ཐོག་དེར་རང་ལ་སྙན་དེབ་འདི་པར་སྐྲུན་ཐུབ་མིན་གྱི་ཕྱོགས་ནས་གདེང་ཚོད་དང་རང་རློམ་ཅི་ཡང་མི་འདུག་ནའང་། «གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ་ལགས་ཀྱིས།“གང་ལྟར། སྤུས་ཀ་ནི་དོན་དག་གཞན་ཞིག་རེད། གཙོ་བོར་ཁྱོད་ལ་གསར་རྩོམ་གྱི་འབྲས་བུ་ཞིག་སྟོན་རྒྱུ་ཡོད་པས། འདི་ནི་ཁྱོད་ཀྱི་རྒྱལ་ཁ་རེད”ཅེས་པའི་སྐུལ་ལྕག་གཡར་པོ་ཆེ་དེ་ནི། བདག་ལ་མཚོན་ན་རྩོམ་རིག་གི་མཁའ་དབྱིངས་སུ་འཕུར་འདོད་པའི་ཕུགས་བསམ་ལ་གཤོག་ཟུང་གནང་བ་དང་ཅིས་མི་མཚུངས།
        རྩོམ་རིག་ལ་འཇུག་པ་ནི་ཟིང་ལོང་གི་སེམས་པ་ལྷོད་ལ་འབབ་པའི་གོ་རིམ་ཞིག་སྟེ། སྙན་ཚིག་ཐུང་ངུ་རེ་བྲིས་ཏེ་བོད་ཡུལ་གྱི་ཚགས་དེབ་གང་རུང་དུ་བཀོད་རྗེས། གཞན་གྱིས“སྙན་ངག་པ”ཞེས་འུད་བསྟོད་བྱས་ཀྱང་ད་ནི་སྔོན་ཆད་དང་མི་འདྲ་བར་དགའ་སྣང་ཡེལ་ཡེལ་བའི་ཚོར་བ་ཅི་ཡང་མི་འདུག དེ་ལས་ལྡོག་སྟེ། ཐེག་པར་དཀའ་བའི་འགན་འཁྲི་དེའི་སྣང་ངོར། གཞན་གྱིས“ངར་བ་རེད། ངོ་སོ་བསྟོད། རེ་བ་ཅན་པོ། རྩོམ་པ་པོ”སོགས་སྦྱོར་དུས། རང་སེམས་ལ་ཅིས་ཀྱང་ལྷོད་ཅིག་དགོས་སྙམ་སྟེ། དགོས་མེད་ཀྱི་ཁེངས་རློམ་དང་ང་རྒྱལ་གྱི་ཁུར་བོ་དག་ཐང་ལ་འབོགས་ཅི་ཐུབ་བགྱིས་པ་ན། རང་ཉིད་ནི་ཤོག་དཀར་ངོས་ཀྱི་ནག་ཐིག་ཅིག་དང་འབྲི་མར་ནང་གི་སྤུ་ཉག་ཙམ་ལས་མ་འདས་པའི་ངོས་ཟིན་ཅུང་ཙམ་སྐྱེས།
        ཀུན་སློང་དེ་ལྟ་བུ་ཞིག་དང་རྒྱང་མ་བཀྱེད་པར་མུ་མཐུད་དུ་སྙན་ངག་རེ་གཉིས་བྲིས་པའི་ཞོར་ལ། མི་ཚེ་འདིའི་སྒྲུང་ཐུང་ཆེས་ཐོག་མ་སྟེ། «ཁྱོ་ཤུག་ཤགས་འགྱེད»ཅེས་པ«མཚོ་སྔོན་བོད་ཡིག་གསར་འགྱུར»སྟེང་འགོད་ཐུབ་པ་བྱུང་བའི་རྗེས་སུ། བསྟུད་མར«མངོན་སུམ་དང་རྨི་ལམ» «ཡིད་འཕྲོག་གློག་བརྙན་ཁང»སོགས་སྒྲུང་ཐུང་དུ་མ་ཞིག་རང་ཉིད་དང་ཆེས་ཐག་ཉེ་བའི་ཕ་ཡུལ་གྱི་རླུང་ཁ་ནས་བསྒྲུགས་མཐར། ད་གཟོད་ཕ་ཡུལ་དང་ཡང་བསྐྱར་འཕལ་ཁ་འཕྲོད་དེ། ཕ་ཡུལ་ནི་ནམ་རྒྱུན་རང་གི་རྣམ་ཤེས་འཁོར་སླ་བའི་གནས་མཆོག་ཅིག་ཡིན་པར་མ་ཟད། ཚོར་འདུ་ཉ་མོའི་རྩལ་དྲུག་རྫོགས་པའི་རྒྱ་མཚོ་དང་རྣམ་དཔྱོད་ཀྱི་རྒོད་པོའི་གཤོག་རྩལ་ངོམ་སའི་ནམ་མཁའ་ཞིག་ཀྱང་ཡིན་པའི་ངོས་ཟིན་ཐོབ་ཕྱིར། ང་རང་གཞི་ནས་ཕ་ཡུལ་གྱི་པང་དུ་ལྡོག་འདོད་བྱུང་། མདོར་ན། ཕ་ཡུལ་ནི་བྲིས་མི་ཚར་བའི་སྒྲུང་རིང་ཞིག་གོ།
        དེའི་ཕྱིར། ཕ་ཡུལ་གྱི་རུམ་ཁ་ནས་འཚར་ལོངས་བྱུང་བའི་གུས་པའི«རླུང་ཁའི་ལས་འཕྲོ»ཞེས་པའི་སྒྲུང་འབྲིང་གི་མ་ཕྱི་འདི«སྦྲང་ཆར»རྩོམ་སྒྲིག་ཁང་གི“སྨིན་དྲུག་དཔེ་ཚོགས”སུ་ཚུད་པའི་གོ་སྐབས་དང་ཕྲད་དེ། བོད་ཀྱི་རྩོམ་རིག་དཔྱད་བརྗོད་པའམ«སྦྲང་ཆར»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་རྒན་ཆོས་སྐྱོང་ལགས་ཀྱིས་ཕྲན་ཆུང་གི་སྒྲུང་འབྲིང་འདིའི་སྤྱིའི་སྒྲིག་གཞི་དང་བྱུང་རིམ། མི་སྣ་འབྲི་བཞེང་སོགས་ཀྱི་ཐད་ནས་བུམ་པ་གང་བྱོའི་ཚུལ་དུ་སློབ་སྟོན་གནང་བར་མ་ཟད། རྩོམ་རིག་གསར་རྩོམ་གྱི་ལམ་ཁ་འདིར་བསླུ་བྲིད་གང་མང་ཞིག་གི་འཆིང་རྒྱ་ལས་འགྲོལ་དགོས་ལུགས་དང་། རྩོམ་རིག་གི་དགའ་ཕྱོགས་ནི་གུས་རྟག་བརྩོན་པས་མུ་ནས་མུར་རྒྱུན་འཁྱོངས་བྱ་དགོས་པ་སོགས་ཀྱི་སྐུལ་ལྕག་ཀྱང་མི་ཉུང་བ་མཛད་ཅིང་། ཐུགས་ཁུར་ཟབ་བཞེས་དང་བྱམས་བརྩེའི་དྲིན་གྱིས་བསྐྱངས་མཐར། ང་ཡི་སྙིང་ཉེ་བའི«རླུང་ཁའི་ལས་འཕྲོ»ནི་བཙས་མ་ཐག་གི་བྱིས་པ་བཞིན་ངུ་ཁ་ལྷང་ལྷང་དང་བཅས་མི་ཡུལ་དུ་བཏང་བ་ཡིན་ཙ་ན། རྒྱ་ཆེའི་ཀློག་པ་པོ་རྣམ་པས་བསམ་པ་ཡར་སེམས་བཅངས་པ་དང་སྐུད་པ་ཡར་འཁེལ་བྱེད་པའི་སྒོ་ནས་རྣམ་རིག་སྟོད་ལ་སྒོམས། རྐང་བས་ཐེམ་པ་ཚོལ། མིག་གིས་ཧུར་གྱིས་ལྟོས་ཞེས་པའི་ཁ་ཏ་དང་བྱམས་སྐྱོང་གི་མཐུ་འོག་ནས། ང་ཡི་གཅེས་ཕྲུག་འདི་ཀྱ་ཙེ་གོམ་ཙེ་ནས་མགོ་བརྩམས་ཏེ། རང་བློ་ཁེར་ཆོད་ཐུབ་པའི་ངང་མི་ཚེའི་འགྲུལ་བཞུད་ཁྲོད་དུ་ཞུགས་པར་རམ་འདེགས་བྱེད་པའི་རེ་བ་སྙིང་ནས་ཆེ་ལགས།
        མཇུག་མཐར། ནམ་ཡང་ངའི་གསར་རྩོམ་ལ་རྒྱབ་སྐྱོར་གནང་མཁན་གྱི་དྲིན་ཆེན་ཕ་མ་གཉིས་གཙོར་བྱས་པའི་ནང་མི་རྣམས་དང«སྦྲང་ཆར»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་རྟ་མགྲིན་སྐྱབས་ལགས་གཙོས་པའི་རྩོམ་སྒྲིག་པ་ལྷན་རྒྱས། དེ་མིན་རང་གི་ནང་སེམས་ལ་དཔེ་ཀློག་གི་དྭངས་མ་འདྲེན་པར་བྱེད་པའི་ངེད་མཚོ་ནུབ་ཀྱི“ལམ་གྱི་བྲོ་ཁ”ཞེས་པའི་དཔེ་ཀློག་ཚོགས་པ། ལྷག་པར་དུ་ངའི་སྒྲུང་འབྲིང་འདིར་ཞུ་དག་གནང་མཁན་གྱི་རྒན་ཀླུ་འབུམ་རྒྱལ་དང་རྒན་བདེ་སྐྱིད་སྒྲོལ་མ། གྲོགས་མཆོག་མོག་བུ་ཡེ་ཤེས་སྐྱབས་དང་སངས་རྒྱས་སྒྲོལ་མ། ལས་གྲོགས་ཀླུ་རྒྱལ་དོན་གྲུབ་དང་གཡུང་དྲུང་ཚེ་རིང་བཅས་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོག་ཏུ་གུས་འདུད་ཞུ་རྒྱུ་ཡིན། ཁྱེད་ཅག་ནི་ནམ་ཡང་ངའི་གསར་རྩོམ་གྱི་ཕ་ས་ཕ་ཡུལ་དུ་རྔམ་ཞིང་བརྗིད་པའི་རྒྱབ་རི་ལྷུན་པོ་དང་། མདུན་སྐྱོད་ཀྱི་ཕམ་ཁ་ལས་རྣམ་པར་རྒྱལ་བའི་མགོ་འདྲེན་གྱི་དཔུང་ཤེད་ཉག་གཅིག་ཡིན་ཕྱིར། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག ཁྱེད་ཅག་གི་མི་ལུས་གསེར་གྱི་ལྗོན་པའི་སྟེང་ལྷུན་གྲུབ་ཆོས་ཀྱི་འབྲས་བུ་སྨིན་པར་རྩེ་གཅིག་ཏུ་སྨོན་ལམ་འདེབས་སུ་གསོལ།
2021ལོའི་ཟླ8པའི་ཚེས25ཉིན།
འདམ་འཇིལ་ལི། མིང་དངོས་ལ་པད་མ་རིག་འཛིན་ཟེར། མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་གཏེར་ལམ་རྫོང་ཤར་རི་ཁ་གྲོང་རྡལ་ཚ་ཚ་ཞིང་ཁ་སྡེ་བ་ནས་འཚར་ལོངས་བྱུང་། 2010ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་དངོས་གཞི་སློབ་མཐར་ཕྱིན་རྗེས། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་སུ་ལོ་ཙཱའི་བྱ་བ་གཉེར། སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «ཟླ་ཟེར»སོགས་བོད་ཁུལ་གྱི་གཞུང་སྒེར་ཚགས་དེབ་དུ་མར་སྙན་ངག་དང་སྒྲུང་ཐུང་སོགས་རེ་འགའ་བཀོད་མྱོང། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྙན་དེབ་ཐོག་མ«དབྱངས་ཀྱི་ང་རོ»ཞེས་པ2017ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།