ཀན་ལྷོ་ཁུལ་གྱི་གནའ་དཔེ་གཅེས་བསྒྲིགས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2022-04-27 11:04:16 ཀློག་གྲངས།:
        ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ལས་དོན་ཨུ་ལྷན་གྱིས་བསྒྲིགས་པའི«བཤད་མཛོད་ཆེན་མོ»དང«རིན་པོ་ཆེ་བཟོ་ཡི་རྒྱུད» «བོད་ཀྱི་གསོ་དཔྱད་སྨྲ་བའི་སྡེར་རྩོད་པ་སྔ་ཕྱིར་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དཀའ་གནད་ཞིབ་མོ་རྣམ་འཐག»ཅེས་པའི་དཔེ་དེབ་གསུམ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
«བཤད་མཛོད་ཆེན་མོ»ནི་འབྲུག་ཡུལ་ནས་ཐོན་པའི་མ་ཡིག་ཕྱག་བྲིས་མ་ཞིག་གཞིར་བཟུང་ནས་བསྒྲིགས་པ་ཡིན་ལ། སྤྱི་ལོ༢༠༡༦ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པའི་བཤད་མཛོད་ཡིད་བཞིན་ནོར་བུ་ཞེས་པ་དེ་དང་གཞུང་འདི་གཉིས་དོན་དམ་སྨྲ་བའི་སེང་གེས་མཛད་པའི་གཞུང་གཅིག་གི་ངོ་བོར་ཡོད་པ་ཞིག་ཡིན་ནའང་། ཁོང་རྣམ་པས་དཔེ་སྐྲུན་བྱས་པའི་མ་དཔེ་ནི་ཤིང་དཔར་ཤོག་ངོས་༢༥༨ཅན་ཞིག་ཡིན་པར་གསལ་བ་དང་། ངེད་ཅག་གི་མ་དཔེ་ལག་བྲིས་མར་ཤོག་ངོས་༥༡༥ཡོད་པས་ན་གཞི་འཛིན་གྱི་མ་དཔེ་མི་གཅིག་པ་དང་། ཁྱད་པར་དུ་ནང་དོན་ཁག་ཅིག་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་མ་དཔེར་མི་གསལ་བ་བཅས་ཀྱི་དབང་གིས་འདིར་ཆེད་དུ་དཔེ་སྐྲུན་བྱས་པ་ཡིན། གཞུང་འདིའི་མཛད་པ་པོ་ནི་མཇུག་བྱང་དུ་གསལ་བ་ལྟར་དོན་དམ་སྨྲ་བའི་སེང་གེ་ཞེས་པའི་མཁས་དབང་དེ་ཡིན་པ་ནི་སོམ་ཉི་བྲལ་བ་ཞིག་ཡིན་མོད། ཁོང་གི་མཛད་རྣམ་ཞིབ་མོ་ཞིག་མིག་སྔར་རྙེད་སོན་བྱུང་མེད་ལ། གཞུང་འདིར་གྲུ་ཤུལ་གྱི་ས་བཅད་ཅིག་ལོགས་སུ་བྱས་ཡོད་པ་དེ་དང་ཕག་གྲུའི་གདུང་རབས་ཀྱི་ལོ་ཚིགས་དག་གཞིར་བྱས་ནས་སྤྱི་ལོའི་དུས་རབས་བཅོ་ལྔ་བའི་ནང་མཛད་འཕྲིན་རྒྱས་པའི་མཁས་དབང་ཞིག་ཡིན་པར་ཆ་འཇོག་གནང་གི་ཡོད་པ་རེད། གཞན་ཡང་བཤད་མཛོད་འདི་ལ་ཆ་ཚང་དང་མི་ཚང་བའི་མ་ཡིག་སྣ་ཚོགས་ཤིག་ཡོད་མོད། འབྲུག་ཡུལ་གྱི་ཕྱག་བྲིས་མའི་དཔེ་འདི་ནི་གཞུང་དོན་ཆེས་རྒྱས་ཤོས་དེ་ཆགས་འདུག་པས་ན། ང་ཚོས་ཀྱང་ནང་དོན་ཆ་ཚང་ཤོས་དེ་མ་ཡིག་འདི་ཉིད་ཡིན་པར་ཆ་འཇོག་བྱས་ཡོད།
 
«རིན་པོ་ཆེ་བཟོ་ཡི་རྒྱུད»ཅེས་པའི་གཞུང་འདི་མིག་སྔར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་མ་མཐོང་ལ། གཞུང་དོན་དུ་སྐུ་གསུང་ཐུགས་རྟེན་རིགས་ཀྱི་གསར་རྙིང་དང་འབྱུང་ཁུངས་བརྟག་པ། ཇ་དང་དཀར་ཡོལ། དར་གོས་ཆེན། བསེ་སྒྲོམ་དང་བསེ་རྨོག བསེ་སྒ་སོགས་ཀྱི་བཟོ་རྩལ་དང་རིགས་དབྱེ། ཁྱད་ཆོས་ཀྱི་བཤད་པ་བཅས་བཀོད་འདུག །མཇུག་ཏུ་རྟ་རྒྱུད་བཟང་ངན་གྱི་བརྟག་པ་སོགས་ཀྱང་ཡོད་པས་ན། བོད་ཀྱི་བཟོ་རིག་པའི་བསྟན་བཅོས་ཤིན་ཏུ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱས་ནས་འདིར་དག་སྒྲིག་དཔེ་སྐྲུན་བྱས་པ་ཡིན་མོད། གཞུང་འདིའི་མཛད་པ་པོ་སུ་ཡིན་ནི་མིག་སྔར་དཔྱད་ཀྱིས་མ་ཚུགས་ལ། ཁ་ཅིག་གིས་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པ་ཡིན་པར་ཚོད་དཔག་བྱེད་མོད་སྒྲུབ་བྱེད་ཁུངས་ལྡན་མ་སྣང་བས་འདིར་བཏང་སྙོམས་སུ་བཞག་པ་ཡིན།
 
«བོད་ཀྱི་གསོ་དཔྱད་སྨྲ་བའི་སྡེར་རྩོད་པ་སྔ་ཕྱིར་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དཀའ་གནད་ཞིབ་མོ་རྣམ་འཐག»ཅེས་པ་འདིའི་ནང་དུ་བོད་ཀྱི་གསོ་རིག་མཁས་དབང་ཉི་ཤུ་རྩ་ལྔས་གསོ་རིག་གཞུང་དོན་གྱི་དཀའ་གནད་སྐོར་ལ་རྩོད་གླེང་རྒྱ་ཆེར་གནང་བའི་རྩོད་ཡིག་སུམ་ཅུ་སོ་ལྔ་ཕྱོགས་སྒྲིག་བྱས་ཡོད་ལ། དེ་ཡང་བོད་ཀྱི་གསོ་དཔྱད་སྨྲ་བ་རྣམས་ཀྱིས་སྤྱི་ལོའི་དུས་རབས་བཅུ་གསུམ་པ་ནས་བཟུང་ས་ཐག་དང་ཡུལ་ཕྱོགས་ཀྱིས་བར་མ་ཆོད་པའི་རྩོད་གླེང་གཞི་རྒྱ་ཆེ་བར་བྱེད་མགོ་བརྩམས་ཤིང་། དྲི་བ་རྡོ་རིང་ལ་སྦྱོར་བ་དང་དགག་སྒྲུབ་ཀྱི་ཡིག་ཆ་སྐུར་རེས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་བར་རྩོད་གླེང་གི་རྒྱུན་མཐུད་ཡོད་པར་མ་ཟད། རྩོད་གླེང་དེ་ལས་བྱང་ཟུར་གཉིས་ཀྱི་རིང་ལུགས་གསར་དུ་གྲུབ་ཅིང་དཔལ་ལྡན་རྒྱུད་བཞིར་སློབ་གཉེར་གྱི་ཚ་རླབས་འཕྱུར་བ་སོགས་བོད་ཀྱི་གསོ་དཔྱད་སྨྲ་བའི་སྡེར་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་པས། འདིར་ཆེད་དུ་དག་སྒྲིག་པར་སྐྲུན་བྱས་པ་ཡིན་ལ། འདིར་ཚུད་པའི་རྩོད་ཡིག་ཁག་ལས་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་དྲིས་ལན་ལེགས་བཤད་སྣང་བ་གསར་བ་དང་ཟུར་མཁར་བློ་གྲོས་རྒྱལ་པོའི་རང་ལན་རྒན་པོའི་ཁ་ཆེམས་མཚན་མོའི་མུན་ནག་གི་གློག་འོད་སོགས་རེ་འགའ་ཙམ་མ་གཏོགས་རྩོད་ཡིག་མང་ཆེ་བ་ནི་སྔར་ནས་དཔེ་རྒྱུན་ཤིན་ཏུ་དཀོན་ཞིང་དུས་ད་ལྟའི་ཆར་ཡང་མང་མང་གིས་མཇལ་དཀའ་བ་ཤ་སྟག་ཡིན་པའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།