ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །སྤྲེལ་རྫོང་དགོན་པ་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དཔེ་ཚོགས་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་རེད།
༄༅། །སྤྲེལ་རྫོང་དགོན་པ་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དཔེ་ཚོགས་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:ཉི་ཟེར་སྲིད་དོན།
དུས་ཚོད།:2022-12-28 10:17:07
ཀློག་གྲངས།:

སྤྲེལ་རྫོང་དགོན་པ་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དཔེ་ཚོགས་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་ཡིན་ལ། དེབ་འདི་དག་ནི་ཆོས་སྡེ་འདི་དང་འདི་ནས་དྲིན་གྱིས་བསྐྱངས་པའི་དགེ་རྒན་དང་བླ་མ་བཀའ་དྲིན་ཅན་དག་ལ་དྲིན་གཟོའི་ཕྱིར་དང་། དམིགས་ཀྱིས་ད་ལོ་རང་རེའི་དགོན་པ་འདི་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དུ་འདི་ཀའི་གྲྭ་རྐྱང་དཀྱུས་མ་འགས་བརྩམས་པ་ཡིན་པས་དཔྱོད་ལྡན་ཀློག་པ་བོ་ཡོངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན་ལགས།
________________________

སྤྲེལ་རྫོང་དགོན་པའི་གདན་རབས་ཆེན་མོ་ཞེས་པའི་དེབ་འདི་ནི་སྤྱི་ལོ༡༩༥༨སྔོན་ལ་སྐུ་འཁྲུངས་ཤིང་རང་དགོན་དུ་ཚོགས་ཞུགས་གནང་བའི་སྤྲུལ་སྐུ་རྣམ་པ་དང་། འདིར་སློབ་གཉེར་གནང་སྟེ་མཁས་པའི་རྩལ་རྫོགས་པ། སྒྲུབ་པ་ཉམས་ལེན་གནང་སྟེ་རྟོགས་པའི་ཀློང་བརྡོལ་བ། ད་དུང་ཕྱོགས་གཞན་ནས་ཆེད་དུ་གདན་དྲངས་པའི་དགོན་པའི་འཆད་ཉན་ལ་ཐུགས་འགན་བཞེས་མྱོང་བའི་དགེ་རྒན་སྐུ་དྲིན་ཅན་དག་གི་རྣམ་ཐར་ཉུང་བསྡུས། དེ་བཞིན་དགོན་པ་འདི་ནས་སློབ་གཉེར་གནང་རྗེས་སླར་ཡང་མི་སྐྱའི་ཁྲོད་དུ་ཞུགས་ནས་ཕྱག་རྗེས་མི་དམན་པ་བཞག་པའི་མཁས་པ་རེ་གཉིས་ཀྱི་རྣམ་ཐར་དང་། དམིགས་བསལ་གྱིས་ད་ལྟའི་ཁྲི་བ་རྣམས་ཀྱི་རྣམ་ཐར་ཡང་འདིར་བཀོད་པས་ཁྱོན་སྐྱེས་ཆེན་དམ་པ་བརྒྱ་ཡི་རྣམ་ཐར་བཞུགས་ལ། འདིས་ཀྱང་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུས་པའོ།།
________________________

རྗེ་བཙུན་ཨ་རོལ་སྐུ་ཕྲེང་གསུམ་པའི་གསན་ཡིག་ཅེས་པའི་དེབ་འདིའི་ནང་དུ་ས་བཅད་དང་བོ་རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་ཆོས་བཀའ་གསན་པའི་སྐོར་དང་གསན་སའི་བླ་མ་རྣམས་ཀྱི་རྣམ་ཐར་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྐོར་བཤད་ཡོད་ལ། ས་བཅད་གཉིས་པའི་ནང་དུ་དཔལ་གཉིས་མེད་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་གནང་སའི་ཡུལ་དང་མི་སྣ་ལོ་ཚིགས་སོགས་གསལ་བོར་བཀོད་ཡོད་ལ། འདི་ཉིད་ཀྱིས་འོ་སྐོལ་གྱི་ཆོས་སྡེ་ཆེན་མོ་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་མི་ཡུལ་དུ་འཁྲུངས་ནས་ལོ་ཡི་འཁོར་མོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་ལགས།
________________________

སྤྲེལ་རྫོང་དགོན་པའི་ལོ་རྒྱུས་འདོད་འཇོ་ནོར་བུའི་དོ་ཤལ་ཞེས་པ་འདི་ནི་སྔོན་རྒན་པ་རྣམས་ཀྱི་ངག་རྒྱུན་ལས་བཏུས་ཏེ་ལོ་རབས་དགུ་བཅུའི་སྟོད་དུ་ལེགས་བསྒྲིགས་བྱས་པ་ཞིག་ཡིན། འདི་ནི་དགོན་པ་འདིའི་ལོ་རྒྱུས་ཀྱི་ས་བོན་གལ་ཆེན་ཉག་གཅིག་ཏུ་གྱུར་ཡོད་ལ། དེང་གི་ཤེས་ཡོན་པ་མང་བོར་མཚོན་ན་ཡང་ཞིབ་འཇུག་གི་རིན་ཐང་ལྡན་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིར་ཁོ་བོས་བསྟན་པ་ཡང་དར་སྐབས་ཀྱི་ཁྲི་བ་བླ་མ་དང་། དགེ་བསྐོས། དབུ་མཛད་སོགས་ཀྱི་མཛད་རྣམ་མདོར་བསྡུས་རེ་ཁ་སྣོན་བྱས་ཤིང་ལྷག་པར་དུ་ལོ་རེ་རེའི་དགེ་བསྐོས་སྐབས་ཀྱི་ལོ་རྒྱུས་གལ་ཆེན་སོགས་གསལ་བོར་བཀོད།
________________________

ཕོ་ཉ་གཞོན་ནུ་དོན་གྲུབ་ཅེས་པ་འདིའི་བརྗོད་བྱ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་སྟེ། ལུས་ཅན་ཀུན་གྱིས་འཁོར་བ་སྲིད་པའི་གྲོང་ཁྱེར་ནས་སྡུག་བསྔལ་མང་བོ་མྱོང་ཞིང་། འཁོར་བའི་རང་བཞིན་རྡུལ་ཙམ་མེད་ཅིང་རྒྱུ་འབྲས་རྟེན་འབྲེལ་ཡང་བསླུ་བ་མེད་པ་ལ་ངེས་པ་རྙེད་ཕྱིར་ས་དང་ལམ་གྱི་རིམ་པར་དཀའ་བས་འབད་ཅིང་མཐུན་རྐྱེན་ཚོགས་བསགས་པ་དང་འགལ་རྐྱེན་སྒྲིབ་པ་སྦྱང་བའི་ཐབས་དམ་པ་བསྙེན་གནས་ཡན་ལག་བདུན་པ་དང་། གཏུམ་མོའི་མེ་དྲོད་སྒོམ་པ་སོགས་ལ་བརྟེན་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱས་ནས་མཐར་རྣམ་དཀར་དགེ་བའི་ལས་ཀྱི་འབྲས་བུས་འདོད་དོན་ཐམས་ཅད་ལེགས་པར་གྲུབ་ཅིང་། བདེ་བ་མཆོག་གི་སངས་རྒྱས་ཀྱི་སར་སླེབས་ནས་ཆོས་ཀྱི་དགའ་སྟོན་ལ་ངོམས་པ་མེད་པར་རོལ་བར་བརྗོད་ཡོད་མོད། རྩོམ་པ་པོས་འདིར་རང་བློས་དཔོག་ཕྱིར་དང་འདི་ལ་བསླབ་པའི་བློ་གཞོན་པ་རྣམས་ལ་ཕན་པའི་སླད་དུ་ཚིག་གི་ངོ་གདོང་གི་གོ་བ་ཇི་བཞིན་བྱས་ཏེ་ཚིག་འགྲེལ་དང་སྒྱུ་རྩལ་ཁྱད་ཆོས། ཤོ་ལོ་ཀ་རེ་རེའི་རྒྱན་ངོས་འཛིན་བྱས་ནས་འགྲེལ་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།