ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ས་བགོས་ནོར་བུ་དབང་ལྡན་ལགས་ཀྱི་རིག་གཞུང་ཆེད་དེབ«དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་ཞིབ་འཇུག»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
ས་བགོས་ནོར་བུ་དབང་ལྡན་ལགས་ཀྱི་རིག་གཞུང་ཆེད་དེབ«དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་ཞིབ་འཇུག»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-10 10:10:38
ཀློག་གྲངས།:
ཉེ་ཆར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ས་བགོས་ནོར་བུ་དབང་ལྡན་ལགས་ཀྱི་རིག་གཞུང་ཆེད་དེབ«དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་ཞིབ་འཇུག»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

ཆེད་དེབ་འདིར་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་སྙན་རྩོམ་གྱི་ལྟ་གྲུབ་དང་། དགོངས་སྤྱོད་སོགས་བརྗོད་བྱ་དོན་གྱི་ཡོན་ཏན། རྫོགས་པ་ཆེན་པོའི་ཆོས་སྐད་འབའ་ཞིག་གིས་གྲུབ་པའི་རྗོད་བྱེད་ཚིག་གི་ཁྱད་ཆོས། རིག་པ་རང་བྱུང་གི་རྩལ་ལས་བརྡོལ་བའི་རྡོ་རྗེའི་ཐོལ་མགུར་གྱི་རྩོམ་སྟངས་བཅས་སྤྱི་ཕྱོགས་ནས་བསྟན་པ་དང་། བྱེ་བྲག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ངང་ཇི་ལྟར་སྐྱོང་ཚུལ། དེ་དག་ཇི་ལྟར་ཉམས་བཞེས་དགོས་ཚུལ། ཉམས་ལེན་དང་མི་མཐུན་པའི་ཚུལ་མིན་གྱི་སྙིགས་སྤྱོད་ཇི་ལྟར་སྤང་བླང་དགོས་ཚུལ་སོགས་ཐར་ཆགས་སུ་བཀོད་དེ། གསང་ཆེན་སྔ་འགྱུར་པའི་གྲུབ་མཐའི་རིང་ལུགས་ཀྱི་སྙན་རྩོམ་གྱི་གཏད་སོའམ་དཔལ་སྤྲུལ་རིན་པོ་ཆེའི་སྙན་རྩོམ་གྱི་དགོངས་པ་གསལ་བར་བྱས་ཡོད་པ་མ་ཟད། ཁོང་ཉིད་སྐུ་ཚེ་གང་བོར་རྫོགས་ཆེན་རྣལ་འབྱོར་གྱི་བྱ་བཏང་གི་སྤྱོད་པར་རྟག་ཏུ་གཞོལ་ཚུལ་ནས། རྒྱུད་རྒྱལ་གསང་སྙིང་གི་བསྟན་སྲོག་སླར་གསོས་ཏེ་མཚོ་སྐྱེས་པདྨ་རྒྱལ་པོའི་དགོངས་པའི་གནད་གསང་གསལ་བར་བསླངས་པའི་བར་གྱི་མཛད་པའང་དམིགས་སུ་བཀོད་ཡོད་ཐོག གྲུབ་མཐའ་སོ་སོར་རིས་མེད་དག་སྣང་གི་དགོངས་པ་རླབས་པོ་ཆེ་དགོས་ཚུལ་དང་། གསང་ཆེན་རྙིང་མའི་ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་འབྲས་མ་བཅོས་ཡེ་ཤེས་གཅིག་གི་ཀློང་དུ་རོལ་བར་བྱ་བའི་ཐ་མི་དད་པའི་ཆིག་དྲིལ་གྱི་མཉམ་བཞག་དང་། རིམ་གཉིས་སོགས་གྲངས་ཚང་བའི་སྒོ་ནས་བླ་མེད་ཀྱི་ཆོས་སྐོར་དག་ཉིན་མཚན་ཐུན་དུ་བཅད་ནས་ཉམས་ལེན་བྱེད་པར་སྐུལ་བ་བཅས་ནི་ཁོང་གི་སྙན་རྩོམ་གྱི་བརྗོད་བྱའི་སྲོག་ཏུ་བཞག་ནས་དཔྱད་ཡོད་པ་དང་། ལྷག་པར་དུ་རྫོགས་པ་ཆེན་པོ་སྙིང་ཐིག་གི་སྔོན་འགྲོའི་ཉམས་ལེན་ལ་སྦྱར་བའི་གཏམ་པདྨའི་ཚལ་གྱི་ཟློས་གར་ལ་དངོས་དོན་དང་སྦས་དོན་ནས་བསྙེན་སྒྲུབ་ལས་གསུམ་དང་། རིག་འཛིན་རྣམ་བཞིའི་ས་ལམ་གྱི་བགྲོད་རིམ་བསྟན་ཚུལ་ནས་སྔགས་ཀྱི་རྣལ་འབྱོར་བའི་ཚད་གསུངས་ཡོད་ཚུལ་སོགས་ཟུར་བཀོད་དུ་དམིགས་སུ་བཞག་ནས་དཔྱད་ཡོད།

མདོར་ན། དཔལ་སྤྲུལ་རིན་པོ་ཆེའི་བཀའ་རྩོམ་གྱི་བརྗོད་བྱ་ཐམས་ཅད་གནད་ལ་ཁེལ་བས་གདམས་ངག་ཅི་གསུངས་སེམས་ཉིད་རང་གྲོལ་གྱི་ངོར་འགྲོ་བ་དང་། རྗོད་བྱེད་ཐམས་ཅད་བརྡ་རྙིང་དང་ཚིག་རྒྱན་སོགས་ཀྱིས་མ་སྤྲས་པས་བློ་རབ་འབྲིང་ཐ་གསུམ་གྱི་མོས་ངོར་མཐུན་པ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སོགས་སྤང་བྱ་ཅི་རིགས་སྤོང་ཕྱིར་དུ་གསུངས་པས་སྐལ་ལྡན་དྭངས་པ་འདྲེན་པའི་ལྕགས་ཀྱུ་རུ་འཇོ་བ། དགོས་པ་མ་དག་པའི་ལས་སྣང་སྣ་ཚོགས་པ་དང་རིགས་དྲུག་གི་སྡུག་བསྔལ་སོགས་འཇོམས་པའི་བདུད་རྩི་རུ་སྨིན་པ་བཅས་སྟོན་པའི་གསུང་གི་ཁྱད་ཆོས་ཀྱི་ཆེ་བ་བཞི་ལྡན་ལྟར་དུའང་ཡོད་པས། འཕྲལ་དང་ཕུགས་ཀྱི་གཏན་བདེ་འཚོལ་བའི་མིག་དང་ཐོས་བསམ་སྒོམ་གྱི་དམིགས་གནད་གསལ་བར་འབྱེད་བྱེད་ཀྱི་ཕུལ་བྱུང་གཏམ་གྱི་སྦྱོར་བ་རིན་ཆེན་དུ་བཞུགས་སོ། །

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ས་བགོས་ནོར་བུ་དབང་ལྡན། 1980ལོར་མཚོ་སྔོན་གཅན་ཚར་སྐྱེས། 2019ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་ཏུན་ཧོང་ཡིག་རྙིང་ཆེད་ལས་ཀྱི་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་རིག་པའི་སྡེ་ཁག་གི་དགེ་རྒན་ཡིན། སྔ་རྟིང་དུ་རྒན་བཀྲ་ཤིས་འབུམ་བདེ་གཤེགས་ཚང་དང་། བླ་བྲང་བཀྲ་ཤིས་འཁྱིལ་བའི་རྡོ་རམས་པ་ཨ་ཁུ་ལྷག་བསམ། རྟོགས་ལྡན་བླ་མ་ཨ་ཁུ་འཇམ་དབྱངས་ཚང་། མཁན་པོ་མཁྱེན་བརྩེ་ཚང་། རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་དང་རྒན་སྒོ་མེ་བ་རིན་རྡོ་སོགས་གསར་རྙིང་དབྱེར་མེད་ཀྱི་བཤེས་གཉེན་བཅུ་ཕྲག་ལྷག་གི་མདུན་ནས་སྙན་ངག་བརྡ་རྙིང་ནས་བཟུང་སྔོན་འགྲོའི་བློ་སྦྱོང་དང་གདམས་ཁྲིད་གང་མང་ཞུས། སྔ་ཕྱིར་ཀྲུང་གོའི་བོད་རིག་པ་སོགས་སུ«ཏུན་ཧོང་ཤོག་དྲིལ44པ་དཔལ་ཆེན་རྡོ་རྗེ་ཕུར་བའི་ཁུངས་དང་བརྡ་དོན་ལ་དཔྱད་པ»སོགས་ཀྱི་མཚོན་པའི་རིག་གཞུང་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིང་ཆེན་རིམ་པའི་ལས་གཞི་གཅིག་དང་རྒྱལ་ཁབ་རིམ་པའི་གནད་ཆེ་བའི་ལས་གཞི«ཏུན་ཧོང་བོད་ཡིག་འཕགས་པ་ཤེར་སྙིང་ཞིབ་འཇུག»བཅས་གཙོ་འགན་ཁུར་ནས་ཞིབ་འཇུག་བྱེད་བཞིན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།