«རྒྱས་འཕྲིན་གསར་འགྱུར་གྱི་རྣམ་གཞག་ཟིན་ཏིག་ལེའུ་བརྒྱད་མ»ཞེས་པ་པར་དུ་བསྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-02-23 09:43:28 ཀློག་གྲངས།:
       གསར་འགྱུར་རྩོམ་འབྲི་ནི་གསར་དར་གྱི་རིག་ཚན་ཞིག་ཡིན། སྔོན་ཆད་གསར་འགྱུར་སྡེ་ཁག་དང་རིག་གཞུང་ཞིབ་འཇུག་ལས་རིགས་སུ་མ་གཏོགས། གསར་འགྱུར་རྩོམ་འབྲི་སྐོར་གྱི་གཞུང་ལུགས་ལ་ཐོས་པ་དང་ལག་ལེན་བྱེད་མཁན་ཤིན་ཏུ་ཉུང་། དུས་རབས་ཉེར་གཅིག་པར་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་རྩོམ་རིག དཔལ་འབྱོར་རིག་པ། གསར་འགྱུར་རིག་པ་སོགས་རིག་ཚན་གསར་པ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཞིང་། ལྷག་པར་ལག་རྩལ་གསར་པ་དང་ཤེས་བྱ་གསར་པ། བརྡ་འཕྲིན་གསར་པ་ཕྱོགས་ཀུན་ནས་བརྡོལ་བ་དང་བསྟུན་ཏེ། མི་རེ་རེའི་ལག་ཏུ་ཁ་པར་རེ་ཐོགས་ཤིང་། ཁ་པར་དེ་དག་་ལས་ནམ་རྒྱུན་བརྡ་འཕྲིན་གསར་པ་རེ་སྤེལ་འོང་ལ། ཐ་ན་སེའུ་བཅུ་པའི་མགྲིན་པ་ལས་ཀྱང་གསེར་ནག་གི་རིལ་བུས་བརྒྱན་པའི་བརྡ་འཕྲིན་གསར་པ་ཐོན་སྲིད་པའི་དུས་རབས་འདིར། ཀུན་གྱི་རྒྱུད་ལ་གཞུང་ལུགས་ཚད་ཐུབ་ཀྱི་གསར་འགྱུར་གྱི་ལྟ་བ་དང་ཐབས་རྩལ་ཞིག་ཆགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདུག
       ཉེ་བའི་ལོ་འགའི་རིང་ལ། བོད་ཀྱི་སློབ་ཆེན་ཁག་ཏུ་གསར་འགྱུར་རྩོམ་འབྲི་སྐོར་གྱི་བསླབ་དེབ་རེ་འགའ་བྱུང་བའི་བཀའ་དྲིན་ལ་བརྟེན་ཏེ། གསར་འགྱུར་རྩོམ་འབྲི་ལ་གོམས་པའི་སློབ་ཆེན་པ་མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་རང་གི་འཇོན་ནུས་ཅི་རིགས་མངོན་བཞིན་མཆིས་མོད། ཡིན་ནའང་བོད་ལ་ད་དུང་གསར་འགྱུར་རྩོམ་འབྲིའི་བརྡ་ཆད་དང་ཐབས་རྩལ་སོགས་ཀྱིས་དབུལ་བས། གསར་འགྱུར་རྩོམ་འབྲི་དར་ཞིང་རྒྱས་པར་འགོག་རྐྱེན་ཐེབས་བཞིན་ཡོད། བོད་ཀྱི་གསར་འགྱུར་རྩོམ་འབྲིའི་རིག་པ་དར་ཞིང་རྒྱས་པ་དང་དེ་ལ་གསོན་ཤུགས་སྩོལ་ཆེད། དུས་རབས་དང་བསྟུན་ཏེ་དེང་རབས་བོད་ཀྱི་ན་གཞོན་གསར་པའི་བློ་ཁ་དང་མཐུན་པའི་རྒྱས་འཕྲིན་གསར་འགྱུར་རྩོམ་འབྲི་སྐོར་གྱི་བསླབ་དེབ་འདི་རྩོམ་འབྲི་བྱས་པ་ཡིན། རྒྱས་འཕྲིན་གསར་འགྱུར་གྱི་རྩོམ་འབྲིའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་དེབ་ཅིག་འབྲི་བ་ལ་རང་ཉིད་ཀྱི་སློབ་ཁྲིད་མྱོང་བ་ཁོ་ནར་གཞི་བཅོལ་ན། བླུན་སྒོམ་ཡིད་དཔྱོད་ཀྱི་དྲི་མས་བསླད་དེ་གསེར་ལ་གཡའ་ཞུགས་པ་ལྟ་བུར་གྱུར་པར་དོགས་ཏེ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷའི«གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ»སྒྲིག་གཞི་གཞུང་རྐང་དུ་བཟུང་ཞིང་། སྐུ་ཞབས་ཟླ་བ་ཚེ་རིང་གི«གསར་འགྱུར་བཅར་འདྲི་དང་རྩོམ་འབྲི་རིག་པའི་སྒོ་འབྱེད»དང་རྒྱ་ཡིག་གི«གསར་འགྱུར་རྩོམ་འབྲིའི་བསླབ་དེབ» «གསར་འགྱུར་རྩོམ་འབྲིའི་བསམ་གཞིགས་དང་སྦྱོར་བརྡར» «རྒྱས་འཕྲིན་གསར་འགྱུར་རྩོམ་འབྲི»སོགས་གསར་འགྱུར་རྩོམ་འབྲིའི་གཞུང་ལུགས་ཀྱི་ལྟ་དགོངས་ཀྱིས་ཟུར་རྒྱན་བྱས་ཏེ། རྒྱས་འཕྲིན་གསར་འགྱུར་གྱི་གཞུང་ལུགས་ཁ་གསལ་ཞིང་གོ་བདེ་བར་བཀྲལ་ཡོད་པ་དང་། གསར་འགྱུར་རྩོམ་འབྲིའི་ལས་འཇུག་མཁན་དག་གིས་རིག་གཞུང་འདི་སེམས་ལ་ངེས་ཤིང་ཡིད་ལ་འཛིན་བདེ་བའི་ཆེད་དུ། རྒྱས་འཕྲིན་གྱི་མཚན་དོན་དང་རིགས་དབྱེ་སོགས་གསལ་པོར་བཀོད་པར་མ་ཟད། རྒྱས་འཕྲིན་གྱི་དབྱེ་བ་སོ་སོའི་མཚན་གཞིའི་དཔེར་བརྗོད་ཀྱང་བཀོད་ཡོད།
       དེབ་འདི་ནི་བོད་ཡིག་གི་ལམ་ནས་གསར་འགྱུར་རྩོམ་འབྲི་ལ་འཇུག་པའི་ལས་དང་པོ་པ་རྣམས་ཀྱི་བློ་ཚོད་དང་བསྟུན་ནས་བྲིས་པ་ཡིན་པས། མཁས་པས་བརྟགས་ན་དོན་བཟང་བ། བླུན་པོས་ཉན་ན་གོ་སླ་བ། གནད་འདུས་ལ་འཛིན་བདེ། འབྲེལ་ཆགས་ལ་ཚིག་སྙན་པ་སོགས་མཁས་རྨོངས་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་འཕྲོགས་ཤིང་། ནམ་ལངས་པ་ལ་ཉི་མ་ཤར་བ་བཞིན་ཐུགས་ལ་ཟིན་པ་ཞིག་འཁྱོངས་པ་ཤིན་ཏུ་དཀའ། དེབ་འདི་རྩོམ་འབྲི་བྱེད་སྐབས་བྱ་བའི་བྲེལ་ཟིང་ཆེ་ཞིང་། ལྷག་པར་དུ་འབྲེལ་ཡོད་ཆེད་ལས་ཀྱི་ཤེས་བྱའི་ཆུ་ཚད་དམན་པས། དེབ་འདིར་ལོག་བཤད་དང་ཉེས་བཤད། ཆད་ལྷག་འཁྲུལ་སོགས་ཀྱི་སྐྱོན་ཅི་རིགས་ཡོད་སྲིད། དེ་བས་རྣམ་དཔྱོད་དང་ལྡན་པའི་མཁས་པ་དག་གིས་དགོངས་འཆར་བསྲི་བ་མེད་པར་འཚལ།

རྩོམ་མཁན་ངོ་སྤྲོད།
       རྡོ་དཀར་ཚེ་དཔལ་སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་པོའི་ལྷོ་བརྒྱུད་ཀྱི་ཆོས་རྗེ་ཐང་དུ་སྐྱེས། སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་འགྲིམས་ཏེ་ཤེས་རམས་པ་དང་འབུམ་རམས་པའི་བསླབ་གནས་བླངས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་སོགས་སུ་མི་རིགས་ཆོས་ལུགས་ཞིབ་འཇུག་དང་ཡིག་རྙིང་དག་སྒྲིག་སྐོར་གྱི་ལས་ཀ་གཉེར།
       2019ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭར་ལས་གནས་སྤར་ཏེ། སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀར་ཞུགས། སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རིགས་གཞུང་དཔྱད་རྩོམ་ལྔ་བཅུ་ཙམ་སྤེལ། «བོད་བརྒྱུད་ནང་བསྟན་དགོན་སྡེའི་ལོ་རྒྱུས་ཆེན་མོ་རྩོམ་སྒྲིག་དང་གདན་རབས་ཕྱོགས་སྒྲིག»སོགས་ཀྱི་རྒྱལ་ཁབ་རིམ་པའི་གནད་ཆེའི་ལས་གཞི་མགོ་འཛིན་དང་ཞིབ་འཇུག་བྱེད་བཞིན་མཆིས། བརྩམས་དེབ་ལ«བོད་དང་ཉི་ཧོང་གི་སྐད་ལ་དཔྱད་པ» «དགོན་ལུང་ཡུལ་གྱི་ཆོས་ལུགས་རིག་གནས་སྤྱི་བཤད» «སྲིད་པའི་ཆོས་འབྱུང» «རྒྱས་འཕྲིན་གསར་འགྱུར་གྱི་རྣམ་གཞག་ཟིན་ཏིག་ལེའུ་བརྒྱད་མ» «གནའ་བོའི་ཨེ་ཅིབ་ཀྱི་ལོ་རྒྱུས་དང་ཤེས་རིག»བཅས་པའི་ཆེད་རྩོམ་བཞི་དང་སྒྱུར་རྩོམ་གཉིས་ཙམ་མཆིས། «ཤོ་བའི་རིགས་ཁུངས་ལ་དཔྱད་པའི་གཏམ»ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་བྱ་དགའ་ཨང་གཉིས་པ་ཐོབ། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ཤེས་ལྡན་པར་བདམས། 2022ལོར་མཚོ་སྔོན་ཞིང་ཆེན“ཁུ་ནུ་ཤེས་ལྡན་པ·རྩེར་སོན་གསར་གཏོད་ལས་གཏོད་ཤེས་ལྡན་པ”ཡི་སྣེ་ཁྲིད་ཤེས་ལྡན་མི་སྣར་བདམས། ད་ལྟ་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེ་གཞོན། མཚོ་སྔོན་ཞིང་ཆེན་ཆོས་ལུགས་འབྲེལ་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ། ཀྲུང་གོ་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་ཁོངས་མི་སོགས་ཀྱི་འགན་ཁུར་ཡོད་དོ། །
 
       སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔཽན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཨུ་ཡོན་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན་བཅས་ཡིན།  ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་སྐབས་བདུན་པ་དང་། ལུའུ་ཞུན་རྩོམ་རིག་གླིང་གི་མཚོ་སྔོན་དང་ཀྲེ་ཅང་གི་ན་གཞོན་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ། ལུའུ་ཞུན་རྩོམ་རིག་གླིང་གི་གཞོན་དར་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས33པ་བཅས་འགྲིམས། 2013ལོར་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་ན་གཞོན་རྩོམ་པ་པོའི་གསར་རྩོམ་ཚོགས་ཆེན་དུ་ཞུགས། སྙན་ངག་དུས་དེབ«གངས་རྒྱན་མེ་ཏོག»གི་གདན་ཞུ་རྩོམ་སྒྲིག་པ་དང་། «འཛམ་གླིང་རྩོམ་རིག»གི་རྩོམ་སྒྲིག་ཁོངས་མི་ཡིན། སྔ་གཞུག་ཏུ«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མི་རིགས་ཀྱི་རྩོམ་རིག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར»«གངས་དཀར་རི་བོ» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་བོད་ཡིག་གི་ཚགས་དེབ་སྣ་ཚོགས་དང་། དེ་མིན་རྒྱ་ཡིག་གི«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག» «སྙན་ངག་ཟླ་དེབ» «ཧྲའན་ཞིའི་རྩོམ་རིག» «ཡེ་ཚའོ» «མཚོ་ལྷོའི་རྩོམ་རིག» «རིག་རྩལ་ཚགས་པར» «སྐད་ཡིག་ཚགས་པར» «ཀྲུང་གོའི་རྩོམ་པ་པོའི་དྲ་བ»སོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་མང་པོ་སྤེལ་མྱོང་། བརྩམས་ཆོས་ལ་འབོལ་རྩོམ་དེབ«བསམ་གཞིག་གི་ཁ་དོག»དང་སྙན་དེབ«དིང་གླིང་ཁེར་འབུད» «ཁྲི་སེམས་དཔའི་སྙན་ངག»(རྒྱ་ཡིག་པར་མ། འཕྲིན་ཁྱུང་གིས་བསྒྱུར) སྒྲུང་རིང་དེབ«མར་ངོའི་ཟླ་བ» སྒྲུང་ཐུང་དེབ«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»དང«བྱ་ཞིག་ཡིན་ན་བསམས་བྱུང» སྒྲུང་འབྲིང་དེབ«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ» འགྱུར་དེབ«ཕ་རི་སིའི་འཕགས་མའི་ཆོས་གྲྭ»དང«འཇིག་རྟེན་འདི་རྒུད་པའི་གཡང་དུ་ལྷུང» «པའེ་ཀྲན་ཐིང་བཙན་རྒྱལ» «གཡུ་ཆུང་དྲུག་དཀར» «དབྱང་ཚང་གི་དམག་དཔོན»སོགས་པར་སྐྲུན་བྱས་ཡོད་ཅིང་། བརྩམས་ཆོས་ཁག་ཅིག་ཉི་ཧོང་གི་སྐད་སོགས་ཕྱི་ཡིག་ཏུ་ཡང་བསྒྱུར་ཡོད། གཞན་ཡང་རྒྱས་འཕྲིན་སོགས་གསར་འགྱུར་རྩོམ་ཡིག་སྐོར་འབོར་ཆེན་སྤེལ་ཡོད་ཅིང་། «ང་ཚོ་ནམ་ཡང་ཡུལ་ཤུལ་མི་དམངས་དང་མཉམ་དུ་ཡོད»ཅེས་པ་ཞིང་ལྗོངས་ལྔའི་མཐོ་འབྲིང་གི་སྐད་ཡིག་སློབ་དེབ་ནང་བསྡུས་ཡོད། “སྦྲང་ཆར་སྨྱུག་གསར་བྱ་དགའ”དང“སྦྲང་ཆར་རྩོམ་རིག་བྱ་དགའ” “བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལོ་ཟུང་བྱ་དགའ།” “མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ།” “གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ།” “མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ།” “གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།” “ཟླ་ཟེར་རྩོམ་རིག་བྱ་དགའ།” “ཨེ་པ་ཚང་རྩོམ་རིག་བྱ་དགའ།” “མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་དགའ”སོགས་ཐོབ་མྱོང་། གཞན་ཡང་། གསར་འགྱུར་བརྩམས་ཆོས«ང་ཚོ་ནམ་ཡང་མཉམ་དུ་ཡོད»ཅེས་པ་མཐོ་འབྲིང་གི་བསླབ་དེབ་ནང་བདམས་ཡོད། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།