འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ«རུ་སྡེ་ཁྲ་མོ»ཞེས་པ་པར་དུ་སྐྲུན།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-03 14:29:46 ཀློག་གྲངས།:
       ཉེ་ལམ། རྩོམ་པ་པོ་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ་གཉིས་པ«རུ་སྡེ་ཁྲ་མོ»ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་དང་། དེབ་འདིའི་ནང་དུ། རྩོམ་པ་པོས་ཉེ་བའི་ལོ་འདི་གའི་རིང་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་ཞོར་དུ་བརྩམས་གྲུབ་བྱུང་བའི་སྒྲུང་ཐུང«ལོ་དེའི་དགུན་ཁ»དང«རུ་སྡེ་ཁྲ་མོ» «རི་སིལ་དམར་པོ» «བཞུད་པའི་ལོ་ཟླ»སོགས་བརྩམས་ཆོས་བཅུ་ལྷག་བསྡུས་ཡོད་པ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། བརྩམས་ཆོས་དེ་དག་ལས་མང་ཤོས་ཤིག་དེ་སྔ«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ།» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།» «གངས་དཀར་རི་བོ»སོགས་བོད་ཁུལ་གྱི་རྩོམ་རིག་དུས་དེབ་ཏུ་བཀོད་མྱོང་བ་ཤ་སྟག་ཡིན་པ་དང་། «རུ་སྡེ་ཁྲ་མོ»དང«འབྲོང་ལུང་གི་ཉི་ཟླ»གཉིས་སོ་སོར་ལེའུ་གསུམ་ཅན་གྱི་རླུང་འཕྲིན་ཟློས་གར་དུ་བཅོས་སྒྲིག་བྱས་ཏེ་མཚོ་སྔོན་བོད་སྐད་རླུང་འཕྲིན་དུ་བཏང་ཟིན་པ་དང་། «རི་སིལ་དམར་པོ»ནི་རོགས་མཐུན་གློག་བརྙན་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ཏེ་གངས་ཅན་གཞོན་ནུ་མི་རིགས་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་ཡོད།
རྩོམ་པ་པོའི་གཏམ།
       «རུ་སྡེ་ཁྲ་མོ»ནི་མཁས་རྒན་གང་ཞིག་གི་ཐོལ་རྩོམ་གྱི་ཁ་བྱང་ཡིན་པ་འདྲ་ལ། ཨ་གསར་སུ་ཞིག་གི་སྙན་ངག་གི་བརྗོད་སྙིང་ཡིན་པའང་འདྲ་མོད། དོན་ལ་ང་རང་ནར་སོན་གྱི་ལོ་དང་ཟླ་བ། ཉིན་དང་ཞག་མ། དུས་ཚོད་དང་སྐར་མ་རེ་རེ་ཡིན་དགོས། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་ངའི་སྒྲུང་ཐུང་གཅེས་བཏུས་དེབ་འདིའི་གཅེས་མིང་ལའང་དེ་འདྲའི་འབྱོར་མོ་ཞིག་ཡིན་སྣང་ཤར་སོང་།
       སྒྲུང་གཏམ་མིན་པའི་སྒྲུང་གཏམ་གཅེས་བཏུས་དེབ་འདིའི་པར་གཞི་ཡོངས་སུ་གྲུབ་རྗེས། བདག་གིས་གཞི་ནས་དངན་པ་རིང་བོ་ཞིག་འཐེན་དགོས་བྱུང་སོང་ལ། དོན་དུ་སྒྲུང་གཏམ་ནི་ག་འདྲ་ཞིག་ཡིན་མིན་གྱི་དོགས་གཞི་ཞིག་ཀྱང་ཅིག་ཅར་དུ་སྐྱེས་སོང་། དེ་ནི་ད་དུང་སྒྱུ་མ་སྨུག་རྒྱུ་ལྟ་བུའི་རབ་རིབ་མག་མོག་ཅིག་གོ །
       ང་ལ་མཚོན་ན། གྲུབ་འབྲས་ཆེན་པོ་ཞིག་སྟོན་རྒྱུ་མེད་པ་མ་གཏོགས། བོད་ཁུལ་གྱི་རྩོམ་རིག་དུས་དེབ་དང་ཚགས་པར་དག་ཏུ་འཚངས་ཅུང་སྔ་ཞིང་། ང་དང་ན་མཉམ་གྱི་རྩོམ་འབྲི་མཁན་དེ་དག་ནི་ད་ལྟ་རྩོམ་པ་པོ་རྒན་གྲས་ཀྱི་གྲལ་སྔར་ཚུད་ནས་གོ་མིང་དང་ཐོབ་དབང་འདྲ་མིན་རེ་རག་ཡོད་ཚོད་དུ་འདུག ཡིན་ནའང་། ང་ནི་ད་དུང་ན་གཞོན་རྩོམ་དགའ་དག་དང་མཉམ་དུ་དུངས་བརྗོད་སྙན་ངག་གི་ལམ་ཁས་ཐར་ཐུབ་མེད་ཁར་ལུས་སོང་། དེས་ནི་ངས་ཀྱང་རང་ཉིད་ལ་རྩོམ་པ་པོ་ཞེས་པའི་ཆོ་ལོ་སྦྱར་ཆོག་མིན་ལ་ཐེ་ཚོམ་མ་ཆོད་པར་ཡུན་རིང་འགོར།
       ངས་བཤད་མྱོང་། ང་ལ་མཚོན་ན་བརྩམས་ཆོས་དེབ་ཅིག་པར་དུ་བཏབ་ནས་འགྲེམས་སྤེལ་བྱ་རྒྱུ་དེ་ནི་རང་གི་གཅེས་ཕྲུག་མ་སུ་ཞིག་གནས་ལ་བྱིན་ནས་མི་ཡུལ་གྱི་མི་ཁ་བརྒྱུད་དགོས་པ་དེ་རེད། ངས་གཅེས་ཤིང་བསྐྱངས་པའི་གཅེས་ཕྲུག་མ་སུ་ཞིག་ཀྱང་ངའི་འདང་གི་ཟབ་ས་ན་ལྷན་ནེ་ལྷུན་ནེ་ལྷང་ངེར་ནར་སོན་པའི་གོ་རིམ་དེ་ཅི་འདྲའི་ཡིད་དུ་འོང་ནའང་། གཅེས་ལང་དུ་སོང་བའི་མོའི་ལས་དབང་ནི་དུས་ངན་སྐལ་བ་སྙིགས་མའི་ཁ་ངན་དབང་དྲག་ཅན་སུ་ཞིག་གི་མི་བསྲུན་བརླང་སྤྱོད་ཀྱི་རྡོག་བརྫིས་སུ་མི་འགྱུར་བའི་ངེས་པའང་མེད་པས་ན། ངས་ནི་སྒྲུང་གཏམ་མིན་པའི་སྒྲུང་གཏམ་དང་སྙན་ངག་མིན་པའི་སྙན་ངག་དག་གིས་མོའི་ལུས་སེམས་ལ་བྱབས་ཁྲུས་བྱས་མྱོང་། དེ་ནི་མོས་སྡུག་ལ་ན་བསྲན་ཐུབ་ཆེད་ཡིན་ཞེ་ན་སྙིང་ཉེ་བའི་ཀློག་པ་པོ་ཁྱེད་ཅག་གིས་ཅི་ཟེར་རམ།
       གང་ལྟར།  དེབ་ཆུང་ཞིག་གྲུབ་རྗེས་བཀའ་དྲིན་ཞུ་ས་བགྲང་གིས་མི་ལང་ནའང་། ཐོག་མར་རང་ཉིད་ལ་བཀའ་དྲིན་མི་ཆུང་བ་ཞུ་རྒྱུ་དེ་ནི་གོམས་ལོབས་སུ་སོང་ཟིན་པས། མར་གྱུརསེམས་ཅན་ཐམས་ཅད་ཀྱིས་ཀྱང་ང་ལ་གུ་ཡངས་གནང་རོགས། ང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དམན་ཞིང་སྦྱངས་སྟོབས་ཀྱི་བརྩོན་པ་བྲལ་བ། མང་དུ་གོ་རིག་དྲན་གསུམ་སོགས་ཆུང་ནའང་། ནམ་ཞར་ཡང་ཁྱེད་ཅག་ལ་བརྩམས་ཆོས་གསར་བ་ཞིག་གིས་དྲིན་གཟོ་བྱ་འཆར་ཡོད་དེ། ངས་ནི་ཁྱེད་ཅག་ལ་ཆོས་བཅའ་སྟངས་དེ་འདྲ་ཞིག་ཡིན་པ་དྲན་པའི་གསོས་དང་རྣ་བའི་ཟོན། མིག་གི་རྐྱེན། ལྕེ་ཡི་རྟེན་དུ་ཁྲིགས་ཆགས་སུ་བཞུགས་སུ་གསོལ་ལོ། །
ཞེས་འབྲོང་ཕྲུག་གིས༢༠༢༡ལོའི་ཟླ་བརྒྱད་པའི་ཟླ་སྨད་ལ་འཇིག་རྟེན་འཛོམས་ཁང་དུ།
 
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
       འབྲོང་ཕྲུག་ལྷ་ཆེན་རྒྱལ། ཕ་ཡུལ་བདའ་ཚང་། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། «སྦྲང་ཆར»དང«བོད་ཀྱི་རྩོ་རིག་སྒྱུ་རྩལ» «གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། འཁྲབ་གཞུང་སོགས་རྩོམ་ཡིག་མང་པོ་བཀོད་མྱོང་བ་དང་། དེ་དག་ལས་རེ་འགའ་རྒྱ་ཡིག་སོགས་སུ་བསྒྱུར་ནས«མི་རིགས་རྩོམ་རིག»དང«མཚོ་སྔོན་པོ» «ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས»སོགས་སུ་བཀོད་ཡོད།
       སྔ་རྗེས་སུ། སྦྲང་ཆར་སྨྱུག་གསར་བྱ་དགའ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་བླངས་མྱོང་བ་དང་། བརྩམས་ཆོས་ལ། སྙན་དེབ«ཆང་དང་སྙན་ངག་གི་མཚན་མོ»དང«བཞད་འཕྱིས་པའི་མེ་ཏོག» «ང་ནི་ནད་པ་ཞིག་ཡིན» སྒྲུང་གཏམ་དེབ«ལོ་དེའི་དགུན་ཁ»དང«རུ་སྡེ་ཁྲ་མོ» གློག་བརྙན་འཁྲབ་གཞུང་དེབ«དགུན་གྱི་མེ་ཏོག» བྱིས་སྒྲུང་བོད་འགྱུར་མ«ང་དང་ཨ་ཅེ་ཁུ་ལཱ་རཱ»སོགས་པར་དུ་བསྐྲུན་ཟིན་པ་དང་། གཙོ་སྒྲིག་བྱས་པའི་དམངས་ཁྲོད་རྩོམ་རིག་གཅེས་བཏུས་དེབ«ལ་གཞས་འཇོལ་མོའི་གྲེ་འགྱུར»དང«དམངས་གླུ་ཁུ་བྱུག་གསུང་སྙན།» «བཤད་པ་རྣ་ཡི་བུ་རམ»སོགས་ཀྱང་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།