ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང»ཁག2པ་པར་འགྲེམ་བྱས།
«བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང»ཁག2པ་པར་འགྲེམ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:གངས་རྒྱན་ན་ཆུང་ཚགས་པར།
དུས་ཚོད།:2023-03-15 09:03:56
ཀློག་གྲངས།:
དཔེ་ཀློག་ནི་མིང་ཚིག་སྦྱོར་ལུགས་ལ་སོགས་པའི་ཤེས་བྱ་ཉར་བའི་གོ་རིམ་ཁྲོད་རིམ་གྱིས་འཇུག་དགོས་པའི་ལས་ཤིག་ཡིན་པས་ན། དང་ཐོག་ངེད་རྩོམ་སྒྲིག་ཁང་གིས་ཀློག་ལ་འཇུག་བཞིན་པའི་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་བུ་རྣམས་ལ་དམིགས་ཏེ། «བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང»ཁག་དང་པོ་ཞེས་མི་རིགས་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་གཏམ་རྒྱུད་གཙོ་བོར་ཡིན་པའི་དེབ་བཅུའི་བདག་ཉིད་ཅན་གྱི་དེབ་ཕྲེང་དེ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དགེ་རྒན་དང་ཕ་མའི་རམ་འདེགས་འོག་གནས་སྐབས་དེའི་སློབ་བུ་རྣམས་དཔེ་ཀློག་ལ་ཐོག་མར་འཇུག་པ་ལ་མཐུན་རྐྱེན་དུ་རེ་བ་ན། ཐེངས་འདིར་ཀློག་ལ་བྱང་ཞིང་སྐབས་བབ་བརྗོད་དོན་ལ་གོ་བ་ལོན་པར་འབད་པའི་དུས་ལ་སླེབས་པའི་སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་བུ་རྣམས་ཡི་གེའི་ལམ་ནས་སྐད་ཆའི་སྒྱུ་རྩལ་གྱི་ཞིང་ཁམས་སུ་འདྲེན་པའི་ལྷག་བསམ་དང་བཅས། ང་ཚོས་ནུས་ཚོད་ལྟར«སྦྲང་ཆར»སོགས་ཚད་ལྡན་གྱི་དུས་དེབ་དང་ཚགས་པར་སྟེང་བཀོད་ཟིན་པའི་སྒྲུང་ཐུང་དང་ལྷུག་རྩོམ། སྙན་ངག ཁ་མཚར་སོགས་བམ་གྲངས་མང་བོ་ཞིབ་མོར་བཀླགས་ཤིང་བརྟགས་མཐར། སློབ་ཆུང་གི་མཐོ་རིམ་འཛིན་གྲྭའི་སློབ་མ་རྣམས་ཀྱི་མྱོང་བྱར་འཚམ་པར་སྙམ་པ་དག རྩོམ་ལུས་ཀྱི་རིགས་དབྱེ་ལྟར་རེ་རེ་བཞིན་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དེབ་གཟུགས་སུ་བཀོད་པ་འདི་ལགས།

འདི་རུ་ཚིག་ཉུང་ཡང་གཏམ་རྒྱུད་ཁ་ཚང་བ། བྱུང་རིམ་གྱི་འཕལ་ཀ་འཕྲོད་ཅིང་དུས་སྐབས་དེའི་སྤྱི་ཚོགས་ཀྱི་ཉམས་སྣང་དང་མི་ཚེར་བཟུང་བའི་རྣམ་འགྱུར་སྣ་ཚོགས་རྗོད་པའི་ནུས་པར་བརྟེན་ཏེ། འཚོ་བ་དངོས་དེ་རྨང་གཞི་བྱས་ཐོག་དེ་ལས་འཕགས་པའི་རང་བཞིན་ལྡན་པའི«སྒྲུང་ཐུང་བྱིས་པའི་ཞོ་གཉེར» ཚེ་རིང་དོན་གྲུབ་ཀྱིས་བསྒྲིགས།

འཚོ་བའི་རྣམ་པ་ཐོ་རུ་བཀོད་དེ་ནང་སེམས་ཀྱི་ཚོར་འདུ་ཅི་རིགས་གསོང་བོར་བརྗོད་པ། རང་བྱུང་གི་ཡུལ་བཀོད་སོགས་རང་ཚོར་རྣལ་མ་ཚིག་རིས་སུ་བསྟར་པའི«ལྷུག་རྩོམ་བྱིས་པའི་སེམས་རིས» དཔལ་ལྡན་གྱིས་བསྒྲིགས།

བརྩེ་སེམས་ཟབ་མོའི་རང་མདངས་གསལ་ཞིང་། དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པ། ནང་སེམས་ཡར་སྐུལ་གྱི་ལྷག་བསམ་འཁོལ་བ། དུས་རབས་ཀྱི་ཉམས་འགྱུར་ལྡན་པའི«སྙན་རྩོམ་བྱིས་པའི་དབྱངས་རྟ» དཔལ་ལྡན་གྱིས་བསྒྲིགས།

མི་ཚེ་དོན་ཡོད་དུ་སྐུལ་བའི་གདམས་ངག་ལྡན་པ། དཀའ་བ་གདོང་གཏོད་ཀྱི་སྤོབས་པ་སྩོལ་བ། འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ཐད་ཤན་ཤུགས་ཐེབས་ཤིང་། གནམ་ས་གདུང་འདེགས་ཀྱི་ཀ་བར་ཇི་ལྟར་གྱུར་པའི་བྱུང་བརྗོད་མཚར་བོའི«མིང་གྲགས་མི་སྣའི་མཚར་གཏམ» རྟ་མགྲིན་རྡོ་རྗེས་སྒྱུར་སྒྲིག་བྱས།

སྐྱོ་སེམས་སྤྲོ་བར་བསྒྱུར་པའི་ཤེས་རབ་དང་ལྡན་པའི་སྨྲ་བརྗོད། སྐྱོན་ཡོན་སྒྲོ་སྐུར་མེད་པར་ནང་སེམས་སུ་འཇེབས་པའི་སྒྱུ་རྩལ། བདག་གཞན་སྐད་ཅིག་ལ་སྦྲེལ་པའི་མཉེན་ལྕུག་གི་ཞགས་ཐག ངུ་ཁར་དགོད་སྒྲ་འབྱིན་པའི«ཁ་མཚར་བྱིས་པའི་ཁོང་འཛུམ»ཚེ་རིང་དོན་གྲུབ་ཀྱིས་བསྒྲིགས་པ་བཅས་དེབ་ལྔའི་བདག་ཉིད་ཅན་འདི་ཡང་དེབ་ཕྲེང་ཁག་དང་པོའི་རྒྱུན་མཐུད་དེ། སྔར་བཞིན་དེབ་ཚད་ཆུང་ཞིང་ཤོག་ངོས་བརྒྱ་ཙམ་སྟེ། ཡིག་འབྲུ་ཁྲི་བདུན་ལས་མི་བརྒལ་བར་བཟོས་པ་གང་། བརྗོད་བྱ་བྱིས་པའི་བློ་ཁ་དང་འཚམས་པས་གོ་སླ་ཞིང་ཡིད་དུ་འཇེབས་པ། རྗོད་བྱེད་རང་སྐད་རྣལ་མའི་ཁྱད་ཆོས་འཛོམས་པས་བབ་ཆགས་ཤིང་རྣར་སྙན་པ། མཚོན་ཐབས་སྔོན་མའི་སྲོལ་གྱི་རྒྱུན་བསྐྱངས་ཐོག དེང་རབས་ཀྱིས་ཟུར་བརྒྱན་པས་མཚར་སྣང་སྐྱེད་པ་གང་དེར་མི་ཡུལ་གྱི་བརྩེ་སེམས་གཏམས་ཀྱང་སླད་མེད་ཀྱི་བྱིས་བློས་ཁེངས། ཀློག་མཁན་ཆུང་ཆུང་རྣམས་ཀྱིས་ཚིག་སྦྱོར་གྱི་མཛེས་སྡུག་མྱོང་བའི་གོ་རིམ་ཁྲོད་མི་ཚེའི་སྤང་བླང་གི་གནད་ངེས་པ། དཔེ་ཀློག་གི་སྤྲོ་བ་འདྲེན་ཞིང་དོན་དག་ཅི་ལའང་བསམ་གཞིག་གི་གོམས་གཤིས་གྲུབ་པར་རྟེན་འབྲེལ་གྱི་ཡན་ལག་ཏུ་འགྱུར་བར་ཤོག་ཅེས་སྨོན་པ་དང་བཅས་དེབ་ཕྲེང་འདིའི་གཙོ་སྒྲིག་པའི་མིང་ཙམ་འཛིན་པ་ཚེ་གྲུབ་ཏུ་འབོད་པས་གུས་ཕུལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།