«ཀྲུང་གོའི་གནའ་རྩོམ་གྲགས་ཅན་བོད་འགྱུར་དཔེ་ཚོགས»འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-14 16:01:58 ཀློག་གྲངས།:
       «གངས་རྒྱན་ན་ཆུང་ཚགས་པར»རྩོམ་སྒྲིག་ཁང་གིས་ན་ཆུང་རྣམས་ཀྱི་དགོས་མཁོར་དམིགས་ཏེ་ཆེད་དུ་པར་གཞི་གང་མང་ལ་ཡང་ཡང་བསྡུར་མཐར། ཀྲུང་གོ་དཔེ་ཁང་དཔེ་སྐྲུན་ཁང་གིས་གོ་བདེ་ཉིང་བསྡུས་དེབ་ཏུ་པར་སྐྲུན་བྱས་ཤིང་། སློབ་མའི་སྐད་ཡིག་གི་བསླབ་ཚན་ཚད་གཞིའི་ངེས་བཀླག་དཔེ་ཚོགས་སུ་ཚུད་པའི་དེབ་བཅུའི་བདག་ཉིད་ཅན་གྱི«ཀྲུང་གོའི་རྩོམ་རིག་བསྟན་བཅོས་གྲགས་ཅན་གན་མཛོད»ཅེས་པའི་དཔེ་ཚོགས་འདི་བོད་ཀྱི་ན་ཆུང་རྣམས་ལ་མི་རིགས་གཞན་གྱི་བསྟན་བཅོས་སུ་བགྲངས་པའི་རྩོམ་རིག་བརྩམས་ཆོས་ནི་ག་འདྲ་ཞིག་ཡིན་པ་མཚམས་སྦྱོར་བ་ལ་ཤིན་ཏུ་འཚམ་པར་མཐོང་སྟེ། ལོ་དུ་མའི་སྔོན་ནས་ལོ་ཙཱའི་དཔུང་སྡེ་ཞིག་རྩ་འཛུགས་སྒོས་ཤ་འབད་རུས་འབད་བྱས་མཐར། ད་ལྟ་དངོས་སུ་པར་སྐྲུན་འགྲེམ་སྤེལ་གྱི་སྦྱོར་བ་རྩོམ་ཐུབ་པར་གྱུར་པ་འདིར་རྟེན་འབྲེལ་ཞུ་འོས། ཐེངས་འདིའི་ལས་གཞིར་ཞུགས་པའི་ལོ་ཙཱ་པ་རྣམས་ནི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་བྱ་བ་གཉིས་ཀའི་ཆ་ནས་ཉམས་མྱོང་ཅན་དང་ཀློག་མཁན་གྱི་ནང་སེམས་སུ་གོ་ཐོབ་ཅན་དུ་གཏོགས་པ་ཏག་ཏག་རེད་འདུག
       ཐེངས་འདིའི«ཀྲུང་གོའི་གནའ་རབས་རྩོམ་རིག་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས»ཞེས་པའི་དེབ་ཕྲེང་འདིར། རྒྱའི་གནའ་རབས་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་བཞི་རུ་བགྲངས་པའི«ཐོག་ཁང་དམར་པོའི་རྨི་ལམ»དང་། «རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད» «ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་ཟིན་བྲིས» «ཆུ་ངོགས་གཏམ་རྒྱུད»ལས་གཞན། དམངས་ཁྲོད་དུ་མི་རབས་ནས་མི་རབས་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང་། སུང་རྒྱལ་རབས་ཀྱི་སྐབས་སུ་ཅིན་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དཔའ་རྒོད་ཡོ་ཧྥེའི་གཏམ་རྒྱུད་དུ་སྦྱར་པའི«ཡོ་ཧྥེའི་མི་ཚེའི་གཏམ་རྒྱུད» སའེ་རྒྱལ་རབས་ཀྱི་མཇུག་ཏུ་འབངས་བྱིངས་སྡུག་བསྔལ་གྱི་འོབས་དོང་དུ་ཚུད་པས་ཐབས་ཟད་ནས་གྱེན་ལོག་བྱས་ཏེ་ཆིན་ཝང་ལི་ཧྲི་རྨིན་ལ་སྡོང་གྲོགས་སྒོས་དཔའ་ཚོགས་ཀྱི་རུ་སྣ་གཅིག་ཏུ་དྲངས་ཤིང་། ལི་ཡོན་ལ་རྒྱབ་ནས་བསྐྱོར་ཅིང་གཞོགས་སུ་བཏེགས་ཏེ་རྒྱལ་སར་བཀོད་པའི་ལོ་རྒྱུས་ལ་སྦྱར་པའི«སའེ་དང་ཐང་གི་ལོ་རྒྱུས་གཏམ་རྒྱུད» ཀྲུང་གོའི་གནའ་རབས་ཀྱི་དམག་ཐབས་ཇུས་བློ་སོ་དྲུག་ཅེས་དེང་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སུ་ཚུད་པའི་དཔེ་ཆོས་གཏམ་རྒྱུད«ཇུས་བློའི་ཁུག་པ་སོ་དྲུག» ཧྲང་དང་ཀྲུའུ་བར་གྱི་གཡུལ་འགྱེད་ལྷ་སྒྲུང་དུ་སྦྱར་པའི«ལྷ་རུ་བསྐོས་པའི་སྒྲུང» ཆིང་རྒྱལ་རབས་ཀྱི་ཡ་ང་བའི་སྤྱི་ཚོགས་ཀྱི་ངོ་བོ་དང་ལུགས་སྲོལ་ངན་པར་ངོ་རྒོལ། ཕུགས་བསམ་རང་བཞིན་གྱི་འཇིག་རྟེན་མཐུན་སྣང་ལ་སྙེག་པ་སོགས་བསྡུས་བརྗོད་དུ་མངོན་པའི་མཚར་སྒྲུང«ལིའོ་ཀྲའེ་མཚར་སྒྲུང» སུང་བྱང་མའི་དུས་སྐབས་སུ་ལིའོ་དང་མི་ཉག་གི་བཙན་འཛུལ་ལ་གདོང་གཏད་པའི་དབྱང་ཚང་གི་དཔའ་བོའི་བྱུང་བརྗོད«དབྱང་ཚང་གི་དམག་དཔོན»བཅས་འདུས་ཤིང་། བསྒྱུར་བྱ་རེ་རེ་བཞིན་མ་རྩོམ་རྨང་བྱས་ཏེ་རྒྱ་ཆེའི་ན་ཆུང་རྣམས་ཀྱི་བློ་ཁ་དང་འཚམ་པར་ཉིང་བསྡུས་སུ་བསྒྲིགས་སྟབས། དུས་ཡུན་ཐུང་ངུའི་ནང་དུ་མ་རྩོམ་སྤྱིའི་བརྗོད་དོན་སྟབས་བདེ་བོར་བློ་ངོར་འབྱོར་སླ་ཞིང་། ངེས་པར་དུ་སེམས་སུ་ཉར་འོས་པའི་ཕུལ་བྱུང་གི་ཆ་སོར་འཇོག་བྱས་ཡོད་པས་མ་རྩོམ་གྱི་ཉམས་འགྱུར་མྱོང་ཐུབ་ལ། གོ་བདེ་བབ་ཆགས་ཀྱི་རྗོད་བྱེད་དུ་དྲངས་པས་ཀློག་མོས་ཤིང་གང་དེའི་ཁོང་གསེང་དུ་ཡིད་སིམ་པར་འཇུག་བདེ།
རིག་ལྡན་རྒྱ་མཚོས་བསྒྱུར།
མཚོ་སྐྱེས་དོན་གྲུབ་ཚེ་རིང་དང་པ་སངས་ཀྱིས་བསྒྱུར།
ཨ་བུའམ་ཆོས་སྐྱོང་གིས་བསྒྱུར།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།
མི་ལ་ཙི་ཙིའམ་ཕུན་ཚོགས་རྒྱལ་གྱིས་བསྒྱུར།
མཛེས་སེའམ་ལྷོ་པ་འགྱུར་མེད་རྡོ་རྗེས་བསྒྱུར།
ན་རོའམ་ཤ་བོ་ཚེ་བརྟན་གྱིས་བསྒྱུར།
འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།
གེ་སར་རམ་དཔལ་ལྡན་གྱིས་བསྒྱུར།
ཁྲི་སེམས་དཔའ་འམ་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
       དེབ་ཕྲེང་འདི་ལས་མ་རྩོམ་ཇི་བཞིན་དུ་བོད་འགྱུར་དུ་སྤེལ་པ་ལ་དེང་རེ་འགའ་ལས་མ་མཐོང་ཞིང་། བྱ་ལས་འདིར་མཚོན་ན་ཁྱབ་ཁོངས་འདིའི་ཁྲོད་སྟོང་ཆ་བསྐངས་པའི་དོན་སྙིང་ལྡན་པ་ལས་གཞན། བོད་ཀྱི་ན་ཆུང་རྣམས་ལ་མི་རིགས་གཞན་གྱི་ལེགས་རྩོམ་ཕ་སྐད་ཀྱི་ལམ་ནས་དཔེ་ཀློག་མྱོང་རོལ་བྱེད་པ་ལ་མཐུན་རྐྱེན་སྦྱར་ཅིང་། བཀླག་བྱ་གདམ་གསེས་བྱེད་པའི་སྐལ་གླགས་ཤིག་ཀྱང་བསྟབས་པས་ཕུན་སུམ་ཚོགས་པའི་རྒྱུ་རུ་འགྱུར་བར་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།