བོད་ཀྱི་ན་གཞོན་ཚིགས་བཅད་སྙན་ངག་དཔེ་ཚོགས།

རྩོམ་པ་པོ།: ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2023-05-15 09:33:45 ཀློག་གྲངས།:
སྨིན་དྲུག་བོད་ཀྱི་ན་གཞོན་ཚིགས་བཅད་སྙན་ངག་དཔེ་ཚོགས་པར་དུ་བསྐྲུན་པ།
 
གཅན་རང་སད། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་པར་གཅན་ཚ་རུ་སྐྱེས། སྙན་དེབ«ཤམ་བྷ་ལའི་ཅོང་སྒྲ»དང«ལང་ཚོའི་ཞབས་རྗེས» «མི་ཡུལ་འགྲིམ་པའི་གད་རྒྱངས» «དབྱངས་ཅན་མ་འཚོལ་བ» «ཤིང་སྐྱ་ཆུ་རིས»བཅས་པར་སྐྲུན་འགྲེམས་སྤེལ་བྱས། “ཚངས་སྲས་བུམ་པ”རྟགས་མའི་སྲོལ་རྒྱུན་སྙན་ངག་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་དང་། རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་བསྡུར་ཁྲོད་ཨང་གཉིས་པ། “སྦྲང་ཆར་རྩོམ་རིག་བྱ་དགའ”སོགས་ཞིང་ཆེན་ཕྱི་ནང་གི་བྱ་དགའ་མང་བོ་ཐོབ་མྱོང་། ད་ལྟ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་དགེ་རྒན་གྱི་བྱ་བ་གཉེར་མུས་སུ་མཆིས།
       «ཚངས་སྲས་མཆོད་པ»ཞེས་པའི་སྙན་དེབ་འདི་ནི། ཁོ་བོས་བྲིས་པའི་སྙན་ངག་གི་དེབ་ཕྲེང་དྲུག་པ་སྟེ། སྲོལ་རྒྱུན་སྙན་ངག་རྐྱང་བས་གྲུབ་པའི་ཆེད་དེབ་དམིགས་བསལ་བ་ཞིག་ཡིན། དེ་ཡང་ཀླད་ཀྱི་མཆོད་པར་བརྗོད་པ་དང་མཇུག་གི་སྨོན་ཚིག་ཚུན་ཆད་སྔོན་བྱོན་མེས་པོ་དག་གི་རྩོམ་སྲོལ་ལ་སྒོ་བསྟུན་ནས། ངག་གི་ལྷ་མོ་དབྱངས་ཅན་མ་ལ་རྩེ་གཅིག་ཏུ་མཆོད་པར་བརྗོད་ཅིང་འདོད་དོན་གསོལ་བའི་སྙན་ཚིག་དུམ་བུས་དབུ་བསླངས་ཤིང་། ནང་དོན་གྱི་ཕྱོགས་ནས་འཇིག་རྟེན་ཕོ་མོའི་འདོད་བརྩེ་བརྗོད་པ་ཁོ་ནའི་ཕྱོགས་སུ་མ་འཆེལ་བར། ཆོས་སྲིད་ལུགས་གཉིས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་གནད་ལ་གཞོལ་ཅི་ཐུབ་བགྱིས་པ་དང་། ཚིག་སྦྱོར་གྱི་ཐད་ནས་ཀྱང་རྡོ་ཆག་བཙན་སྒྲིག་གི་ཨུ་ཚུགས་སྤངས་ཏེ་ཕུ་ཆུ་ལྷུང་ལྷུང་དུ་འབབ་པ་ལྟ་བུའི་རྩོལ་མེད་རང་བྱུང་གི་ཉམས་འགྱུར་ལྷུ་རུ་བླངས་ཤིང་རྩལ་དུ་བཏོན་ནས། མི་རིགས་རང་གི་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་མཐུན་པའི་སྲོལ་རྒྱུན་སྙན་ངག་གི་རྩོམ་འགྲོས་རྣལ་མས་གཞུང་བསྲིངས། ཁ་གསལ་གོ་བདེའི་ངག་སྦྱོར་གྱི་མེ་ལོང་ལས་བརྗོད་བྱའི་གཟུགས་བརྙན་གསལ་བོར་སྟོན་པའི་འབོལ་རྩོམ་སྙན་ངག་གི་རྩོམ་སྟངས་ཀྱིས་ཟུར་བརྒྱན་ཏེ་གྲུབ་པ་ཞིག་ཡིན།
       མདོར་ན། སྙན་དེབ་འདི་ཡང་རང་ཉིད་ཀྱིས་མི་ཚེ་གཅིག་གི་དགའ་ཕྱོགས་མ་དོར་ཙམ་དུ་སྲོལ་རྒྱུན་སྙན་ངག་གི་ལག་ལེན་ལ་ཨ་འཐས་ཨུ་ཚུགས་ཀྱིས་འཐམས་ཏེ་ཆུ་བོ་གྲམ་བརྒྱུད་དང་རྡེའུ་ལག་བརྒྱུད་ཀྱི་ཚུལ་དུ་ཕྱོགས་འདི་ལ་མོས་པ་ཡོད་པའི་སྙན་ངག་གི་ལས་དང་པོ་བ་རྣམས་ལ་གཟིགས་བཟོས་སུ་ཕུལ་ཁུལ་ལགས་པས། མ་མཐར་ཡང་རྩོམ་རིག་ལ་གློ་བ་དཀར་བའི་ཉམ་ཆུང་གི་འགྲུལ་བཞུད་པ་ཞིག་གིས་རང་ཉིད་ཀྱི་མི་ཚེའི་བཤུལ་ལམ་གྱི་ངོགས་ལ་བཏབ་པའི་ཚོར་བའི་རི་མོའམ་རྔུལ་ཆུའི་འོད་ཟེར་ཙམ་ཡིན་པར་བསྙོན་དུ་མེད་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པས་མཉེས་གཤིན་དུངས་པའི་ཟུར་མིག་ལན་གཅིག་གཡོ་བར་རིགས།
__________
དཀོན་མཆོག་རྒྱལ་པོ། མདོ་སྨད་རེབ་གོང་བྱང་ཆུབ་ཏུ་སྐྱེས། སྔ་གཞུག་ཏུ་རྨ་ལྷོ་ཁུལ་དགེ་འོས་སློབ་གྲྭ་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་སོགས་སུ་སློབ་གཉེར་བྱས། སྙན་ངག་གཙོས་ལྷུག་རྩོམ་དང་དཔྱད་རྩོམ། བསྒྱུར་རྩོམ་སོགས་རྩོམ་རིག་བརྩམས་ཆོས་དྲུག་ཅུ་ལྷག་དུས་དེབ་ཁག་ཏུ་བཀོད། རྩོམ་རིག་བྱ་དགའ་འགའ་རེ་ཡང་རག་མྱོང་། བརྩམས་ཆོས་ལ«བྱང་ཆུབ་ལམ་གྱི་རིམ་པའི་གཞུང་ལུགས་ཀྱི་བྱུང་འཕེལ»དང«རླུང་གི་རོལ་མོ»སོགས་ཡོད། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ། ད་ལྟ་རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་སློབ་གསོའི་བྱ་བ་སྒྲུབ་བཞིན་ཡོད།
       «ཆར་བའི་མེ་ཏོག»ནི་སློབ་གསོའི་ལས་ཀའི་ཞོར་དུ་བྲིས་པའི་ཚིགས་བཅད་སྙན་ངག་དག་ལས་འདོར་ལེན་གྱིས་གྲུབ་པའི་སྙན་དེབ་ཅིག་ཡིན། དེའི་ཁྲོད་ཀྱི་སྙན་ངག་ཚིགས་བཅད་གཅིག་ལ་མཚོན་ནའང་། ཚོར་བ་ཁོ་ན་དང་རྗོད་བྱེད་སྙན་མི་སྙན་ཙམ་གྱི་དབང་དུ་མ་སོང་བར། དུས་རྒྱུན་དཔེ་ཀློག་ཁྲོད་དུ་མངོན་པའི་གཏན་ཚིགས་ཀྱི་ཆ་རེ་རེ་དང་སྤྱི་ཚོགས་འཚོ་བ་དངོས་ཀྱི་ཉམས་མྱོང་དང་སྦྱར་ཏེ་གྲུབ་པ་ཞིག་ཡིན་པས། རང་ཉིད་ལ་མཚོན་ན། སྒེར་གྱི་ངོ་གདོང་དང་གཤིས་ཀ་མཚོན་ཐུབ་པའི་བརྩམས་ཆོས་ཤིག་ཏུ་བསམ་བཞིན་ཡོད། ལྷག་པར་དུ་སྔོན་བྱོན་མཁས་པ་རྣམས་ཀྱི་སྲོལ་རྒྱུན་སྙན་ངག་གི་རྩལ་ལ་ཡི་རང་ཤོར་བའི་སློང་མོ་པ་ཞིག་དང་། ད་ལྟའི་དེང་རབས་སྙན་ངག་ལ་མཛའ་བརྩེ་སྟོན་པའི་སྐྱ་བོ་ཞིག་ཡིན་པའི་ཆ་ནས། «ཆར་བའི་མེ་ཏོག»བཞད་པའི་མཛེས་སྡུག་ཀྱང་དཀར་རྐྱང་དང་ཡང་ན་དམར་རྐྱང་ཁོ་ན་ལྟ་བུ་ཞིག་མ་ཡིན་པར། ནང་སེམས་ཀྱི་མཁའ་དབྱིངས་སུ་རྒྱུ་བའི་བསམ་གཞིག་གི་སྤྲིན་ཕུང་ལས་ཁྲ་ཆིལ་ལེར་འཐོར་ཞིང་བརླན་ཤིག་གེར་མངོན་པའི་མཐའ་ཡས་པའི་ལོངས་སྤྱོད་ཅིག་ཡིན་ནོ།། «ཆར་བའི་མེ་ཏོག»ནི་ཕྱིར་དྲན་གྱི་རི་སྒང་ན་འཛུམ་པའི་ཨ་མེས་ཀྱི་ཕྱག་ལ་ཐོགས་པའི་མ་ཎི་འཁོར་ལོ་དེ་ཡིན། «ཆར་བའི་མེ་ཏོག»ནི་ཨ་མའི་རྒས་གཉེར་བར་ན་རུམ་པའི་བྱམས་བརྩེ་ཡི་གཏམ་རྒྱུད་རིང་མོ་དེ་ཡིན། «ཆར་བའི་མེ་ཏོག»ནི་གྲོང་ཁྱེར་གྱི་སྒེའུ་ཁུང་ལས་མཐོང་མི་ཐུབ་པའི་རྨི་ལམ་ནང་གི་ཕ་ཡུལ་དེ་ཡིན། «ཆར་བའི་མེ་ཏོག»ནི་སྲོལ་རྒྱུན་གྱི་དབྱངས་རྟ་ལ་བརྒྱུས་པའི་རྣམ་ཤེས་ཀྱི་འབོད་པ་དེ་ཡིན། ཆར་བའི་མེ་ཏོག མེ་ཏོག་ཆར་བ།
_________
གྲགས་པ་རྒྱ་མཚོའམ་ས་དམར་གྲགས་པ། ཡང་ན་གཡག་རྭ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ།ལོ་རབས་བརྒྱད་ཅུའི་ནང་མདོ་སྨད་ཅོ་ནེ་ས་དམར་དུ་སྐྱེས། ལོ་ངོ་དུ་མར་ཀན་ལྷོ་དང་། མཚོ་སྔོན། བོད་ལྗོངས་དང་པེ་ཅིན་སོགས་སུ་རྩོམ་རིག་གི་ཤེས་བྱ་སྣ་ཚོགས་ལ་སློབ་གཉེར་བྱས། «སྦྲང་ཆར»དང«མི་དམངས་རྩོམ་རིག»«བོད་ལྗོངས་རྩོམ་རིག»སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་པར་སྟེང་སྙན་ངག་གཙོས་བརྩམས་ཆོས་གང་མང་བཀོད། སྔ་རྗེས་སུ“ཟླ་ཟེར་རྩོམ་རིག་བྱ་དགའ”དང་། ཨི་ཐ་ལིའི“རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ”ལས“རྒྱལ་ཕྱིའི་གཟེངས་ཐོན་རྩོམ་རིག་བྱ་དགའ”སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ«སེམས་ཚེགས»དང་། སྙན་ངག་དེབ«གཡོས་ཁང་གི་མདོ» རྒྱ་ཡིག་གི་སྙན་ངག་དེབ«ཕོར་པར་ཟགས་པའི་ཟླ་བ་ན་རེ»སོགས་དེབ་བདུན་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་དབྱིན་སྐད་དང་། ཨི་ཐ་ལིའི་སྐད། སི་ཕེན་གྱི་སྐད་སོགས་ཡིག་རིགས་བདུན་དུ་བསྒྱུར་ཡོད།
       ངས་ནི་དུས་རྒྱུན་དུ་རྩོམ་རིག་ནི་འདས་སོང་གི་འཚོ་བ་ལས་རྙེད་པའི་དེ་རིང་གི་སེམས་ཚོར་ཞིག་དང་། སང་ཉིན་གྱི་དགོས་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད། «ངག་གཉོམ་པོ»ཞེས་པའི་སྙན་དེབ་འདིའི་ནང་གི་སྙན་ངག་ཡོད་ཚད་ཀྱང་ང་ཡར་འགྲོ་མར་རྒྱུག་གི་སྐབས་དང་། དཔེ་ཀློག་གི་སྐབས། དྲན་ཤེས་སུ་འཁོར་བའི་ལས་མང་བོ་ཁ་བ་བཞིན་འབབ་པའི་སྐབས་སུ་བྲིས་ཤིང་། མི་ལོ་བཅུ་གཉིས་ཀྱི་དུས་ཚོད་འཐོར་དུ་མ་བཅུག་པའི་མདུད་པ་ཡིན། སྙན་ངག་འདི་དག་ཏུ་ངའི་དགའ་སྐྱོ་ཆགས་སྡང་མ་ལུས་པ་འདུས་ཡོད་ཅེས་བཤད་མི་ཕོད་ཀྱང་། ངའི་མཐོང་ཐོས་མྱོང་གསུམ་གྱི་རུ་མ་འདྲེས་ཡོད། སྤྱིར་མི་བུ་སྒེར་པ་རེ་རེར་མཚོན་ན་འཁོར་བའི་དགེ་སྡིག་དང་། སེམས་ཀྱི་ལྟ་ཕྱོགས། འཚོ་བའི་མྱོང་རོལ་གྱི་ཚད་སོགས་མི་འདྲ་བ་མང་སྟབས། ང་འདིའོ་ཞེས་སྨྲས་ཀྱང་། ངོ་བོ་གཞན་པ་ཞིག་ཏུ་འགྱུར་འགྲོ་བའང་སྙན་ངག་གི་དགོས་པའམ་དགེ་བ་གང་དེ་ཡིན་པས་མང་དུ་མི་བཤད་དོ། །
       ང་ཐར་འདོད་ཀྱི་སེམས་པ་ཆུང་བ་དང་། རང་ཉིད་ཀྱི་བློ་ཆུང་ཞིང་རང་ཉིད་རྟོགས་དཀའ་བ། རང་ཉིད་ཀྱི་ཏིང་འཛིན་རྒྱ་མ་ལྟ་བུར་གྱུར་པའི་དེ་རིང་། སྙན་དེབ་འདི་འདྲ་ཞིག་ཁྱེད་ཅག་གི་སྤྱན་སྔར་འབུལ་ཐུབ་པ་བྱུང་བ་ནི། ང་ལ་མཚོན་ན་ཁ་ཤུལ་ཉི་མ་དྲོ་བ་ལྟར་དགའ་མགུ་ཆེན་པོ་བྱུང་ཡོད། ཡིན་ནའང་། མི་ནི་མ་རིག་པ་ལས་སད་འདོད་ཀྱི་སྲོག་ལྡན་ཞིག་ཡིན་པས་ངའང་དེ་བཞིན་ནོ། །དེ་མ་གཏོགས་སྙན་དེབ་འདི་ལ་ཧ་ལས་པའི་དགོས་པ་འདི་ཡོད་ཅེས་བཤད་མི་ཕོད་ལ། དེ་འདྲའི་བློ་ཁོག་ཀྱང་མེད་དོ། །
_________
བཀྲ་ཤིས། སྨྱུག་མིང་ལ་ཧྲང་བུ་བཀྲ་ཤིས་ཟེར། 2000ལོར་དབུས་གཙང་རུ་བཞིའི་ཡ་གྱལ་གཡས་རུ་ཤངས་ཀྱི་རྩད་དཀར་ཞེས་པའི་གྲོང་ཚོར་སྐྱེས། 2022ལོར་བོད་ལྗོངས་སློབ་ཆེན་བཟོ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན། སྔ་རྗེས་སུ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་དུས་དེབ་དང་ཚགས་པར་ཁ་ཤས་སུ་སྙན་ངག་དང་ལྷུག་རྩོམ་རེ་འགའ་སྤེལ་མྱོང་།
       ཁོ་བོའི་སྙན་དེབ«རྩད་དཀར་རྫ་ཆུ»ནི་བགྲང་བྱ་བཞི་ཡི་སློབ་ཆེན་འཚོ་བའི་དགའ་སྐྱོ་ཆགས་སྡང་གསལ་བའི་མེ་ལོང་ལྟ་བུ་ཞིག་ཡིན། སྐྱིད་རེས་སྡུག་རེས་ཀྱི་འཚོ་བའི་ཁྲོད་ནས། མིའི་སེམས་རྒྱུད་དུ་ལྷན་སྐྱེས་ནས་ཡོད་པའི་བརྩེ་བ་གཙོ་ཆེར་བྲིས་ཤིང་། ཉེ་འགྲམ་གྱི་མི་སྣ་སྐོར་ཞིག་དང་། ཡུལ་ལྗོངས། དེ་དག་ལས་བསྐྱེད་པའི་དྲན་གདུང་དང་ཚོར་འདུ་བརྗོད་བྱ་རུ་བླངས་ནས་མཚར་སྡུག་བཀྲ་བའི་དབྱངས་གསལ་སོ་བཞིའི་གཟུགས་སུ་བཅོལ་གང་ཐུབ་བགྱིས་པ་ལགས། རྩོམ་རིག་ཡོད་པས་ཁོ་བོའི་ཁེར་རྐྱང་ལ་མཛེས་པ་གཞན་ཞིག་མཆིས་ཤིང་། རྩོམ་རིག་ལ་དགའ་བས་ཁོ་བོའི་དུས་ཚོད་ལ་དོན་སྙིང་གཞན་ཞིག་ལྡན་ཡོད། «རྩད་དཀར་རྫ་ཆུ»ཡང་ཁེར་རྐྱང་གི་མཛེས་པ་ལས་འཁྲུངས་ཤིང་། དུས་ཚོད་ཀྱི་སྐྱེད་ཚལ་དུ་བཞད་པའི་རྩོམ་རིག་གི་མེ་ཏོག་ཆུང་ཆུང་ཞིག་ཏུ་རུང་ན།དེ་ནི་ཁོ་བོ་རྩོམ་པའི་ལམ་ཕྲན་དུ་བསྐྱོད་པའི་སེམས་ཤུགས་བརྟན་པོ་ཞིག་ཀྱང་ལོས་ཡིན།
_________
འཇིགས་མེད་འོད་བཟང་རྒྱ་མཚོ། སྨྱུག་མིང་ལ་གངས་ཤར་དུ་འབོད། ལོ་རབས་བརྒྱད་ཅུའི་ནང་མཚོ་ལྷོ་ཞིན་ཧེ་རུ་སྐྱེས། ཕོ་ལོ་ཉེར་གཉིས་ནས་བཟུང་གསར་རྩོམ་གྱི་ལས་སུ་ཞུགས། «སྦྲང་ཆར»དང«གངས་རྒྱན་མེ་ཏོག» «ཟླ་ཟེར»སོགས་དུས་དེབ་སྟེང་བརྩམས་ཆོས་གང་མང་སྤེལ་མྱོང་། 2020ལོར«སྙན་ངག་གཅེས་སྒྲིག»དང་། «པྲ་ཏིའི་སུམ་རྟགས་ཀྱི་མཆན་འགྲེལ» «དཔྱད་རྩོམ་དང་ལྷུག་རྩོམ་གཅེས་སྒྲིག»བཅས་པོད་བདུན་གྱི་བདག་ཉིད་ཅན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
       «ལམ་གྱི་ཕྱི་མིག»ནི་ཚིགས་བཅད་སྙན་ངག་ཁོ་ནས་གྲུབ་པ་དང་། སྙན་ངག་འདིའི་རྗོད་བྱེད་ཀྱི་ཚིག་གི་ཉམས་ལ་མེ་ལོང་མའི་རྩོམ་ལུགས་ཀྱིས་ཀུན་ནས་ཕྱུག་པས་སྲོལ་རྒྱུན་སྙན་ངག་གི་འཕྲིན་ལས་བླ་རུ་བཏེགས་ཡོད་ཅིང་། རྣམ་དཔྱོད་ཀྱི་མཛེས་སྙིང་འབུར་དུ་བཏོན་ནས་བརྩམས་པས། «ལམ་གྱི་ཕྱི་མིག»གི་ཕྱི་ནང་ན་བཞད་པའི་མཛེས་སྡུག་དང་སྣང་བ། དྲན་འཆར་དང་བརྩེ་བ། རྨི་ལམ་དང་འདས་དོན་སོགས་ཀྱིས་སྙན་ངག་གི་མཁའ་དབྱིངས་སུ་འོད་སྣང་རིམ་པ་ཞིག་སྦྱིན་ཐུབ་པར་རེ་སྒུག་དང་ཡིད་ཆེས་ཡོད། མདོར་ན་ཚིགས་བཅད་སྙན་ངག་གི་གདངས་ཆ་རབ་ཏུ་རྫོགས་ཤིང་བརྗོད་དོན་ཕུན་སུམ་ཚོགས་པ་བཏུས་པའི་ལམ་གྱི་ཕྱི་མིག་གི་མཛེས་དཔལ་བཞིན་གསུམ་ནི་ཆེས་སྙིང་དུ་སྡུག་པར་སྙམ། ཡིན་ནའང་། སྙན་དེབ་འདི་ནི་བཟང་ངན་ལེགས་ཉེས་ཀྱི་བདར་ཤ་གཅོད་པའི་དབང་ཆ་ནི། བློ་གཟུ་བོར་གནས་ཤིང་བསམ་གཞིག་ཞིབ་ཕྲ་གཏོང་བའི་དཔྱད་བརྗོད་པ་དང་། ཀློག་པ་པོ་ཚོར་དབང་བ་ཡིན་ནོ། །
_________
རྐྱང་རྩེ་རྡོར་ལྷུན། དངོས་མིང་ལ་རྡོ་རྗེ་ལྷུན་གྲུབ་ཟེར། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་མཇུག་ཏུ་མདོ་སྨད་སྒོ་མེ་ཞོལ་མར་སྐྱེས། 2016ལོར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྔ་རྗེས་སུ«བུ་ཆུང་གི་སེམས་པ»(སྒྲུང་གཏམ)དང་། «པད་དཀར་མཆོད་དབྱངས»(ལྷུག་རྩོམ) «བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་ཤིས་ཚིག་དུང་གི་སྒྲ་དབྱངས»(སྙན་ངག) «བོད་ཀྱི་སྲོལ་རྒྱུན་གྱི་བསྟོད་རྩོམ་གླེང་བ»སོགས་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་བརྒྱ་ཕྲག་ལྷག་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་སྤེལ་མྱོང་། ད་ལྟ་ཁྲི་ཀར་སློབ་གསོའི་བྱ་བ་སྒྲུབ་བཞིན་ཡོད།
       «རླུང་གི་ཕོ་ཉ»ཞེས་པའི་དེབ་ཆུང་འདི་ནི། ཁོ་བོས་སྲོལ་རྒྱུན་རྩོམ་སྲོལ་གྱི་ལམ་ནས་བརྩམས་པའི་སྙན་དེབ་ཐོག་མ་སྟེ། འདིར་བདམས་པའི་སྙན་ངག་ཕལ་མོ་ཆེ་ནི། དེ་སྔར«སྦྲང་ཆར»གཙོས་པའི་ཚད་ལྡན་དུས་དེབ་དག་ཏུ་བཀོད་ཟིན་པ་ཤ་སྟག་དང་། ཁོ་བོས་མི་ལོ་སུམ་ཅུའི་རིང་བྲིས་པའི་ཚིགས་བཅད་སྙན་ངག་རིང་ཐུང་ཅི་རིགས་གྲངས་བརྒྱད་ཅུར་བརྒལ་པ་ལས། ཚེག་བར་རམ་སྙན་ངག་ཅུང་རིང་གྲས་ཏེ་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་འབུར་དུ་དོད་པ་དག་ལེགས་པར་བདམས་ཤིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་ཕན་སླེབས་ཅུང་ཙམ་ཨེ་བདོག་སྙམ་པའི་ཀུན་སློང་བཟང་བོས་བསྡུས་པ་ཞིག་ཡིན། དེབ་ཧྲིལ་པོའི་སྙན་ངག་ཡོད་དོ་ཅོག་དུངས་བརྗོད་དང་དོན་བརྗོད་གཉིས་ཀྱིས་མཚོན་ཞིང་། སོ་སོར་ཚོར་འདུའི་འདུ་ཕུལ་ཆེ་ལ་ཚིག་རིས་ཀྱི་སྒེག་ཉམས་ལྡན་ཞིང་། ཡིད་འོང་རྒྱན་གྱིས་སྤུད་ལ་བརྗོད་བྱ་དོན་གྱིས་ཕྱུག་གང་ཐུབ་སྒོས། ད་ལྟའི་སྤྱི་ཚོགས་འཚོ་བར་བཅངས་པའི་དྲི་མ་མེད་པའི་དགའ་བ་དང་། བཅོས་མ་མིན་པའི་སྐྱོ་བ། མ་འོངས་འདུན་མའི་རེ་བ་བཅས་ཇི་བཞིན་མངོན་པར་བྱས་ཡོད་པར་མ་ཟད། དེ་དག་ཡོད་ཚད་རང་གི་ལུས་ནས་བཞུར་བའི་རྔུལ་ཁྲག་དང་གླེང་བར་འོས་པའི་འབྲས་བུར་བཅལ་ཡོད། དེ་ལྟ་བུའི་སྙན་ངག་འདི་དག་ནི་གཞི་ནས་ཁོ་བོའི་སེམས་ཁོང་ནས་བརྡོལ་བའི«རླུང་གི་ཕོ་ཉ»དེ་ཡིན་ལ། «རླུང་གི་ཕོ་ཉ»ནི་ཁྱེད་ཅག་ལ་སྤྲིངས་པའི་སེམས་གཏིང་གི་འཕྲིན་པ་དམར་པོ་དེའང་ལགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།