ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་དེབ་གསར«ཐོས་པ་དགའ»དཔེ་སྐྲུན་བྱས།
ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་དེབ་གསར«ཐོས་པ་དགའ»དཔེ་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:རླུང་ནག་འཚུབ་མ་འཕྲིན་སྟེགས།
དུས་ཚོད།:2023-05-26 15:36:52
ཀློག་གྲངས།:
ཉེ་ལམ། ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་དེབ་གསར«ཐོས་པ་དགའ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།



མཇུག་བྱང་།
ངའི«ཐོས་པ་དགའ། གཞི་རིམ་དགེ་རྒན་ཞིག་གིས་སློབ་ཁྲིད་སློབ་གསོ་གླེངས་པ»ཞེས་པའི་དེབ་འདིའི་ནང་དུ། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་གཞི་རིམ་ནས་སློབ་ཁྲིད་སློབ་གསོ་གཉེར་བའི་ལེགས་ཉེས་ཀྱི་བླང་བྱ། བརྡར་གཅོད་ཀྱི་གྲུབ་འབྲས། ཞིབ་འཇུག་གི་རིན་ཐང་། རང་ཉིད་ཀྱི་མྱོང་བ་སོགས་བསྡོམས་ཏེ་དོན་དངོས་ཤིག་འབྲི་ཁུལ་བྱས་པ་སྟེ། གཞི་རིམ་སློབ་ཁྲིད་སློབ་གསོའི་རིགས་ལམ་དང་། གཞི་རིམ་སློབ་ཁྲིད་སློབ་གསོའི་ལག་ལེན། གཞི་རིམ་སློབ་ཁྲིད་སློབ་གསོའི་མཐའ་དཔྱོད་བཅས་ས་བཅད་གསུམ་དུ་དབྱེ་བ་ཡིན། དེབ་འདི་མི་འགྱངས་པར་འགྲེམས་སྤེལ་བྱ་རྒྱུ་ཡིན་པས། རྒྱ་ཆེ་བའི་ཀློག་པ་བོ་རྣམས་ཀྱིས་ང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་རེ་ཡོད་པའི་རེ་བ་ཞུ།
དེབ་འདིའི་མགོ་མཇུག་བར་གསུམ་དུ་ལུང་རིགས་ལ་གཞི་བཅོལ་ཏེ་གནའ་དེང་ཟུང་འབྲེལ་གྱིས་དུས་རབས་ཀྱི་འགྲོས་དང་འགྲོགས་ནས་ཐོག་མར་དགེ་རྒན་གྱི་ཀུན་སྤྱོད་དང་། སྐད་ཆའི་སྒྱུ་རྩལ། ལུས་ཀྱི་ཉམས་འགྱུར་སོགས་ནི་སློབ་ཁྲིད་སློབ་གསོའི་རིན་ཐང་གི་བླང་བྱ་སྔོག་འདོན་བྱ་ཐབས་ཀྱི་གཞི་རྩའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། དགེ་རྒན་ཞིག་ལ་འཛོམ་དགོས་པའི་ཆེས་མ་མཐའི་ཆ་རྐྱེན་ཞིག་ཡིན་པ་ར་སྤྲོད་བྱས། དེར་བརྟེན། སམ་ངོས་ཇུས་འགོད་ནི་སློབ་མའི་མིག་མདུན་གྱི་མེ་ལོང་དང་ཡིད་ངོས་ཀྱི་འཆར་སྒོ་ཡིན་པ་སོགས་བརྗོད་གཞིར་བཟུང་བ་ཡིན། ཆ་རྐྱེན་འདི་དག་ལ་གཞི་བཅོལ་ཏེ་ན་ཆུང་བྱིས་པའི་སེམས་ཁམས་གསོ་སྐྱོང་ནི་སློབ་གསོ་ཀུན་གྱི་རྩ་བ་ཡིན་ལ་རྩེ་མོའང་ཡིན་པའི་བརྗོད་བྱ་སྲོག་ལ་འཛིན་དགོས་པའི་གལ་ཆེའི་རང་བཞིན་དང་། འབྲི་ཀློག་དོན་གསུམ་གྱི་སློབ་ཁྲིད་སློབ་གསོ་བྱ་ཐབས་ནི་སློབ་གསོ་རིག་པའི་དམིགས་ཡུལ་སྤེལ་ཐབས་གཙོ་བོ་ཡིན་པ། འཆད་ཉན་སྤེལ་གསུམ་གྱི་སློབ་ཁྲིད་སློབ་གསོའི་འདུ་བྱེད་ཀྱི་ཆོ་ག་སྤེལ་ཐབས་ནི་སློབ་ཁྲིད་ཀུན་གྱི་རྩ་བར་གྱུར་ཡོད་པ་སོགས། དུས་དང་རྣམ་པ་ཀུན་ཏུ་སློབ་ཁྲིད་སློབ་གསོའི་སྲོག་ཤིང་དུ་བཟུང་ནས་དམིགས་ཡུལ་ཡོད་པ། འཆར་གཞི་ལྡན་པ། ལག་ལེན་ཡོད་པ་བཅས་ཀྱི་འདུ་བྱེད་སྤེལ་ཐུབ་རྒྱུ་དེ་ཤིན་ཏུ་བདེན་པར་འབྲེལ་ཏེ། སློབ་གསོ་ནི་གོ་སྐབས་ལ་བརྟེན་དགོས་པ་དང་སློབ་ཁྲིད་ནི་འོས་འཚམ་གྱི་ཐབས་ལ་བརྟེན་དགོས་པ་གནད་ལ་བཟུང་བ་ཡིན། དེ་དང་སྦྲེལ་ཏེ་དགེ་སློབ་ཁྱིམ་གསུམ་ནི་ན་ཆུང་སློབ་མའི་འཚར་ལོངས་ཀྱི་འབྱུང་ཁུངས་ཡིན་ལ། རིག་གནས་ཀྱི་གཏེར་སྒོ་འབྱེད་སའང་ཡིན་པ་མ་ཟད། ངོས་ཀློག་འབྲི་གསུམ་གྱི་སློབ་ཁྲིད་སློབ་གསོའི་འདུ་བྱེད་ནི་སྐད་ཡིག་གི་རྨང་གཞི་འདིང་ཐབས་བྱེད་པའི་རྩ་བ་སོགས་ཡིན་པ། གཞུང་ལུགས་དང་ཉམས་མྱོང་། དོན་དངོས་ཀྱི་ལག་ལེན་དང་སྦྱར་ཏེ་གཞི་རིམ་སློབ་ཁྲིད་སློབ་གསོའི་རིགས་ལམ་ཞེས་དེབ་འདིའི་ས་བཅད་དང་བོར་དབྱེ་ཞིབ་བྱས་ཡོད།

སློབ་ཁྲིད་སློབ་གསོའི་འདུ་བྱེད་ཀྱི་ཆོ་ག་ནི་དམིགས་ཡུལ་ཡོད་པ། དགོས་མཁོ་ཡོད་པ། ནུས་མཐུ་ཡོད་པ། ཐབས་ཤེས་ཡོད་པ། གནས་ལུགས་ཡོད་པ། མགོ་རྔ་ཡོད་པ་ཞིག་ཡིན་དགོས་པའི་རྒྱུ་མཚན་གྱིས་སློབ་ཁྲིད་སློབ་གསོའི་ཐོག་མཐའ་བར་གསུམ་ལ་ང་ཚོས་དོ་སྣང་གལ་ཆེན་མི་བྱེད་ཀ་མེད་ཅིག་རེད། རེད་དེ། བརྗོད་བྱ་འདི་དང་དམིགས་ཡུལ་འདི་འགྲུབ་དགོས་ན་ངེས་པར་དུ་སློབ་ཁྲིད་མ་བྱས་ཡར་སྔོན་གྱི་སྒྲིག་གཞི་དང་སློབ་ཁྲིད་བྱེད་སྐབས་ཀྱི་སྒྲིག་གཞི། སློབ་ཁྲིད་བྱས་རྗེས་ཀྱི་སྒྲིག་གཞི་བཅས་ཁ་གསལ་ཞིང་འཐུས་ཚང་བ། བརྗོད་དོན་ཕུན་སུམ་ཚོགས་ལ་སྐབས་བབས་ཀྱི་གནད་ཟིན་པ་ཞིག་ཡིན་ན། ད་གཟོད་དགེ་རྒན་གྱིས་སྤེལ་བདེ་བའམ་སློབ་མས་འཛིན་སླ་བར་དགེ་མཚན་ཤིན་ཏུ་ཆེ་བ་ལྟ་བུ་རེད། ལྷག་པར་དུ་སློབ་ཁྲིད་སློབ་གསོའི་འདུ་བྱེད་ཀྱི་ཆོ་ག་ལེགས་འགྲུབ་ཡོང་མིན་དང་གྲུབ་འབྲས་སྨིན་མིན་ནི་སློབ་ཁྲིད་མ་བྱས་ཡར་སྔོན་གྱི་སྒྲིག་གཞི་འཐུས་ཚང་ཞིག་ཡོད་མེད་ལ་ཤིན་ཏུ་རག་ལས་པས། སློབ་ཁྲིད་བྱེད་སྐབས་ངེས་པར་དུ་འཁྲིད་ཆས་སོགས་འཐུས་ཚང་བའི་སྒོ་ནས་འཁྲིད་བྱར་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ། ཐབས་ལམ་ཡོད་པ་བཅས་ལ་བརྟེན་ནས་མགོ་རྩོམ་པའི་བརྒྱུད་རིམ་སྟེ། གླེང་སློང་བ། སྒྲིག་འཛུགས་བྱེད་པ། ཁྲིད་ཟིན་པའི་ཤེས་བྱར་སྲ་བརྟན་འཇོག་པ། གནད་འཛིན་པའི་བརྒྱུད་རིམ་སྟེ། སྔོན་སྦྱོང་བྱེད་པ། འཁྲིད་སྟོན་བྱེད་པ། འདུ་བྱེད་སྤེལ་བ། གནད་དོན་འཚོལ་བ། དབྱེ་ཞིབ་བྱེད་པ། མཇུག་སྡུད་ཀྱི་བརྒྱུད་རིམ་སྟེ། ཤེས་བྱ་སྲ་བརྟན་འཇོག་པ། སློབ་ཁྲིད་ཕྱོགས་སྡོམ་བྱེད་པ། སྦྱང་བྱ་བཀོད་སྒྲིག་བྱེད་པ་བཅས་མགོ་རྔ་ཡོད་པ། བརྒྱུད་རིམ་དག་པ། དལ་ལྷོད་རན་པ། གྲུབ་འབྲས་ཡོད་པར་ཁྲིད་སྟོན་བྱ་ཐུབ་དགོས་པ་དེ་ཤིན་ཏུ་གལ་ཆེ་བ་མ་ཟད། སློབ་ཁྲིད་བྱས་ཚར་རྗེས་སྦྱང་བྱ་དག་བཅོས་བྱ་རྒྱུ་ནི་སློབ་མའི་ལུས་ངག་ཡིད་གསུམ་གྱིས་སློབ་སྦྱོང་བྱེད་པའི་འདུ་བྱེད་སྣ་ཚོགས་ལ། དགེ་རྒན་གྱིས་ཡིག་ཐོག་དང་། ངག་ཐོག དོན་ཐོག་བཅས་ཕྱོགས་གསུམ་ནས་ཞིབ་བཤེར་དང་། རྒྱུས་ལོན། བརྡར་ཤ ལྟ་རྟོག་སོགས་བྱེད་པའི་དགེ་སློབ་ཐུན་མོང་གི་བྱེད་ནུས་ཁྱད་པར་ཅན་ཞིག་སྟེ། སྒོས་སུ་སྣེ་ཁྲིད་ཀྱི་ལམ་སྟོན་པ། མདོ་འཛིན་པ། མཛུབ་སྟོན་པ། ཞུ་དག་པ། འགན་ཁུར་བ་སོགས་ཀྱི་དོན་གཉེར་ཏེ་སློབ་མའི་ཕྱོགས་ཡོངས་ལ་དག་བཅོས་རབས་དང་རིམ་པ་བྱེད་པའི་ཐག་གཅོད་དང་གཏན་ཚིགས་རང་བཞིན་ཅན་གྱི་ཆོ་ག་ལས་ཚེགས་རྒོད་པོ་དེ་ཡིན་ལ། མ་ཤེས་པ་ཤེས་པ་དང་། མི་འགྲིག་པ་འགྲིག་པ། མི་དག་པ་དག་པ། མི་གསལ་བ་གསལ་བ། ནོར་བ་སོགས་མིག་མཐོང་ལག་ཟིན་གྱིས་ཡང་དང་བསྐྱར་དུ་དག་བཅོས་རབས་དང་རིམ་པ་བརྒྱུད་ནས་སློབ་མའི་ཡིད་ངོས་ཀྱི་འཛིན་ཤེས་ལ་ཕྱོགས་ཡོངས་ནས་སྲ་བརྟན་ཡོང་བར་ཤིན་ཏུ་ནས་སྨན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། མདོར་ན། སློབ་ཁྲིད་སློབ་གསོའི་ཉམས་མྱོང་མང་བོ་ཞིག་འཚོལ་སྡུད་བྱས་ཏེ་སློབ་ཁྲིད་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་ཡོང་བར་བྱ་དགོས་ན་དགེ་རྒན་གྱིས་སློབ་ཁྲིད་མ་བྱས་ཡར་སྔོན་གྱི་གྲ་སྒྲིག་གམ་འཆར་གཞི། འཁྲིད་གཞི་གླེང་བའི་དམིགས་ཡུལ་སོགས་ལ་ཁ་ཕྱོགས་ནས་དངོས་པ་དོན་གྱིས་སློབ་ཁྲིད་སློབ་གསོའི་འདུ་བྱེད་ཀྱི་ཆོ་ག་སྤེལ་སྟངས་སོགས་སློབ་མའི་དོན་དངོས་ལ་དམིགས་ཏེ་སློབ་ཁྲིད་བྱས་རྗེས་ཀྱི་གྲུབ་འབྲས་ལེན་སྟངས་སོགས་ལ་དཔྱད་འཇོག་བྱས་ཏེ། རང་ཉིད་ཀྱི་མྱོང་བ་ཡིག་ཐོག་དང་ངག་ཐོག་གང་ནས་བརྗོད་ནའང་སློབ་ཁྲིད་སློབ་གསོ་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གྲུབ་ཆའམ་བརྒྱུད་རིམ་གལ་ཆེན་པོ་ཞིག་ཡིན་པ་སོགས་གནད་ལ་བཟུང་ནས་གཞི་རིམ་སློབ་ཁྲིད་སློབ་གསོའི་ལག་ལེན་ཞེས་དེབ་ཆུང་འདིའི་ས་བཅད་གཉིས་པར་དབྱེ་ཞིབ་བྱས་པ་ཡིན།
མི་རིགས་སློབ་གསོའི་རིག་གནས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་པ་ནི་དུས་རབས་གསར་བའི་འབོད་སྐུལ་ཡིན་ལ། ང་ཚོའི་དགེ་རྒན་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཀྱང་ཡིན་པས། གཅིག་ནས་ལས་གནས་ལ་དགའ་ཞེན་ཡོད་དགོས་པ། གཉིས་ནས་སློབ་མར་སློབ་སྦྱོང་གི་སྤྲོ་སྣང་བསླང་དགོས་པ། གསུམ་ནས་དགེ་སློབ་ཀྱི་འབྲེལ་བས་ཁྱད་པར་ཅན་གྱི་བརྩེ་བ་མཚོན་དགོས་པ། བཞི་ནས་ཁྱིམ་བདག་ལ་སློབ་གསོའི་རམ་འདེགས་བྱ་དགོས་པ་བཅས་ཤིན་ཏུ་ནས་གལ་ཆེ་བ་དང་། ལྷག་པར་དུ་ན་ཆུང་སློབ་མའི་བསམ་བློ་ཀུན་སྤྱོད་ལ་ཚད་གཞི་མི་འདྲ་བའི་སྒོ་ནས་ཤུགས་རྐྱེན་ཐེབས་ཏེ་སློབ་མ་མི་ཉུང་བ་ཞིག་གིས་སྐབས་སུ་བབ་པའི་དོན་བྱ་གཙིགས་ཆེན་དུ་མི་འཛིན་པར་རྒྱབ་ཏུ་དོར་བ་དང་། གོམས་གཤིས་ངན་པ། བྱ་སྤྱོད་ངན་པ། ལྟ་བ་ཐ་ཤལ་སོགས་དང་དུ་བླངས་ནས་ལོག་ལམ་དུ་འགྲོ་གིན་ཡོད་པ། དེ་བས་སློབ་གསོའང་དགའ་ཕྱོགས་ནས་སྤེལ་ཐུབ་རྒྱུ་ནི་མི་ཚེ་རིན་ཐང་གི་བྱེད་ནུས་མཐོར་འདེགས་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ཕྱོགས་གསུམ་ནས་གླེང་བ། ངག་རྒྱུན་དུ། སློབ་གཙོ་ཅི་ལྟ་བུ་ཞིག་ཡིན་ན་སློབ་གྲྭའང་དེ་ལྟ་བུ་ཞིག་ཡིན་པ་དང་། འཛིན་བདག་དགེ་རྒན་ཅི་ལྟ་བུ་ཞིག་ཡིན་ན་འཛིན་གྲྭའང་དེ་ལྟ་བུ་ཞིག་ཡིན། དཔེར་ན། འཛིན་བདག་ནི་སློབ་གྲྭའི་རྩ་འཛུགས་ཀྱི་ལས་རོགས་པ་འཇོན་པོ་དང་། དགེ་རྒན་གྱི་དཔུང་འཛུགས་སྣེ་ཁྲིད་ཀྱི་རྐང་འཛིན་པ། སློབ་མའི་འཇོན་ནུས་འཕེལ་རྒྱས་ཀྱི་ལམ་སྟོན་པ་བཅས་ཀྱི་འགན་ཤུགས་ཀྱིས་བཞེས་དགོས་སྟབས། ཁོ་བོས་ལོ་ངོ་སུམ་ཅུའི་རིང་ལ་འཛིན་བདག་གི་ལས་ཀ་གཉེར་བའི་མྱོང་བ་དང་བསམ་ཚུལ་ཐུང་ཐུང་ཞིག་འདིར་གླེང་ནས། འཛིན་བདག་དགེ་རྒན་ནི་སློབ་གྲྭའི་གདུང་འདེགས་ཀྱི་ཀ་བ་དང་། སློབ་མའི་མདུན་ལྗོངས་ཀྱི་འཚོ་བའང་ཡིན་ཞེས་དབྱེ་ཞིབ་བྱས་པ་མ་ཟད། ན་ཆུང་སློབ་མར་རྩོམ་ཡིག་འབྲི་བའི་དགའ་སྣང་སྐྱེད་སྲིང་བྱ་རྒྱུ་ནི་སློབ་ཁྲིད་སློབ་གསོའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་སོགས་བརྗོད་གཞིར་བཟུང་ནས་དེབ་ཆུང་འདིའི་གཞི་རིམ་སློབ་གསོའི་མཐའ་དཔྱོད་ཅེས་ས་བཅད་གསུམ་པར་དབྱེ་ཞིབ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།