སྙན་དེབ«གངས་འདབས་ཀྱི་གླུ་སྐད»པར་དུ་བསྐྲུན་པ།
རྩོམ་པ་པོ།:གཟི་མིག་དགུ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-15 10:19:10
ཀློག་གྲངས།:4309
ཉེ་ཆར། དུས་རབས་གསར་པའི་ནག་ཆུའི་རྩོམ་རིག་སྒྱུ་རྩལ་གྱི་སྤུས་དག་དཔེ་ཚོགས་ལས་རྩོམ་པ་པོ་གཟི་མིག་དགུ་པ་ལགས་ཀྱི«གངས་འདབས་ཀྱི་གླུ་སྐད»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།

ཀླད་ཀྱི་གཏམ།
རྒྱ་ཆེའི་ཀློག་པ་པོ་རྣམ་པ་སྐུ་ཁམས་བཟང་། ད་ཐེངས་བདག་བློའི་ནང་སེམས་ཀྱི་འཇིག་རྟེན་ལ་བྱུང་བའི་ཆགས་འཇིག་དག་དགའ་སྐྱོ་ཆགས་སྡང་གི་དབྱངས་ལ་བཏགས་ཏེ་གྲུབ་པའི་དེབ་ཆུང་འདི་སྙན་ངག་གི་ཚད་དུ་འཇོག་ཆོག་མིན་ནི་ཀློག་པ་པོ་ཚོར་དབང་བ་ལས། ཁོ་བོས་རྣམ་ཀུན་སྙན་ངག་ཅེས་པའི་བརྡ་ཆད་དེར་འགྲེལ་བརྗོད་བྱེད་པར་ངལ་བ་ཞུ་འདོད་མེད་ཅིང་། སྙན་ངག་པ་ཞེས་པའི་བདག་སྒྲ་ཅན་ཚོའི་ཡ་ང་བའི་ཤི་གསོན་གྱི་ཆགས་འཇིག་ཀྱང་འཆད་པར་མི་འདོད་ལ། རང་ཉིད་ཀྱང་གཏམ་རྒྱུད་དེའི་ཀློང་ན་འགྱིང་པའི་བདག་སྒྲ་ཅན་ཞིག་དེ་བས་རློམས་པར་ག་ལ་ནུས། དེ་བཞིན་དེང་རབས་དང་སྲོལ་རྒྱུན་ཞེས་པའི་སོ་མཚམས་སུ་འགྲེངས་ནས་འདི་སྙན་ངག་རེད་དང་། དེ་སྙན་ངག་མ་རེད་ཅེས་པའི་ཁ་ཕོ་ཡང་ཤོད་པར་མི་སྤོབས། ཚང་མས་མཁྱེན་གསལ་ལྟར། རང་རེ་བོད་མི་རྣམས་མདོ་དབུས་མཐོ་སྒང་གི་ས་གཞི་ཆེན་མོ་འདིའི་མངལ་དུ་སྦྲུམ་པ་ནས་བཟུང་། རང་བྱུང་གི་རི་ཆུ་ནགས་ཚལ་དང་གངས་མཚོ་གཡའ་བྲག སྤང་ལྗོངས་ན་ཁ་སོགས་ནས་འཚོ་རྟེན་བཙལ་བའི་དུས་རབས་ཀྱི་ཆུ་ཀླུང་རིང་མོའི་བཞུར་རྒྱུན་ཁྲོད་འགྲོ་བ་མི་ཕན་ཚུན་དབར་ནང་སེམས་ཀྱི་འཆར་སྒོ་བརྗེ་རེས་བྱེད་པའི་ཐབས་ཁྱད་པར་ཅན་གྱི་སྐད་བརྡ་ཞིག་རྙེད་པ་ནས་རང་རེའི་སྙན་ངག་ཀྱང་གྲུབ་འགོ་བརྩམས་ཤིང་འཕེལ་རྒྱས་སུ་སོང་བས་ན། དེང་སྐབས་རྩོམ་རིག་སྨྲ་བའི་རྒྱལ་སྲས་རྣམ་པས་རང་རེའི་སྙན་ངག་ལ་གདོད་མའི་སྙན་ངག་དང་མགུར་གླུའི་སྙན་ངག ཚིག་རྒྱན་སྙན་ངག འབོལ་རྩོམ་སྙན་ངག དེང་རབས་སྙན་ངག་བཅས་ས་མཚམས་ཅུང་ཟད་བཀར་ཏེ་བཀྲལ་བ་ནི་འཆད་ཉན་གྱི་སྲོལ་ལུགས་བཟང་པོ་སྐྱོང་ཞིང་མི་རིགས་ཀྱི་རིག་གནས་འཐུས་ཚང་དུ་བསྐྲུན་པའི་དགེ་རུ་དམིགས་པ་ལས། ལག་ལེན་ཡོད་ཚད་གཞུང་ལུགས་ལ་ཕར་བསྟུན་དགོས་པའི་བཀའ་ཕབ་པ་ཞིག་ག་ལ་ཡིན་ཏེ། མ་ཡིན་ནོ། །གཞུང་ལུགས་ནི་ལག་ལེན་གྱི་རྨང་གཞི་དང་ཞུན་བརྡར་ལས་གྲུབ་ཅིང་། “ལག་ལེན་མེད་པའི་སྔ་རོལ་དུ། །གཞུང་ལུགས་ཞེས་པའི་མིང་ཡང་མེད། །”ཅེས་པ་ལྟར། རིག་པའི་གཞུང་ལུགས་གང་འདྲ་ཞིག་ཡིན་རུང་ལག་ལེན་གྱི་ཞིང་ས་གཤིན་པོར་གཞུང་ལུགས་ཀྱི་ལོ་འབྲས་སྨིན་ཏེ་བྱུང་བ་དང་ལག་ལེན་དེ་དག་ཀྱང་གཅིག་ལ་གཅིག་འབྲེལ་དུ་གྲུབ་པས་ན། ད་གཟོད་རྩོམ་རིག་ལ་ཡང་སྲོལ་རྒྱུན་མེད་ན་དེང་རབས་ཞེས་པ་འབྱུང་མི་སྲིད་ལ། དེང་རབས་ཀྱང་སྲོལ་རྒྱུན་གྱི་རྨང་གཞི་ཁོ་ནའི་པང་ནས་ནར་སོང་ཡོད་པ་ནི་སྔ་ཕྱིའི་གོ་རིམ་ཙམ་ལས་འགལ་བ་ལྟག་སྤྲོད་དང་མེ་ཆུའི་ངང་ཚུལ་ཞིག་མིན་པས་ན། ང་ཚོས་སྙན་ངག་རྐྱང་པ་ལ་སྲོལ་རྒྱུན་དང་དེང་རབས་ཟེར་ནས་བར་ཐག་རིང་པོ་བསྲིང་བའི་དགོས་པ་དབེན། སྐབས་དང་སྐབས་སུ་རང་ཉིད་ཀྱི་གཉུག་གཤིས་ལ་ཐིམ་པའི་ཚོར་བར་ཕྱི་ནང་གི་རྒྱུ་རྐྱེན་མང་པོས་བསླུས་ཏེ་འཆར་སྒོ་སྐད་ཅིག་མའི་ཁྲོད་ནས་འཕར་ལྡིང་རྩེན་པའི་ཐ་སྙད་དེ་དག་རྒྱན་གྱིས་སྤུད་དེ་རྒྱ་གར་བའི«མེ་ལོང་མའི»བཞུགས་གྲལ་དུ་འཚང་ཟིན་པ་ཡང་ཡོད་སྲིད་ལ། ཚིག་རྒྱན་གྱི་དར་གོས་བྲལ་ཏེ་གཅེར་བུར་བུད་རུང་རྟོགས་མི་ཐུབ་པའི་གསང་བའི་ཡིད་བརྙན་དུ་མས་ནང་སེམས་ཀྱི་ཆགས་འཇིག་གླུ་རུ་ལེན་པའི་ནུབ་ལུགས་ཀྱི«རྩྭ་ལོ་གཅེས་བཏུས»འོག་གི་མེལ་ཚེ་བའི་ཁོངས་སུ་གཏོགས་པ་ཡང་ཡོད་ན་ཆོག དེ་མིན་ཕལ་ཆེ་བ་ནི་ཆེས་གདོད་མ་ནས་མཐོ་སྒང་གི་རང་བྱུང་ཁམས་འདི་དང་འགྲོགས་པའི་རང་རེའི་མི་རིགས་འདིའི་ཡིད་ཀྱི་འཆར་སྒོ་སྣ་ཚོགས་སྨྲ་ལྕེ་དང་ཡིག་འབྲུར་སྡེབ་པའི་ཚད་མཐོའི་བརྡ་སྤྲོད་ཀྱི་ཐབས་རྩལ་དག་འཁོར་བར་ངེས་འབྱུང་སྐྱེས་པའི་རྟོགས་ལྡན་ཚོའི་མགུར་དབྱངས་སུ་དྲངས་པ་དང་། ས་ཆེན་ཆིབས་སུ་བསྒྱུར་བའི་བཙན་པོ་ཚོའི་དཔའ་གླུར་ཐོགས་པ། བརྩེ་དུང་གས་ཆག་ཤོར་བའི་གཞོན་ནུ་ཚོའི་ཞེ་ལ་ལྷུང་ཞིང་། འཇིག་རྟེན་མཐུན་འཇུག་གཏམ་པའི་ཕོ་མོ་ཚོའི་བརྩེ་བར་འཐིམ་པ་བཅས། མདོར་ན། དགྲ་འདུལ་གཉེན་སྐྱོང་དང་འཁོར་བའི་འདུ་བྲལ་སོགས་དགའ་སྐྱོ་ཆགས་སྡང་གི་དོན་རྐྱེན་དུ་མས་བསྒུལ་ཏེ་ཐོན་པའི་སྐད་བརྡའི་སྒྱུ་རྩལ་དེ་ཉིད་མི་བུ་རེ་རེའི་ཡིད་ཀྱི་འཆར་སྒོ་ལ་ལྡང་སྟེ་ཡིག་ངོས་སུ་ཕབ་མ་ཕབ་ཅི་རིགས་ཀྱི་བརྡ་སྤྲོད་སྟངས་ནི་མི་རིགས་འདིའི་སྙན་ངག་ཡིན་པར་འདོད། གལ་སྲིད་སྙན་ངག་ཅེས་པ་རྩོམ་རིག་གི་ཁྱབ་ཁོངས་སུ་འདུས་པའི་ཐ་སྙད་ཀྱི་རོལ་རྩེད་ཅིག་དང་རོལ་རྩེད་དེ་ཡང་ཤེས་རབ་ཅན་ཁོ་ནས་ན་ཟུག་དབྱངས་སུ་བཏགས་ཏེ་ཚད་མཐོའི་བརྡ་སྤྲོད་པའི་ཐབས་རྩལ་ཞིག་ཡིན་ན། ཡི་གེ་ཤེས་ཚད་དང་ཐོས་པ་བསགས་ཚད་ཀྱིས་སྙན་ངག་འབྲི་མི་ཐུབ་པར། དེ་ནི་ལྷན་སྐྱེས་ཀྱི་ཤེས་རབ་མངའ་ལ་འཆར་སྒོའི་ཀློང་ཡངས་པ། སྒྱུ་རྩལ་གྱི་ཕྲ་ཕུང་རེ་ལ་ཚོར་བའི་དྲི་སྐྱེན་པ། རྟག་ཏུ་འདུ་ཤེས་ཀྱི་འཕར་རྩ་ལྡེམ་ཞིང་དུས་རབས་ཀྱི་ཆགས་འཇིག་མཐོང་ལ། སྒྱུ་རྩལ་གྱིས་ར་རོ་བའི་དཔུང་སྡེ་དེ་ཁོ་ནས་འབྲི་འོས་པ་ཞིག་ཡིན་པར་འགྲེལ་ན་མོས་པ་ཆེ། བདག་ནི་ཆུང་དུས་སུ་ཕ་ཡུལ་གྱི་རི་ཐང་ལུང་གསུམ་ལ་དཀར་ནག་ཕྱུགས་རྗེས་ཉུལ་ཏེ་དཔྱིད་ཉི་རིང་པོ་འགམ་མྱོང་བའི་རྫི་བོ་ཞིག་དང་ཞིང་ཁའི་རྩྭ་ལྡུམ་ཁྲོད་དུ་ནས་ཡུང་སྲན་གསུམ་ཡན་སྒལ་པར་འཁུར་ཏེ་ཆར་ཆུ་ཡང་སྐོམ་སེལ་བྱེད་མྱོང་བའི་བྱིས་དུས་ཀྱི་ལེའུ་དེར་སྙིང་ནས་བརྩེ་བའི་ཕ་མ་གཙོས་ཡུལ་མི་ཚོའི་རྩེད་འཇོ་དང་གཏམ་རྒྱུད། ཁ་དཔེ། རྫི་གླུ། ངག་རྒྱུན། ལ་གཞས། ཁ་ཤགས་སོགས་ཀྱིས་ཡིད་སེམས་ཡང་ཡང་བསྒུལ་མྱོང་བ་ནི་རྩོམ་རིག་གི་ཆེས་ཐོག་མའི་བག་ཆགས་དང་སྙན་ངག་འབྲི་བར་ཆར་པ་ཆུ་གྲོགས་སུ་སོང་བ་ཡིན་ལ། དེབ་གཟུགས་འདིའི་མཐུན་རྐྱེན་དང་པོ་ཡང་ཡིན་པར་འདོད། ཕྱིས་སུ་བག་ཆགས་དེར་གསོན་ཤུགས་སྦྱིན་མཁན་གྱི་དངོས་བརྒྱུད་གང་རུང་ནས་འཕྲད་པའི་དགེ་རྒན་ཚོ་དང་མི་ལོ་འདི་དག་རིང་ངའི་འཚོ་བའི་ཟབ་ས་ནས་ཁུ་སིམ་སིམ་གྱིས་རྒྱབ་སྐྱོར་ཚད་མེད་གནང་མྱོང་བའི་ཆུང་མ་ཟླ་བ་སྒྲོལ་དཀར་ལགས། དེ་བཞིན་ནག་ཆུ་གྲོང་ཁྱེར་དྲིལ་བསྒྲགས་པུད་དང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོགས་དེབ་འདི་དཔར་སྐྲུན་གྱི་ཐོག་མཐའ་བར་གསུམ་ལ་མཐུན་རྐྱེན་སྦྱར་མཁན་རྣམས་ཀྱི་བཀའ་དྲིན་བརྗེད་དུ་མེད།

ནང་དོན་གནད་བསྡུས།
«གངས་འདབས་ཀྱི་གླུ་སྐད»ཅེས་པའི་དེབ་ཆུང་འདིའི་ནང་གི་སྙན་ངག་ཕལ་ཆེ་བ་ནི་རང་ལོ་སུམ་ཅུའི་སྔ་གཞུག་ཏུ་བྲིས་པའི་བརྩམས་ཆོས་བརྒྱ་ཕྲག་ལྷག་ལས་བཏུས་པ་ཞིག་ཡིན་ཞིང་། རྩོམ་ཡིག་རེ་ཟུང་ཙམ་དེ་སྔོན«བོད་ཀྱི་རྩོམ་རིག་སྒྱུ་རྩལ་»དང«གངས་རྒྱན་མེ་ཏོག»སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་སྙན་རྩོམ་གཅེས་བཏུས«ཚངས་སྲས་མཆོད་པ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «བྱང་ཐང»སོགས་དང་། གཞན་ཡང«མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»དང«མཚོ་སྔོན་པོ་དྲ་བ»སོགས་སུ་འཁོད་མྱོང་བ་ཕུད། ཕལ་ཆེ་བ་ནི་དུས་དེབ་དང་ཚགས་ཤོག་རྣམས་སུ་སྤེལ་མྱོང་མེད་ལ། ཁྱད་པར་རྩོམ་རིག་གི་རིན་ཐང་ལ་ཅུང་ཟད་རྒྱང་ཐག་བསྲིང་བའི་གྲོང་སྐད་དང་ཕལ་སྐད་ཡིག་ལམ་དུ་བསྟར་བ་དག་ནི་རེ་ཞིག«གངས་འདབས་ཀྱི་གླུ་སྐད»འདིའི་དབྱངས་ལ་བཏགས་མ་ནུས་པར་ཟུར་ལ་བཞག་པའོ། །དེ་མིན་རྩོམ་ཡིག་ཁག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་མཚོན་ཐབས། སྐད་ཆའི་ལྷོད་ཡངས་སོགས་ཅུང་མི་འདྲ་བར་གཞིགས་ཏེ་འཆར་ཡན་པིར་རྩེར་སྒྲོན་པའི་རི་མོ་དང་ཚོར་འདུ་དབྱངས་སུ་དྲངས་པའི་ངག་རྟ། གནས་ལུགས་སྨྲ་ལྕེས་བསྒུལ་བའི་གཏན་ཚིག ལྷ་རབས་མགུར་གྱིས་བརྩེགས་པའི་ལྕགས་རི། སྣོད་བཅུད་གླུ་རུ་བླངས་པའི་དབྱངས་འགྲོས། བརྩེ་དུང་ཚོར་བས་བཀླགས་པའི་བམ་པོ། དུངས་སེམས་ཞེ་ཡིས་བཏགས་པའི་ཕྱེ་མར། ཁ་ཤགས་ཡིག་འབྲུས་བརྡར་བའི་མཚོན་རྩེ། ཞེན་ཆགས་ཆུ་མོར་འཐིམ་པའི་བཞུར་རྒྱུན་བཅས་སྡེ་ཚན་དགུ་རུ་དབྱེས་ཏེ་དེབ་གཟུགས་སུ་བསྐྲུན་ཡོད། གུས་པའི་རྩོམ་དེབ་འདིར་ཀློག་རིན་ཅུང་ཟད་ཡོད་ན། དེ་ནི་མེས་པོ་གོང་མ་དག་གིས་བདག་ཅག་ལ་བཞག་པའི་དབྱངས་གསལ་སོ་བཞིའི་ཐུན་མིན་སྐད་བརྡའི་སྦྱོར་བ་དང་བརྡ་སྤྲོད་ཀྱི་ཐབས་ལམ་འདིར་བཀའ་དྲིན་ཞུ་དགོས་ཤིང་། བདག་ལ་ཤེས་རབ་ཀྱི་རྒྱགས་ཕྱེ་མི་ཉུང་བ་གནང་མྱོང་བའི་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་དྲིན་ཡིད་ཀྱི་གཏིང་དུ་ཉར་དགོས་པའོ། །དེ་མིན་དེབ་ཆུང་འདིར་སྐྱོན་དང་ནོར་འཁྲུལ་གྱི་ཆ་ཇི་ཙམ་མཆིས་རིགས་ཁོ་བོའི་ཤེས་རབ་དང་ཐོས་པ། རྣམ་དཔྱོད་སོགས་ཀྱིས་མ་འདང་བ་ཁོ་ནས་ལན་པས་མཁྱེན་ལྡན་ཀློག་པ་པོ་རྣམ་པས་བཀའ་སློབ་དང་དགོངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན་མཁྱེན་ཞེས་ཡུལ་དཀར་ཤོད་ཀྱི་སྨྱུག་ཐོགས་པ་གཟི་མིག་དགུ་པས་བྲིས་པ་དགེའོ། །
རྩོམ་པ་པོ་ངོ་སྤྲོད།

གཟི་མིག་དགུ་པ། དངོས་མིང་ལ་བསོད་ནམས་དཔལ་འབྱོར་འབོད། ལོ་རབས་བརྒྱད་ཅུའི་སྟོད་དུ་ནག་ཆུའི་ཤར་རྒྱུད་ད་ལྟའི་སོག་རྫོང་ཁོངས་ཀྱི་དཀར་ཤོད་ཅེེས་པའི་ས་མ་འབྲོག་ཁུལ་དུ་སྐྱེས། ཕ་རུས་རྡོ་བཅངས་དང་ཆོ་འབྲང་རྒྱུ་ནེ་ཡིན། ལོ་རབས་དགུ་བཅུའི་སྟོད་ནས་བཟུང་ཡུལ་ཚོ་དེའི་ལྟེ་བའི་སློབ་ཆུང་དུ་འགྲིམ་ཞིང་སློབ་ཆུང་དེའི་སློབ་ཐོན་སློབ་མ་སྐབས་དང་པོའི་གྲས་ཡིན། ༢༠༠༩ལོར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྒྱུ་རྩལ་ཚན་ཁག་ནས་ཐོན་རྗེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སློབ་འབྲིང་དུ་དགེ་རྒན་བྱས། ལོ་ལྔའི་རིང་སློབ་གྲྭ་དེའི་སྦྱོང་རྩོམ་ལོ་དེབ«ཐོ་རེངས་སྐར་ཆེན»གྱི་རྩོམ་སྒྲིག་པ་དང་སློབ་རའི་སྐད་ཡིག་དགའ་མོས་ཚོགས་ཆུང་གི་རྩོམ་འབྲིའི་མཛུབ་ཁྲིད་དགེ་རྒན་བྱས། ཞོར་དུ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ནས་དངོས་གཞིའི་སློབ་གནས་བླངས། སློབ་གཉེར་དང་ལས་ཞུགས་རིང་སྔ་ཕྱིར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«བྱང་ཐང» «གངས་རྒྱན་མེ་ཏོག» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ» «མཚོ་སྔོན་པོ་དྲ་བ»བཅས་དུས་དེབ་དང་དྲ་ཚུགས་ཁག་ཏུ་རང་གཤིས་དང་རྩོམ་གཤིས་ཡ་མ་བྲལ་བའི་སྙན་རྩོམ། ལྷུག་རྩོམ། སྙན་ཞུའི་རྩོམ་ཡིག་སོགས་སྤེལ་མྱོང་། བརྩམས་ཆོས་རེ་ཟུང«བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས»དང«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས«ཚངས་སྲས་མཆོད་པ»སོགས་སུ་བདམས་བཏུས་བྱུང་། ད་ལྟ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སློབ་འབྲིང་གཉིས་པར་དགེ་རྒན་གྱི་བྱ་བ་གཉེར་མུས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།