དེབ་གསར«བོད་ཡིག་ཡིག་གཟུགས་ཀྱི་གཞུང་ལུགས་མེས་པོའི་ཞལ་རྒྱུན»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-18 08:52:13 ཀློག་གྲངས།:
       ཉེ་སྔོན། ཡིག་མཁན་ཆེན་མོ་རྡོར་བྷ་ལགས་ཀྱི་དེབ་གསར«བོད་ཡིག་ཡིག་གཟུགས་ཀྱི་གཞུང་ལུགས་མེས་པོའི་ཞལ་རྒྱུན»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས་འདུག་ལ། ཡིག་མཁན་རྣམས་ཀྱི་སྙིང་ན་རིན་ཐང་གཞལ་དུ་མེད་ཅིང་། ནོར་བུ་ལྟར་འཛིན་པའི་བྲིས་ཀྱི་གཞུང་ལུགས«སྟོང་ཐུན་སྨྱུ་གུའི་བསྟན་བཅོས»དང་། «ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ» «ལྷན་ཐབས་རིན་ཆེན་སྒྲོན་བུ» «ཡི་གེའི་ཆ་ཚད་ཀྱི་བསྟན་བཅོས» «གསུང་རྟེན་བོད་ཡིག་གི་ཆག་ཚད» «ཡི་གེའི་ཆག་ཚད་མཁས་པ་བསྒྲུབ་པའི་ཐབས»སོགས་ཤིན་ཏུ་རྙེད་སོན་དཀའ་བའི་དཔེ་རྙིང་བྲིས་མ་ཁག་ཅིག་གི་མ་དཔེའི་པར་རིས་དང་བཅས་ལྷན་དུ་འདྲ་བཤུས་བཏབ་ཡོད་པ་དང་། དེ་མིན་གཞུང་ལུགས་མཛད་པ་བོ་དག་གི་སྐུ་ཚེའི་ལོ་རྒྱུས་ཉུང་བསྡུས་རེ་སྒྲིག་རྩོམ་བྱས་ཏེ་བཀོད་ཡོད་པ་འདི་ནི། བྲིས་ཀྱི་གཞུང་ལུགས་ཕྱོགས་བསྡེབས་སུ་བྱས་པ་ལས་སྔར་མེད་ཐོག་མ་རུ་ཆགས་ཡོད་པ་འདྲ།
སྔོན་འགྲོའི་གླེང་གཞི།

       དེ་ཡང་འབྲི་བདེ་ཞིང་མིག་ལ་མཛེས་པ། བརྗིད་བག་ཆེ་ལ་གཟུགས་ཀྱི་ཆ་ཚང་ཞིང་ནོར་དོགས་མེད་པ་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་དུ་མ་ལྡན་པའི་བོད་ཀྱི་ཡིག་གཟུགས་རིག་གནས་འདི་ནི། ཀྲུང་ཧྭ་མི་རིགས་ཧྲིལ་པོའི་རིག་གནས་བང་མཛོད་ལས་ཆེས་རྣམ་པར་བཀྲ་བའི་ནོར་བུའི་གྲས་ཤིག་ཡིན་ཞིང་། ཡིག་གཟུགས་དེ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་པ་དང་ཆབས་ཅིག་ཏུ་ཡི་གེའི་གཟུགས་རིས་ཀྱང་མཉམ་དུ་གསར་གཏོད་མཛད་པ་ཡོངས་གྲགས་ཡིན་ལ། སྐབས་དེར་གསར་གཏོད་མཛད་པའི་ཡི་གེའི་གཟུགས་རིས་ནི་དབུ་ཅན་ཁོ་ན་ཡིན་ཞིང་། རྗེས་སུ་བཟོ་དབྱིབས་གཅིག་ཏུ་མ་ངེས་པའི་རིགས་མི་འདྲ་བ་མང་པོ་བྱུང་མོད། དུས་རབས་བཅུ་བའི་འགོར་བོད་ཀྱི་མཁས་དབང་ཡིག་མཁན་ཆེ་མོ་ཁྱུང་བོ་གཡུ་ཁྲི་འབར་ཞེས་བྱ་བས་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ལུགས་ཀྱི་དབུ་ཅན་ཡི་གེ་དེ་དཀྱིལ་འཁོར་གྱི་ཐིག་ལ་དཔེར་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་པ་སོགས་ཐིག་དང་སྨྱུ་གུ་ཤོག་ཆག་འབྲི་ལུགས་སོགས་ཀྱི་བསྟན་བཅོས་རྒྱས་པར་མཛད་དེ་ཡི་གེའི་བྲིས་དང་རིག་པའི་གཞུང་ལུགས་གཉིས་སྔར་བས་ཚད་ལྡན་དང་འཐུས་ཚང་དུ་གྱུར་ཅིང་བོད་ཡིག་དབུ་ཅན་ཐིག་ཁོངས་སུ་འདྲེན་པའི་སྲོལ་ཕྱེས་པ་བཅས་ཀྱིས་ད་བར་དུ་བོད་ཀྱི་ཡིག་རིས་ལ་འགྱུར་བ་མ་བྱུང་བ་དེ་ཁྱུང་བོ་གཡུ་ཁྲི་ཁོང་གི་མཛད་རྗེས་གཙོ་བོ་ཡིན་ནོ། །
       གང་ལྟར་དེ་སྔ་བོད་དུ་ཡི་གེ་འབྲི་བའི་ལུགས་སྲོལ་དར་བ་མ་ཟད། ཡིག་རིས་ཀྱི་གཞུང་ལུགས་ཀྱང་རྒྱ་ཆེར་དར་མྱོང་། འོན་ཏེ་ཡུལ་དུས་བསྐལ་བའི་དབང་གིས་དེང་སྐབས་ཡི་གེའི་འབྲི་ལུགས་སོགས་སྔར་སྲོལ་བཟང་བོ་ཉམས་དམས་སུ་འགྲོ་བཞིན་ཡོད་པའི་ཁར། གཞན་ལུགས་ཀྱི་ཤན་ཤུགས་ཐེབས་ཏེ་ཉ་ཉུང་མཉམ་བསྲེས་ཀྱིས་མ་དག་རྒྱུན་འབྱམས་མང་བ་དང་། བོད་རང་གི་བྲིས་ཀྱི་གཞུང་ལུགས་དང་ལྡན་པའི་ཡིག་གཟུགས་ཀྱི་འཁྲིད་རྒྱུན་རྒྱུན་འཛིན་བྱེད་མཁན་དེ་ཙམ་མེད་པ་ལྟ་བུར་ཆགས་བཞིན་འདུག་ལ་གལ་ཏེ་བྲིས་ཀྱི་རིག་གཞུང་འདི་དག་ནམ་ཞིག་རྩ་བརླག་ཏུ་ཕྱིན་ནས་བོད་ཀྱི་ཡིག་གཟུགས་འབྲི་བར་གཏད་སོ་མེད་པ་ཞིག་ཏུ་འགྱུར་འགྲོ་བ་ན། ང་ཚོའི་སྲོལ་རྒྱུན་རིག་གནས་ལ་ཉམས་ཆག་ཆེན་པོ་ཐེབས་རྒྱུ་མ་ཟད། ལྷག་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ནོར་ཡིན་ཞིང་། དེར་བློ་གྲོས་ཀྱི་དྭངས་མ་དང་ཟུངས་སྟོབས་སོགས་མང་པོ་འདུས་ཡོད་པས། ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས།"ཞེས་གསུངས་པའི་དགོངས་དོན་དང་ཡང་མཐུན་པོ་བྱུང་མེད་པར་འགྱུར། དེར་བརྟེན། ད་རེབ«བོད་ཡིག་ཡིག་གཟུགས་ཀྱི་གཞུང་ལུགས་མེས་པོའི་ཞལ་རྒྱུན»ཞེས་པ་འདི་ཧྲག་བསྡུས་བགྱིས་ཏེ། རྒྱལ་ཁབ་ཀྱིས"དངོས་པོ་མ་ཡིན་པའི་རིག་གནས་གནའ་ཤུལ་མྱུར་སྐྱོབ་བྱེད་དགོས"ཞེས་པའི་འབོད་སྐུལ་དང་ཡོངས་སུ་མཐུན་པའི་སྔོན་བྱོན་བྲིས་དབང་རྣམས་པས་བྲིས་ཀྱི་ལེགས་བཤད་བཟང་བོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་བོད་ཡིག་ཡིག་གཟུགས་ལ་གཅེས་པའི་ཡིག་མཁན་ཚོར་དཔྱད་གཞིའི་དགོས་མཁོར་བསྟུན་ཅིང་། དེ་མིན་རྒྱ་ཆེའི་ཡིག་མཁན་རྣམ་པས་གཟིགས་བདེ་ཞིང་། ལྷག་པར་དུ་ན་གཞོན་རྣམས་ཀྱིས་རྟོགས་བདེ་བའི་ཆེད་དེབ་འདིའི་ནང་དོན་གཙོ་བོ་ལེའུ་གསུམ་ལ་བགོས་ཡོད་པ་འདི་ལྟ་སྟེ།
       ལེའུ་དང་པོར། བོད་ཀྱི་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མི་དང་། ཁྱུང་བོ་གཡུ་ཁྲི། མཁས་པ་རོང་པོ། རྔོག་བློ་ལྡན་ཤེས་རབ་སོགས་བོད་སྔ་རབས་ཀྱི་མཁས་པ་ཆེན་པོ་དག་གི་བྲིས་ཀྱི་གཞུང་ལུགས་གལ་ཆེ་ཞིང་རྙེད་སོན་དཀའ་བའི་དཔེ་དཀོན་བྲིས་མ་འགའ་རེ་ཕྱོགས་གཅིག་ཏུ་འདེམས་སྒྲུག་བྱས་ཏེ་སོ་སོའི་མཛད་བྱང་སོགས་ལ་བཅོས་ལྷད་མ་བགྱིས་པར་མ་དཔེའི་པར་རིས་དང་ལྷན་དུ་མ་དཔེ་འདྲ་བཤུས་བཏབ་སྟེ་བཀོད་ཡོད།
       ལེའུ་གཉིས་པར། ཉེ་དེང་རབས་ཀྱི་མཁས་པའི་ཁྱུ་མཆོག་འགའི་ལྗགས་རྩོམ་ལས་བོད་ཀྱི་ཡི་གེའི་འབྲི་བའི་རྣམ་གཞག་དང། ཡི་གེའི་བྲིས་ཀྱི་བཤད་པ། ཡིག་གཟུགས་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་སོགས་ཉེར་མཁོའི་རིགས་ཁག་གཅིག་བསྡུ་རུབ་བྱས་ཡོད།
       ལེའུ་གསུམ་པར། ཡི་གེ་བྲིས་པའི་ཕན་ཡོན་དང་། གསུང་རྟེན་བཞེངས་པའི་ཕན་ཡོན། སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སོགས་དང་། སྨྱུ་གུའི་རྣམ་ཐར་དང་། སྨྱུ་གུའི་རྟོགས་བརྗོད་བཅས་པ་བསྡུ་རུབ་བྱས་ནས་དེབ་ཧྲིལ་བོ་ལེའུ་གསུམ་དུ་བསྡུས་པའོ། །
       དེ་བཞིན་དུ་བསྟན་བཅོས་རྣམས་ཀྱི་གཞུང་མཛད་པ་བོ་དག་གི་སྐུ་ཚེའི་ལོ་རྒྱུས་ཉུང་བསྡུས་རེ་སྒྲིག་རྩོམ་བྱས་ཡོད་ལ། སྤྱིར་མ་དཔེ་བྲིས་མ་རྣམས་ཀྱི་མ་ཕྱི་ལ་ཡི་གེ་དག་མིན་ཅུང་མང་ཙམ་གདའ་བས་ཅི་འཇོན་རེ་ཞུས་ཁུལ་བྱས་ཀྱང་།དཔེར་ན། «ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ»སོགས་མ་དཔེ་བྲིས་མ་རྣམས་བསྐུངས་ཡིག་ཤིན་ཏུ་བསྡུས་དྲགས་པ་བཅས་ལ། ངེད་ཀྱི་ཡོན་ཚད་དམའ་བས་མཐའ་ཆོད་པ་ཞིག་བྱུང་ཐུབ་མེད་པས། བོད་ཀྱི་གནའ་དཔེར་མཁྱེན་རྒྱ་ཡངས་པའི་སྐྱེ་བོ་རྣམས་ཀྱིས་འཛོལ་ནོར་འཕྱུགས་དང་རྐང་འཁྱོར་ཞུས་སོགས་གང་མཆིས་པ་སྲོང་པོར་སྨྲ་བའི་རེ་བ་སྙིང་ནས་ཞུ་བ་ཡིན།
       དེས་ན་གུས་པས་གོ་སྐབས་འདི་དང་བསྟུན་ནས་སྔོན་བྱོན་དམ་པ་དག་གིས་འབད་བརྩོན་ལས་བྱུང་བའི་བློ་གྲོས་ཀྱི་སྙིང་བཅུད་ལ་གཏོགས་པའི་ཡི་གེ་འབྲི་རྩལ་གྱི་གཞུང་ལུགས«བོད་ཡིག་ཡིག་གཟུགས་ཀྱི་གཞུང་ལུགས་མེས་པོའི་ཞལ་རྒྱུན»གྱི་ཡིག་ཆ་རྣམས་སྒྲིག་རྩོམ་བྱེད་ཚུལ་གྱི་ཐད་ལ་སྒྲིག་པ་བོ་གང་ཅིའི་ཕྱི་ནང་གི་ཤེས་ཡོན་གྱི་གནས་ཚད་དམའ་བ་དང་ཉམས་མྱོང་སོགས་ཞན་པའི་དབང་གིས་སྒྲིག་སྟངས་སྔ་ཕྱི་གོ་རིམ་འཛོལ་བ་དང་། གཞན་ཡང་ཐ་སྙད་སྔ་ཕྱི་གཅིག་མཚུངས་མ་བྱུང་བ་སོགས་ཀྱི་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ལྷགས་སྲིད་པས། རྒྱ་ཆེའི་གཟིགས་མཁན་རྣམས་ཀྱིས་སྒྲིག་པ་པོར་སྐྱོན་མཚང་མཐིལ་བརྡོལ་གྱི་ཆེད་དུ་མིན་པར་རང་གི་རིག་གནས་རང་གིས་སྤུས་ཁ་ཇེ་དག་ཏུ་གཏོང་དགོས་པ་དེའི་ཆེད་དུ་རིན་ཐང་གཞལ་བའི་དགོངས་འཆར་ལྷུག་པོར་གནང་ན་རང་རེའི་ཁྱད་ནོར་ཡིག་གཟུགས་རིག་གནས་འདི་ཟླ་བ་ཡར་ངོ་བཞིན་ཡར་རྒྱས་ཀྱི་གོམ་བགྲོད་མདུན་ནས་མདུན་དུ་སྤོ་ཐུབ་པས་དེ་དོན་གཟུར་གནས་བློ་གྲོས་དང་ལྡན་པ་དག་གིས་གནའ་བཟང་དེང་སྤྱོད་དང་། གཞན་ཡང་དགེ་སྐྱོན་ཡོ་བསྲང་གི་སློབ་སྟོན་བཟང་པོ་ཅི་ནས་ཀྱང་ཡོང་བའི་རེ་བ་དང་བཅས། །
སྤྱི་ལོ༢༠༢༣ལོའི་ཟླ༨པའི་ཚེས༡༥ཉིན་ལ་རྡོར་བྷས་སྦྱར་བ་དགེའོ། །

དཀར་ཆག

ནང་དོན་ཡོང་ཁུངས། ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།