དེབ་གསར། «སྒ་ཁྲི་འདུ་ཡུལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ཤུལ་རྟེན་ནོར་བུའི་ཕྲེང་བ།»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-01-06 09:07:19 ཀློག་གྲངས།:
       དེབ་འདིར་ཁྲི་འདུའི་ས་ཁོངས་སུ་་ཡོད་པའི་གླིང་གི་ལོ་རྒྱུས་ཤུལ་རྟེན་སྐོར་གྱི་བརྩམས་ཆོས་མི་འདྲ་བ་བཅུ་ཕྲག་ལྷག་གིས་གྲུབ་ཅིང་། བརྩམས་ཆོས་དེ་དག་གི་ནང་དོན་ལ་དབྱེ་བ་རགས་ཙམ་ཕྱེས་ན་ཁག་བཞིར་ངེས་པ་སྟེ། གཅིག་ནི་གླིང་གི་རྒྱལ་བཙུན་ནམ་གེ་འབྲུག་རྣམ་གཉིས་ཀྱི་ཤུལ་རྟེན། གཙོ་བོ་སྒ་སྟོད་དང་རྫ་སྟོད་ས་ཁོངས་སུ་གནས་པའི་སྒ་ཡི་སྒྱོགས་ཆེན་གདོང་ར། གེ་སར་ཤེལ་ཕུག །འབྲུག་མོའི་ལུས་ཚད། འབྲུག་མོའི་མིག་མང་ངོ་། ལབ་ལ་གནས་པའི་སྐྱེ་རྒུ་ཁྲོམ་རའི་གེ་སར་སྐུ་བརྙན་ཆེན་མོའི་འཇིམ་བཟོའི་མ་དཔེའི་རྟེན་གཙོ་གེ་སར་ལྷ་ཁང་། ཞེ་ཡུལ་ལ་གནས་པའི་སྒ་སྐྱ་ལོ་ཚང་གི་སྦྲ་མལ། སྒ་སྟོད་རྫ་སྟོད་དང་སྡོམ་མདའ་དྲན་ཆེན་བཅས་ས་གནས་སོ་སོར་གནས་པའི་འབྲུག་མོའི་སྐྲ་ཁོ་བཅས་ཡིན།
       གཉིས་པ་ནི། གླིང་གི་དཔའ་ཐུལ་བཅུ་ཕྲག་གི་ཤུལ་རྟེན་ཏེ། ༡ སྡོམ་མདའི་ས་ཁོངས་ལ་གནས་པའི་སྤྱི་དཔོན་གྱི་ཁྲ་མཁར་གནམ་རྫོང་ཕྱུག་མོ་དང་ཤ་རི་འབྲུག་རྫོང་། སྡོམ་མདའ་དང་ཤུལ་མའི་ས་མཚམས་སུ་གནས་པའི་གླིང་གི་འདུ་ར་སྟག་ཐང་ཁྲ་མོ། ༢ ཁྲི་འདུའི་རྫོང་ཐོག་ལ་གནས་པའི་འབྲུ་སྒ་སྡེའི་མཆོང་མཁར་སྨུག་པོ། ༣ ཤུལ་མར་གནས་པའི་ཁྲོ་ཐུང་ཕོ་སུམ། སྡོམ་མདའ་ལ་གནས་པའི་ཁྲོ་ཐུང་སོ་བ་ཞེས་པ། ༤ སྡོམ་མདའི་ཁྲ་ཁོག་ལ་གནས་པའི་སྣང་ངུའི་རྡེའུ་འབུམ་མམ་སྣང་ཆུང་རྡེའུ་འབུམ། ༥ སྡོམ་མདའ་ལ་གནས་པའི་དཔའ་མོ་ཨ་སྟག་ཀླུ་མོའི་མཁར་འདྲའི་ཤ་རྩེག་ཞེས་པ་དང་། རྫ་སྟོད་ལ་གནས་པའི་བརྒྱད་ཀྱི་ཤ་རོང་བྲག་རོང་། ༦ དཔའ་ལ་སེང་སྟག་ཨ་དོམ་གྱི་མཁར་ཤུལ་རྫ་སྟོད་ལ་གནས་པའི་སེ་ལུང་བོད་པ་དཀར་ཡུ་དང་སྡོམ་མདའ་ལ་གནས་པའི་ཕོ་རོག་ཚང་ཆེན། ༧ ཞེ་ཡུལ་སེབ་ཁོག་ལ་གནས་པའི་གླིང་གསེར་པའི་མཁར་ཤུལ། ༨ དྲན་ཆེན་ས་ཁོངས་སུ་གནས་པའི་དཔའ་རྒྱ་ཚ་ལྷ་ནས་བབས་པའི་གནས་མཇལ་ཐང་སྨན་ལྗོངས་ཕྱུག་མོ་དང་། ༩ རྫ་སྟོད་ལ་གནས་པའི་རྫ་ཕུ་དུང་སེང་དཀར་ཡག་གི་མཁར་ཤུལ་དང་ལྷ་རྗེ་ཀུན་དགའ་ཉི་མའི་སྨན་ཁུག་བོར་ཤུལ། ༡༠ དྲན་ཆེན་དུ་གནས་པའི་སྨུག་པོ་ལྡོང་གི་ཟོ་དོར་སྟོང་སྐུ་རི་རྫོང་དང་གཅེས་ཕྲུག་བཅུ་གསུམ་གྱི་གསེས་མཁར།
       གསུམ་པ་ནི། གླིང་གི་དབུ་བླ་རྣམ་གཉིས་ཀྱི་ཤུལ་རྟེན། ༡ ལབ་མདའ་ལ་གནས་པའི་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གྱི་མཁར་ཤུལ། ༢ ལབ་མདའ་ལ་གནས་པའི་ཇོ་བོ་སྨྲྀ་ཏི་ཛྙཱ་ནའི་སྒྲུབ་ཕུག་སྨྲྀ་ཏིའི་ཕུབ་སོགས་དང་། ༣ ལབ་ཆུ་ཉི་མར་གནས་པའི་གླིང་དུས་སུ་གྲགས་ཅན་གྱི་བླ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་གདན་ས། མཁར་ནང་སོའི་སྡེ་བར་གནས་པའི་ཇོ་བོ་སེ་བཙུན་པའི་འཁྲུངས་གནས་དང་རྟེན་བཞེངས་བཅས། ད་དུང་ལབ་མདའ་ལ་གནས་པའི་འཛམ་གླིང་གེ་སར་རྒྱལ་པོའི་གསང་འཛིན་རྡོ་རྗེ་གཡུ་སྒྲོན་མ་དང་དུས་འཁོར་མཚོའི་འབྲེལ་བ་སོགས།
       བཞི་བ་ནི། གླིང་གི་རྟ་མཆོག་རྣམ་གསུམ་གྱི་ཤུལ་རྟེན། ༡ རྫ་སྟོད་དང་སྡོམ་མདའ་གཉིས་ཀྱི་ས་ཁོངས་ལ་གནས་པའི་འདོ་རྗེ་རྐྱང་རྒོད་འཕེར་པོ་ལོ་བརྒྱད་རི་ལ་བཞུགས་གནས་བྱང་གི་སྤེན་ནེ་རི་བཀྲ། ༢ ཤུལ་མའི་ས་ཁོངས་སུ་གནས་པའི་འདོ་བ་གཡུ་བྱའི་རྟེའུ་སྔོན་ཆུ་མགོ་དང་། ༣ མགྱོགས་པ་རྒྱ་བྱ་སོག་དཀར་གྱི་རྒྱ་བྱའི་ཆུ་མིག་བཅས་སོ། །གཞན་ཡང་གླིང་གི་ལོ་རྒྱུས་དང་གནའ་ཤུལ་སྐོར་གྱི་ཆེད་མཁས་པའི་བརྩམས་ཆོས་གཅེས་བཏུས་དང་། དེ་མིན་ཁྲི་འདུའི་ཁྱད་ཆོས་ལྡན་པའི་གེ་སར་ཟློས་གར་དང་སྒྲུང་ངག་བཅས་གླིང་སྒྲུང་རིག་གནས་ངོ་སྤྲོད་ཀྱི་བརྩམས་ཆོས་འགའ་རེ་ཡང་སྡུད་འགོད་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།