ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །དགེ་རྒན་ཤ་བོ་ཚེ་རིང་གི་བརྩམས་ཆོས་གསར་པ་འགྲེམ་སྤེལ་བྱས།
༄༅། །དགེ་རྒན་ཤ་བོ་ཚེ་རིང་གི་བརྩམས་ཆོས་གསར་པ་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-09 09:05:44
ཀློག་གྲངས།:
དེ་ཡང་འཛམ་བུའི་གླིང་གི་ཏོག་ཏུ་གྱུར་པའི་གངས་རི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་སྔོན་བྱོན་མེས་པོ་མང་པོའི་གཞལ་བར་དཀའ་བའི་བཀའ་དྲིན་ལས་མི་རིགས་གཞན་ལ་འགྲམ་ཆུ་ཤོར་མི་དགོས་པར་གྲགས་པའི་རིག་ཅིང་ཤེས་པར་བྱ་བའི་གནས་ཆེ་བ་ལྔ་སྟེ། དེ་དག་རྣམས་ཀྱི་ངོ་བོ་ནི། །སྨྲ་ངན་ཚར་གཅོད་སྒྲ་དང་ཚད། །བློ་ལྡན་རྗེས་འཛིན་བཟོ་གསོ་བ། །རང་ཉིད་ཀུན་ཤེས་ནང་རིག་པ། །ཞེས་གསུངས་པ་བཞིན་སྒྲ་དང་ཚད་མས་ཚིག་དོན་འཁྲུལ་བ་ཚར་གཅོད། བཟོ་དང་གསོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན། ནང་དོན་རིག་པས་བདག་ཉིད་ཀུན་མཁྱེན་སྒྲུབ་པའི་ལམ་གྱི་རིམ་པ་ཀུན་ཤེས་པར་བྱེད་པས་ན་བསླབ་བྱའི་གཙོ་བོའོ། །དེ་ལ་འདིར་གཞན་དག་རྗེས་སུ་འཛིན་པའི་རིག་གནས་མཆོག་གི་ཡ་གྱལ་བོད་ཀྱི་རྩིས་རིག་པར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། རང་རེའི་མེས་པོ་གོང་མ་རྣམས་ཀྱིས་གནམ་ཀྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་། འཇའ་ཚོན་དང་འདབ་ཆགས་ཀྱི་འགུལ་སྐྱོད་དང་། ས་གཞིའི་རྩི་ཤིང་། མཚོ་དང་ཆབ་རོམ་སོགས་ལ་བརྟག་པའི་མྱོང་རྩིས་སྣ་ཚོགས་སྤྱི་སྡོམ་གནང་མུར་ཞིབ་འཇུག་དང་བེད་སྤྱོད་བྱས་པར་བརྟེན་རིམ་གྱིས་གོང་འཕེལ་བྱུང་དུ་བཏང་། བོད་ཀྱི་རྩིས་རིག་སྟེ་སྐར་རྩིས་རིག་པ་འདི་ནི་ཁུངས་དང་ལྡན་པ་ཡིན་ཏེ། དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་གཉིས་གཙོ་བོ་ཡིན་ལ། གཞན་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད། དབྱངས་འཆར་གྱི་རྒྱུད། མིག་བཅུ་གཉིས་པའི་མདོ། སྟག་རྣའི་རྟོགས་བརྗོད། ཉི་མའི་སྙིང་བོའི་མདོ་སོགས་མདོ་རྒྱུད་མང་པོ་དང་། འགྲེལ་ཆེན་དྲི་མེད་འོད། བསྡུས་རྒྱུད་འགྲེལ་བ་དྲི་མེད་འོད་ནི་རིགས་ལྡན་པད་མ་དཀར་པོས་མཛད་པ་དང་། ཕྱག་རྡོར་སྟོད་འགྲེལ། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ་སོགས་རྒྱ་གར་གྱི་གཞུང་ལུགས་བསྟན་བཅོས་དུ་མ་དང་། དེ་ནས་རྒྱ་རྩིས་དང་། ནག་རྩིས་སམ་འབྱུང་རྩིས་ཀྱིས་ཟུར་བརྒྱན་གང་མང་བཏོན་པ་དང་། བོད་གཞུང་ལ་མཚོན་ན་ཡང་། ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་རྩིས་ཀུན་ལས་བཏུས་པ། བུ་སྟོན་ཐམས་ཅད་མཁྱེན་པའི་རྩིས་གཞུང་མཁས་པ་དགའ་བྱེད། མཁས་གྲུབ་རྗེའི་དུས་འཁོར་ཊཱིཀ་བཤད་དེ་ཉིད་སྣང་བ། གྲ་ཕུག་པ་ལྷུན་གྲུབ་རྒྱ་མཚོའི་རྩིས་གཞུང་པད་དཀར་ཞལ་ལུང་མ་བུ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་ཉིན་བྱེད་སྣང་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་རྱ་དཀར་པོ་མ་བུ། ཕྱག་མཛོད་གསུང་རབ་ཀྱི་རྩིས་གཞུང་རིགས་ལྡན་སྙིང་ཐིག །བྲག་དགོན་བསྟན་པ་རབ་རྒྱས་ཀྱི་རྩིས་གཞུང་རིགས་ལྡན་མཆོད་པའི་འོད་སྣང་། བདེ་ཆེན་སྤྲུལ་སྐུ་བློ་བཟང་ཆོས་འཕེལ་རྒྱ་མཚོའི་རྩིས་གཞུང་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་སྐར་རྩིས་གཞུང་བསྡུས་མིའུ་ཐུང་སྒྱུ་མའི་གོམ་འགྲོས། མཁས་དབང་དམུ་དགེ་བསམ་གཏན་ཚང་གི་རིགས་ལྡན་མཆོད་པའི་མེ་ཏོག །རྗེ་བསམ་འགྲུབ་རྒྱ་མཚོའི་རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་དང་སྐར་རྩིས་ཀུན་འདུས་ནོར་བུ་ལ་སོགས་པས་གཙོར་མཚོན་པའི་རྩིས་རིག་གི་ཁུངས་ཤིན་ཏུ་མང་ངོ་། །
བོད་སྔོན་བྱོན་མཁས་དབང་གནམ་གྱིས་ས་གབ་པ་ལྟ་བུའི་རིང་ལུགས་ལ། ཐུན་མོང་རིག་གནས་དང་ཐུན་མིན་རིག་གནས་ཀུན་ལ་གུས་རྟག་སྦྱོར་བའི་ཚུལ་བཞིན་གཉེར་ནས་ཕྱོགས་ལྷུང་གི་ལིང་ཏོག་དང་བྲལ་བའི་སྤྱན་རས་ཀྱིས་གྲུབ་མཐའ་སོ་སོར་ཉེས་པའི་མཆིལ་ཞགས་མི་འཕེན་པར་གཟིགས་རྟོགས་ཡངས་པོ་བྱེད་ཅིང་། རིག་གནས་སྤྱི་ལ་བླང་དོར་དུ་ཤེས་པའི་བརྩམས་ཆོས་རི་རབ་ཀྱི་གཏོས་དང་མཉམ་པ་ནི་མིག་མཐོང་ལག་ཟིན་དུ་སྣང་ལ། དེ་ལྟ་བུའི་མཛད་པ་དག་ཀྱང་ནམ་ལངས་ལངས་དང་ཉི་མ་ཤར་ཤར་བཞིན་འུ་ཅག་གི་མིག་དཔེ་དང་ལ་རྒྱར་ངེས་ནའང་། མུན་སྤྲུལ་འགའ་ཞིག་གིས་ཁ་ནས་བྱུང་རྒྱལ་སྨྲ་བཞིན་དམན་འཐེན་བྱེད་པའང་མཐོང་། དེ་ལྟར་ཡིན་ན་ཡིན་དུ་བཅུག་ཀྱང་། འོན་ཏེ། ཁོ་བོ་ཅག་གི་མིག་རྒྱང་དང་རྩོམ་པར་བལྟས་ན་དགེ་ལེགས་ཀྱི་ཆ་ཅི་ཡང་མི་སྣང་། རྗེ་བསམ་འགྲུབ་རྒྱ་མཚོའི་ཞལ་ནས། ཕྲག་དོག་ཚེར་མའི་མལ་དུ་གནས་འཆའ་ཞིང་། །ཡོན་ཏན་ཅུང་ཟད་ཙམ་གྱིས་ཁེངས་པ་ཡིས། །ཕ་རོལ་ཁྱད་དུ་གསོད་པའི་གདུག་སེམས་ཅན། །གོམ་འགྲོས་གྱད་གྱད་འགྲོ་ལ་འདིས་ཅི་བྱ། །འོན་ཀྱང་ཕྱོགས་ལྷུང་བྲལ་བའི་གཟུ་བོར་གནས། །ཡོན་ཏན་དོན་གཉེར་ཉིན་མཚན་ཀུན་དུ་བརྩོན། །བློ་གྲོས་མིག་ཅན་དག་གིས་འདི་མཐོང་ཚེ། །བཞིན་གྱི་དཀྱིལ་འཁོར་ལྷམ་མེར་འཛུམ་པར་ངེས། །ཞེས་གསུངས་པ་ནི་བདེན་འཚོལ་གྱི་གཏམ་མོ། །དུས་དེང་སང་བསམ་སྦྱོར་གྱིས་ཚུལ་བཞིན་བོད་ཀྱི་ཤེས་རིག་འཆད་པའམ་ཞིབ་འཇུག་རྣལ་མ་བྱེད་མཁན་དཀོན་ལ། ཐུན་མོང་གཙུག་ལག་རྩིས་ལ་བློ་ཁ་ཕྱོགས་པའི་སློབ་གཉེར་ཅན་ནི་དེ་ལས་དཀོན། དེང་རབས་གྲངས་རིག་ཚན་རིག་སྐོར་གྱི་ཤེས་བྱ་གཉེར་བའི་བློ་སྤོབས་ཅན་ནི་ཤིན་ཏུ་ནས་ཀྱང་དཀོན་པོ་རེད། མི་རིགས་ཤིག་གི་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་སྦྲགས་མར་འཕེལ་དགོས་ན། རིག་གནས་ཚན་ཁག་སོ་སོར་འཇུག་པའི་བློ་གྲོས་ཅན་མང་དགོས། མི་རིགས་དང་མི་རིགས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲན་རྩོད་དང་འཕེལ་རྒྱས་ནི་ཚན་རྩལ་ཉིད་ལ་ཐུག་ཡོད་ལ། ཚན་རྩལ་དེ་ཡང་གྲངས་རིག་པ་དང་དངོས་ལུགས་རིག་པ། རྫས་འགྱུར་རིག་པ། གསོ་བ་རིག་པ་ལ་སོགས་པའི་ཐད་ཀའི་བྱེ་བྲག་དབྱིབས་རྩིས་རིག་པ། འགྲེལ་ཞིབ་རིག་པ། ཚབ་རྩིས་རིག་པ། དབྱེ་ཞིབ་རིག་པ། འོད་རིག་པ། ཤུགས་རིག་པ། རྩིས་འཁོར་རིག་པ་བཅས་ལ་འབྲེལ་བ་དམ་ཟབ་ཡོད། གྲངས་རིག་པ་ནི་དངོས་ཡོད་འཚོ་བའི་གྲངས་དང་གྲངས་བར། ཚད་དང་ཚད་བར། དངོས་པོ་དང་དངོས་པོ་བར་གྱི་འབྲེལ་བའི་ཚད་འཇལ་བྱེད་ཅིག་ཡིན། གློག་རྫས་ཀྱི་རྩེད་མོ་ཡིན། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་མཚོན་ཆ་ཡིན། རྨང་གཞིའི་ཤེས་རིག་གི་རྩ་བའམ་མ་ལག་ཡིན། འཛམ་གླིང་གི་རླབས་ཆེན་ཚན་རིག་པ་མང་པོས་གྲངས་རིག་པ་ནི་རང་བྱུང་ཚན་རིག་གི་རྨང་རྡོ་ལྟ་བུར་ཞལ་བཞེས་ཐོབ་ཡོད། རླབས་ཆེན་གྱི་གྲངས་རིག་རྒྱལ་སྲས་ཀོ་སིས་བསྟན་དོན། གྲངས་གཞུང་ནི་གྲངས་རིག་གི་རྒྱལ་པོ་དང་། གྲངས་རིག་ནི་ཚན་རིག་གི་རྒྱལ་པོ་ཡིན་ཞེས་གསུངས་པས། ང་ཚོས་མར་མེ་གཅིག་ལས་མར་མེ་བརྒྱ་སྟོང་དུ་འགྱུར་བའི་ཚུལ་གྱིས་མི་རིགས་རིག་གནས་མ་ཉམས་དར་སྤེལ་དུ་གཏོང་མུར། རིག་གནས་གཞན་དག་སྡུད་ལེན་བྱས་ན། ད་གཟོད་མི་རིགས་ཀྱི་མདུན་ལམ་ཡངས་པོར་འཕེལ་བའི་རིན་ཐང་གཞལ་དུ་མེད་པའི་གསོས་སུ་འགྱུར་བར་ངེས་སོ། །
བོད་ཀྱི་གཙུག་ལག་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན་ཞེས་པ་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་བརྩམས་ཆོས་འགངས་ཆེན་གྱི་ཐེབས་རྩར་ཚུད་མྱོངས། དེ་དང་འབྲེལ་ནས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞིའི་མཇུག་འབྲས་བརྩམས་ཆོས་སུའང་གྲུབ་པ་རེད། ད་ལོ་བདག་གིས་སྔོན་ཆད་ཀྱི་རྨང་གཞིའི་སྟེང་ཡང་བསྐྱར་ནང་དོན་ཐད་ལ་བསྣོན་འཕྲི་དང་བོད་ཀྱི་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ཀ་ལ་དེང་རབས་ཚབ་རྩིས་རིག་པ། དབྱིབས་རྩིས་རིག་པ། གནམ་དཔྱད་རིག་པ་བཅས་ཀྱི་ཚན་རིག་གི་ལྟ་བས་ཞིབ་འཇུག་དང་མཆན་འགྲེལ་བཟོས། བརྗོད་དོན་ཁ་ཤས་ལ་གང་འཚམས་སྒོས་སྤྱི་འགྲོས་དང་། སྤྱི་ལུགས། མཚན་ཉིད། ངེས་སྲོལ་བཅས་ཀྱིས་བཀྲལ་བར་ཡང་བྱས་ཡོད། གཙུག་ལག་རྩིས་རིག་གི་གཞུང་ལུགས་དང་ལག་ལེན་གྱི་ནང་དོན་སྤྱིར་བཀོད་ན། ཐོག་མའི་གླེང་སློང་གི་དཀྱུས་སུ་གཙུག་ལག་རྩིས་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་སྤྱི་དང་། སྐར་ནག་རྩིས་རིག་པའི་སྔོན་འགྲོ་དང་དེ་དག་གི་འགྲེལ་བ། གཞན་ཡང་དེ་འབྲེལ་གྱི་རེའུ་མིག་དང་རི་མོ། སྐར་རྩིས་རིག་པའི་སྤྱི་བྱེ་དང་འཕྲོས་དོན་བཅས་བསྟན་ཡོད། ལྔ་བསྡུས་ཀྱི་དཀྱུས་སུ་པད་དཀར་གྱི་གྲུབ་རྩིས་དང་བྱེད་རྩིས། དེང་རབས་ཀྱི་གཟའ་བརྟག་ཐབས་སྤྱི་འགྲོས་དང་གློག་རྡུལ་རྩིས་ཆས་ཀྱི་སྒྲུབ་ཚུལ། གཙུག་ལག་རྩིས་རིག་དང་གྲངས་རིག་བར་ཀྱི་འབྲེལ་བ་བཅས་བསྟན་ཡོད། སྒྲ་གཅན་གྱི་ངེས་བརྗོད་དང་ཟླ་ཉི་སྒྲིབ་ཚུལ་གྱི་དཀྱུས་སུ་སྐབས་བབ་ཀྱི་གོ་དོན་འདུ་སྒྲིལ་བྱས་པ་དང་། གཙུག་ལག་རྩིས་འཁོར་དང་དེང་རབས་གནམ་དཔྱད་རིག་པའི་སྒྲིབ་ཚུལ་གྱི་རི་མོ་རྩིས་འགྲོ་བཅས་བསྟན་ཡོད། གཟའ་ལྔ་དང་ཞག་གསུམ་གྱི་རྣམ་གཞག་གི་དཀྱུས་སུ་གཞུང་ལུགས་ཀྱི་སྒྲུབ་ཚུལ་དང་ཐུན་མོང་རིག་གནས་ལ་འབྲེལ་བའི་བརྟག་ཐབས། ཞག་གསུམ་གྱི་གོ་དོན་བཅས་བཀོད་ཡོད། བསྟན་རྩིས་ཀྱི་སྐབས་སུ་ལོ་ཚིགས་འགངས་ཆེན་གོང་བསྒྲིགས་གསལ་ཁ་བཀོད་པ་དང་། དེ་ནས་ཙི་ནའི་རྩིས་ལ་ཉེར་མཁོ་བའི་རི་མོ་བསྒྲུབ་ཚུལ་དང་བཅས་པ། བཻ་དཀར་གྱི་དགོངས་དོན་གསལ་འགྲེལ། གཞན་ཡང་བོད་རྩིས་རིག་པའི་རྒྱུན་སྤྱོད་ཤེས་བྱ་དང་དེའི་ཁྱད་ཆོས་ཀྱི་རྩིས་ཕྲན་ཐོར་བུ་དང་འབྲས་བཤད། གོ་དོན་གསལ་འགྲེལ་དང་མཚོན་དཔེ། མགྱོགས་རྩིས་དང་རེའུ་མིག་འཛིན་ཐབས་ལ་སོགས་པས་ཟུར་བརྒྱན་མཛད་ཡོད། དེར་མ་ཟད་སྐབས་ཐོབ་ཀྱི་གཞུང་དོན་མཇུག་ན་རིག་ཚན་སྐོར་ལ་འབྲེལ་བའི་ཞིབ་འཇུག་བསམ་གཞིགས་ཀྱི་དྲི་གཞི་གང་འཚམས་ཞིག་བཏོན་ཡོད་ཀྱང་། ས་བཅད་དང་པོ་ལས་གཞན་པའི་དྲི་གཞི་རྣམས་མནོག་ཆུང་བར་བསམ་ནས་དོར་རོ། །
ནུབ་བྱང་མི་རིགས་སློབ་ཆེན་གྱི་གྲངས་རིག་རྩིས་འཁོར་སློབ་གླིང་ལ་མཚོན་ན། བོད་ཀྱི་གཙུག་ལག་རྩིས་རིག་པའི་དཔེ་ཁྲིད་དབུ་བཙུགས་པ་ནས་བཟུང་། སྐོམ་པ་ཆུ་འདོད་ལྟར་གྱི་སློབ་གཉེར་བ་མང་པོས་གུས་རྟག་གི་སྦྱོར་བ་ཟམ་མ་ཆད་ལ། བོད་རིག་པའི་ཐད་ཀྱི་གྲུབ་འབྲས་གྱ་ནོམ་པ་བླངས་ནས་སོ་སོའི་རེ་བ་བསྐངས། མཐར་ཕྱིན་སློབ་མ་རྣམས་ཀྱང་ལས་རིགས་ཀྱི་བློ་བ་ཚིམ་པར་མཛད། སྒོས་སུ་གཙུག་ལག་སྨྲ་བའི་དགེ་རྒན་དང་། ཚན་རྩལ་ལོ་ཙཱ་བ། རྩོམ་ཡིག་པ་བཅས་ཀྱི་ལས་གནས་སུ་ཞུགས་པ་གང་མང་མང་ཞིག་གིས་རང་རང་ཐད་ནས་ནུས་པ་གཞལ་མེད་བཏོན་དང་འདོན་བཞིན་དུ་ཡོད། དཔེ་གཞུང་འདིར་མཚོན་ན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་བིས་མདོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ་ནས་འབྲེལ་ཡོད་ཀྱི་རྒྱུ་ཆ་གང་མང་མཁོ་འདོན་དང་གསལ་འགྲོལ་མཛད་པ་དང་། སྐུ་ཞབས་ཡུམ་པ་ལགས་ཀྱིས་དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་གྱི་གྲངས་རིག་དང་གནམ་རིག་སྐར་རྩིས་ཞིབ་འཇུག་གླིང་ལ་དཔྱད་གཞི་དཔེ་ཚོགས་མང་པོ་དང་རྗེས་སུའང་འབྲེལ་ཡོད་ཀྱི་གོ་ལའི་དཔེ་རིས་ཀྱིས་མཚོན་པའི་འདྲ་པར་མཁོ་འདོན་གནང་བ་དང་། བློ་གྲོས་ཡངས་པའི་གཅུང་བོ་རིག་འཛིན་ཚེ་བརྟན་གྱིས་ཀྱང་ནག་རྩིས་ཀྱི་རྒྱུ་ཆ་གསལ་འདོན་དང་དེ་འབྲེལ་ཞིབ་བསྡུར་གྱི་དཀའ་བ་ཁུར་དུ་བླངས་པ་དང་། ཁྱད་པར་དུ་སློབ་དཔོན་ཆེན་པོ་ཁྲི་བསམ་གཏན་ལགས་ཀྱིས་དཔེ་ཞིབ་མཛད་མུར་གདེང་འཇོག་ལེགས་པོ་གནང་། གཞན་ཡང་གྲོགས་པོ་དམ་པ་སྐུ་ཞབས་སྒྲོལ་དཀར་སྐྱབས་སམ་ཡོངས་གྲགས་སུ་རྨ་ཆུ་སྒྲོལ་རིལ་དུ་འབོད་པ་གང་དེས་དུས་དང་རྣམ་པ་ཀུན་ཏུ་བདག་ལ་དཀར་སེམས་དགེ་བའི་མཐུན་རྐྱེན་སྦྱར་བར་འདོད་པའི་གསུང་བཤད་གནང་བར་བཀའ་དྲིན་ཆེ་ཞུའོ། །
དཔེ་གཞུང་འདིའི་མཚན་བྱང་ལ«གཙུག་ལག་རྩིས་རིག་གི་གཞུང་ལུགས་དང་ལག་ལེན་»ཞེས་བརྗོད་དོན་ཅི་ཡིན་ཞེ་ན། གངས་ལྗོངས་ལོ་རྩིས་སམ་བོད་རྩིས་ནི། དུས་འཁོར་གྱི་རྩིས་གཞུང་གཙོར་བཟུང་བའི་ཐོག །རྒྱ་རྩིས་དང་། ནག་རྩིས་སམ་འབྱུང་རྩིས་གསུམ་གྱིས་གྲུབ་པས་ཕྱིར་ན། གཙུག་ལག་རྩིས་རིག་ཏུ་འདོད་པ་ཡིན། དཔེ་གཞུང་འདིར་དུས་འཁོར་ལུགས་དང་། རྒྱ་རྩིས། ནག་རྩིས་སམ་འབྱུང་རྩིས་ཀྱི་བརྡ་ཆད་གཙོ་གནད་རྨང་གཞི་བྱས་པའི་གཞུང་ལུགས་ཞིབ་འཇུག་དང་བབ་འབྲེལ་གྱི་མཚོན་བྱེད་ལག་ལེན་ཡང་གང་འཚམས་བཀྲལ་བ་དང་། ལོ་རྒྱུས་རྣམས་སུ་རིག་གནས་ཆུང་བ་ལྔར་བགྲངས་པའི་གྲས་ན་རྩིས་རིག་བཀོད་ཡོད་པ་དང་། གཞན་ཡང་གཡུལ་རྒྱལ་དང་། འབྱུང་རྩིས། སྐར་རྩིས། རྒྱ་རྩིས་ནི་རྩིས་རིག་པར་གྲགས་སོ་ཞེས་སྣང་བ་དང་། དཔེ་གཞུང་འདིར་སྲོལ་རྒྱུན་གྱི་རྩིས་རིག་པའི་ནང་དོན་གྱི་བྱེད་སྒོ་སྤེལ་ནས་ཐོག་མཐའ་བར་གསུམ་ན་གསལ་བཀྲལ་ཡང་མཛད་པས། འདིའི་མཚན་བྱང་ལ«གཙུག་ལག་རྩིས་རིག་གི་གཞུང་ལུགས་དང་ལག་ལེན»ཞེས་བརྗོད་པ་ཡིན་ནོ། །
སློབ་ཁྲིད་རྒྱས་འབྲིང་བསྡུས་གསུམ་བྱེད་ཚུལ་ལ། འདིར་སྨྲ་བྱེད་ཀྱི་ལྕེ་ཐུང་ནའང་། འདི་གའི་སློབ་གྲྭས་སློབ་སྐབས་གཅིག་གི་ནང་དུ་གཟའ་འཁོར་རེར་སློབ་ཐུན་༤ཙམ་གྱིས་མཇུག་རྫོགས་པར་བལྟས་ན(དུས་ཚོད༨༠ཡས་མས།)སློབ་ཁྲིད་ཆེས་བསྡུས་པ་ཞིག་ལས་བྱེད་མི་ཐུབ། སློབ་ལོ་གཅིག་གི་ནང་དུ་གཟའ་འཁོར་རེར་སློབ་ཐུན༤ཙམ་བྱས་ན(དུས་ཚོད༡༦༠ཡས་མས།)སློབ་ཁྲིད་ཀྱི་འཆད་པ་འབྲིང་ཞིག་ཏུ་འཁེལ་སྙམ། སློབ་ལོ་གཅིག་གི་གཟའ་འཁོར་རེར་སློབ་ཐུན༦བེད་སྤྱད་ན(དུས་ཚོད༢༤༠ཡས་མས།) ཞིབ་འཇུག་དང་དབྱེ་ཞིབ་ཀྱི་ནུས་རྩལ་ཅུང་ལྡན་པའི་དོན་གཉེར་བ་ཞིག་ལ་མཚོན་ན། བློ་གྲོས་ཡངས་པོར་འབྱེད་ཐུབ་ངེས་ཡིན། སྐར་རྩིས་རིག་པ་འདི་སློབ་ཆེན་ལོ་རིམ་གསུམ་པའི་སྨད་དམ་ལོ་རིམ་བཞི་པའི་སྟོད་གང་རུང་ནས་བསླབས་ན་རྒྱུས་ལོན་ཐུབ་བོ། །དེང་གི་ཆར་ཡང་མི་རིགས་དཔེ་སྐྲུན་ཁང་གི་ཆེད་མཁས་བློ་མཐུན་རྣམ་པས་ཞུས་དག་གི་དགོངས་འཆར་མང་པོ་གནང་བ་དང་། སྒྲིག་གཞི་དང་ཡིག་སྒྱུར་གྱི་ཐད་ནས་ཀྱང་དག་ཆ་གསལ་འདོན་གྱིས་བཀའ་དྲིན་བསྐྱངས་པ་རེད། དཔེ་སྒྲིག་འགན་ཁུར་པ་སྐུ་ཞབས་གནམ་ལྷ་རྒྱལ་གྱིས་ཕྱོགས་ཡོངས་ནས་ཀུན་སློང་གཙང་མས་རྟོག་དཔྱོད་ཀྱི་གྲོས་གཞི་བཏོན་པ་རེད། ངས་འདི་ནས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་ལགས། དཔེ་གཞུང་འདིའི་སྐབས་དོན་མང་པོ་ཞིག་ཐོར་བསྡུས་བྱས་ནས་ཞིབ་དཔྱད་ཕྲན་བུ་བགྱིས་པ་ཡིན། གཞན་ཡང་ཉེར་མཁོ་དབུགས་སྒང་གི་རི་མོ་བསྒྲུབ་ཚུལ་དང་། འབྲས་རྩིས། ལོ་ཀེག་བརྟག་པ། གྲོགས་སྡེབ་བག་རྩིས་བཅས་ཀྱི་རྒྱུ་ཆ་བདམས་ནས་ཇི་བཞིན་བཀོད་པ་དང་། རྟོག་དཔྱོད་བྱ་བའི་ཚུལ་དུ་མཁས་པའི་སྤྱན་སྔར་བཀྲམ་པ་ཡིན་ཡང་། ཇི་སྐད་དུ། མཛོད་འགྲེལ་རྒྱལ་སྲས་མ་ལས། དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། །གལ་ཏེ་རིགས་པར་ལྟ་ན་བྱ། །ཅི་སྟེ་མིན་ན་གཞན་དུ་གྱིས། །ཞེས་གསུངས་པ་ལྟར་དང་། རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བརྗོད་པ་ནི་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །ཞེས་གསུངས་ན། ངས་གཙུག་ལག་རྩིས་རིག་གི་གཞུང་དོན་འབྲི་ཁུལ་བྱས་པར་གནོན་ཤུགས་ཆེན་པོ་བྱུང་སོང་ཡང་། དཔྱད་འཇོག་གི་སྤྱན་རས་ཡངས་པའི་གཟུར་གནས་མཁས་པ་རྣམས་ཀྱིས་ལེགས་བཤད་ཀྱི་ཚུལ་དང་ལྡན་པའི་རྩོམ་གྲས་སུ་བགྲང་དུ་རུང་བ་རེ་ཡོད་ན་དེར་ཟད་ཀྱི། དེ་མིན་པའི་མ་རིག་པའམ། གོང་འོག་གི་འདུ་མི་བདེ་བ་དང་ཟློས་སྐྱོན། ལུང་རིགས་དང་འགལ་བའི་ངག་འཆལ། ཁུངས་མེད་ལབ་བརྡོལ་ཅི་རིགས་ཅན་དུ་དགོངས་ན་ནི་དེ་དང་དེའི་དག་བཅོས་ཀྱི་དགོངས་འཆར་རིན་ཐང་གཞལ་དུ་མེད་པ་རེ་འཛེམ་མེད་དུ་གནང་རྒྱུའི་བཀའ་དྲིན་མི་ཆུང་བ་ཞུའོ། །
སྨྲས་པ།
ཚིག་ཚོགས་ཁུངས་བྲལ་ལྟག་ཆུ་ཆད་རྫིང་མིན། །
ཡིད་བརྟན་ངེས་མེད་རྨ་ཀླུང་བྱེ་འཆིང་མིན། །
དབྱངས་སྙན་དོན་དབུལ་དར་དིར་སྦྲང་གླུ་མིན། །
རིགས་ལམ་ཉམ་ཆུང་མན་མུན་ནེ་ཙོ་མིན། །
ཡིད་བརྟན་ངེས་མེད་རྨ་ཀླུང་བྱེ་འཆིང་མིན། །
དབྱངས་སྙན་དོན་དབུལ་དར་དིར་སྦྲང་གླུ་མིན། །
རིགས་ལམ་ཉམ་ཆུང་མན་མུན་ནེ་ཙོ་མིན། །
ཞེས་ཀླུ་གཤོང་ཤ་བོ་ཚེ་རིང་ངམ་རིག་གྲོལ་དུ་འབོད་པས་བོད་རབ་གནས་ཤོ་བྷ་ན་མཛེས་བྱེད་ཆུ་ཡོས་ཏེ་སྤྱི་ལོ༢༠༢༣ལོའི་ཟླ༩ཚེས༦ཉིན་གླེང་གཞི་འདི་རྒྱ་ཆེ་བའི་ཀློག་ཡངས་པ་རྣམས་ཀྱི་སྤྱན་སྔར་དྲངས་པ་དགེ་ལེགས་འཕེལ།
རྩོམ་པ་པོ་ངོ་སྤྲོད།
ཤ་བོ་ཚེ་རིང་། མཚོ་སྔོན་གཅན་ཚའི་སྣང་རར་འཁྲུངས། 1979ལོའི་ཟླ9བ་ནས1982ལོའི་ཟླ7པར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་གཉེར་གནང་བ་དང་། རྒན་དམ་པ་འཇམ་དབྱངས་དང་མཁའ་འབུམ་སོགས་ཀྱིས་གསུང་མཆིད་རྒྱས་པར་བསྩལ། 1982ལོའི་ཟླ8པ་ནས1983ལོའི་ཟླ9བར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་ཕྱག་ལས་མཛད། 1983ལོའི་ཟླ9བ་ནས1986ལོའི་ཟླ7པར་མཚོ་སྔོན་སློབ་གསོ་སློབ་ཆེན་ནས་སློབ་གཉེར་གནང་། དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་སོགས་ཀྱིས་བརྩེ་བར་བསྐྱངས། 1992ལོའི་ཟླ9བ་ནས1995ལོའི་ཟླ6པར་ལན་གྲུ་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་ཟབ་སྦྱོང་གནང་ཞིང་། མཛུབ་སྟོན་དགེ་རྒན་ཆེན་མོ་ཧྥན་ཞན་ལིན་དང་ཀྲུང་ཁྲིན་ཁེ་གཉིས་ཀྱིས་གསུང་གི་བདུད་རྩི་གནང་། 2000ལོའི་ཟླ9བ་ནས2003ལོའི་ཟླ6པར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་གཉེར་བྱས་ཤིང་། མཛུབ་སྟོན་དགེ་རྒན་ཆེན་མོ་དོར་ཞི་མཆོག་དང་ཁྲི་བསམ་གཏན་སོགས་ཀྱིས་བཀའ་གསུང་སྨིན་རྒྱས་སུ་བསྩལ། སྔ་རྗེས་སུ་ཤར་གདོང་རིན་པོ་ཆེ་དང་།རྗེ་འཇིགས་མེད་ཐེག་མཆོག་དང་། མཁས་དབང་ཆོས་རྗེ་མཆོག་སོགས་ཟུར་དམིགས་ནས་བསྟེན་མུར། སུམ་རྟགས་དག་གསུམ་དང་ཚད་མ་རིག་པ། རྩོམ་རིག་དང་ནང་རིག་པའི་ཆ་ལག་གསན་སྦྱོང་སྒོས་བག་ཆགས་ཟབ་མོ་བཞག ཁྱད་པར་དུ་རྗེ་བསམ་འགྲུབ་རྒྱ་མཚོར་ཡུན་རིང་བསྟེན་ནས་སྐར་རྩིས་རིག་པའི་གཞུང་ལུགས་ལ་སྦྱང་བརྩོན་རྣལ་མ་གནང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་གྲངས་རིག་དགེ་རྒན་ཆེན་མོ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཆེན་མོ། བསླབ་ཚན་དང་སློབ་ཁྲིད་སྨྲ་བའི(གྲངས་རིག་དང་དངོས་ལུགས།)སློབ་དཔོན་ཚོ་སྐོར་གྱི་མགོ་འཛིན་པ། གནམ་རིག་སྐར་རྩིས་ཞིབ་འཇུག་གླིང་གི་གླིང་གཙོ།
རྒྱལ་ཡོངས་གྲངས་ཉུང་མི་རིགས་སློབ་གསོ་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལས་འཛིན་པ། རྒྱལ་ཡོངས་མི་མཚུངས་ཚུལ་ཞིབ་འཇུག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་གཉིས་སློབ་ཁྲིད་ཞིབ་འཇུག་ཁང་གི་ཨུ་ཡོན། ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་སློབ་གསོའི་ཞིབ་འཇུག་ཁང་གི་ལས་འཛིན་པ་བཅས་ཡིན། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་གྲངས་རིག་དང་ཉེར་སྤྱོད་གྲངས་རིག གྲངས་རིག་སློབ་གསོ་དང་རྒྱ་བོད་སྐད་གཉིས་སློབ་ཁྲིད། གྲངས་རིག་དང་གནམ་རིག་སྐར་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན་སོགས་ཡིན། གཞན་ཁོང་གིས་རྩོམ་རིག་དང་གྲངས་རིག ཚན་རིག་སོགས་ཀྱི་རྩོམ་ཡིག་དང་དེབ་མང་དུ་བསྒྱུར་ཏེ་རྒྱ་བོད་ལོ་ཙཱའི་ཕྱོགས་ལའང་མཛད་རྗེས་མི་དམན་པ་བཞག་ཡོད་ལ། དམིགས་བསལ་དུ་ཁོང་གིས་ཚན་རྩལ་གྱི་སྐོར་བསྒྱུར་སྐབས་སྲུང་དགོས་ཚད་གཞི་བཞི་དང་རྩ་དོན་གསུམ་གྱི་དགོངས་པ་གལ་ཆེན་བཏོན་ཡོད།ལས་གཞིའི་ཐད་ནས། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས(ཆོག་མཆན་ཨང་གྲངས12BMZ011)དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་ཐེབས་རྩའི་རྣམ་གྲངས(ཆོག་མཆན་ཨང་གྲངས11361050)དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ཉམས་རྒུད་རིག་པའི་རྣམ་གྲངས(19VJX139)དང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་སྤྱི་ཚོགས་ཙན་རིག་གི་ཐེབས་རྩའི་ལས་གཞི་བཅས་སོ། །གཙོ་སྐྱོང་རྣམ་གྲངས་ལེགས་འགྲུབ་བྱུང་བའི་ཐད་ནས། 1.བོད་ཀྱི་སྐར་རྩིས་རིག་པའི་ཁྱབ་ཁོངས་སུ་རྩིས་རྒྱག་གི་ལུགས་དང་ལོ་རེའི་ལོ་ཐོའི་མ་ལག་དཔེ་དབྱིབས་ཞིབ་འཇུག(2013ལོའི་རྒྱལ་ཁབ་ཀྱི་རང་བྱུང་ཐེབས་རྩའི་རྣམ་གྲངས་གཙོ་སྐྱོང་གནང་། 1361050) 2.བོད་ཀྱི་སྲོལ་རྒྱུན་གྲངས་རིག་རིག་གནས་ཁྲོད་ཀྱི་རྒྱ་བོད་རིག་གནས་སྤེལ་རེས་ཞིབ་འཇུག(2012ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་རྣམ་གྲངས་གཙོ་སྐྱོང་གནང་། ཆོག་མཆན་ཨང་གྲངས12BZ011དང་དཔང་ཡིག་ཨང་གྲངས20191390) 3. རྒྱལ་ཁབ་སློབ་གསོ་པུའུ་ཡི་སྤྱི་ཚོགས་ཙན་རིག་གི་ཐེབས་རྩའི་ལས་གཞི་བཅས་སོ། །ད་ལྟ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་“ཉམས་རྒུད་རིག་པ་”རྒྱལ་ཁབ་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རྣམ་གྲངས(གྲངས་གཞི་ཆེན་པོ་ཟིན་པའི་བོད་ཀྱི་གནམ་རིག་སྐར་རྩིས་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཕྱོགས་བསྡུས་ཞིབ་འཇུག་བྱེད་པར་གཙོ་སྐྱོང་གནང་བ་དང་། ཆོག་མཆན་ཨང་གྲངས19VJX139)ལ་མགོ་འཛིན་དངགཙོ་སྐྱོང་གནང་མུས། མཛད་རྗེས་དང་བྱ་དགའི་ཐད་ནས། གསུང་རྩོམ20པར་དུ་བསྐྲུན། དཔེ་ཆ་བཞི་མཐོ་རིམ་མི་རིགས་སློབ་ཆེན་གྱི་བསླབ་གཞི་རུ་བཀོལ་བཞིན་ཡོད། «བུ་སྟོན་གྱི་སྐར་རྩིས»དང«སྐར་རྩིས་རྣམ་གཞག» «ཉེར་མཁོ་རྩིས་བཞག་པད་དཀར་ཆུན་པོ»ལ་ནུབ་ལྷོ་ནུབ་བྱང་གི་མཆོག་གྱུར་ཚན་རྩལ་གྱི་བྱ་དགའ་ཨང་གཉིས་པ་ཐོབ། «བོད་ཡིག་བརྡ་འཕྲིན་མ་ལག»ལ་རྒྱལ་ཁབ་ཀྱི་དམངས་ཨུའི་ཚན་རྩལ་བྱ་དགའ་ཨང་དང་པོ་ཐོབ། «སྐད་གཉིས་དགེ་རྒན་གསོ་སྐྱོང»དང«མཐོ་རིམ་ཚབ་རྩིས»གཉིས་ལ་ཞིང་ཆེན་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། «བོད་ཡིག་བརྡ་འཕྲིན་ཚེག་རྟགས་མ་ལག»དང«སྐད་གཉིས་གྲངས་རིག»ལ་ཞིང་ཆེན་ཚན་རྩལ་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་ཐོབ། རྒྱལ་ཁབ་རིམ་པའི་ལས་གཞི་ཚན་བྱང་གསུམ་དང་ཞིང་ཆེན་རིམ་པའི་ལས་གཞི་ཚན་བྱང་གཉིས་ལ་མགོ་འཛིན་བྱས་ཏེ་མཇུག་སྒྲིལ། 2002ལོའི་ཟླ9བའི་ཚེས30ཉིན་ཚན་རིག་པ་ཆེན་མོ་ནོ་པེ་ཨར་བྱ་དགའ་ཐོབ་པ་ལིས་ཀྲིན་ཏོ་སྐུ་དངོས་ཀྱིས་ལིས་ཀྲིན་ཏོའི་བྱ་དགའི་རྟགས་མ་གནང་། ད་ལྟ་རྒྱལ་ཁབ་རིམ་པའི་ལས་གཞི་ཚན་བྱང་གཉིས་མགོ་འཛིན་གནང་ནས་ཞིབ་འཇུག་ཟབ་རྒྱས་སུ་བསྟར་མུས་ཡོད།
ཁོང་གི་འགྱུར་དེབ་ཀྱི་སྐོར་ལ«སའི་གོ་ལའི་ནང་སྙིང་།»དང་། «མཐོ་རིམ་ཚབ་རྩིས་བོད་ཡིག་མ།» «མཐོ་རིམ་ཚབ་རྩིས་བོད་རྒྱ་ཤན་སྦྱར་མ།» «མཐོ་རིམ་ཚབ་རྩིས་ཀྱི་བསྐྱར་སྦྱོང་ལྷན་ཐབས།» «ཆ་འགྲིག་རིག་པ།» «ཉེ་རབས་ཚབ་རྩིས་བོད་རྒྱ་ཤན་སྦྱར་མ།» «གྲངས་རིག་བསམ་བློའི་ཐབས་ལམ་རྣམ་བཤད།» «གྲངས་རིག་མཐོ་རྒྱུགས་དབྱེ་ཞིབ།» «གྲངས་རིག་གི་སྦྱང་གཞི་ལྷན་ཐབས།» «དངོས་ལུགས་ཀྱི་སྦྱང་གཞི་ལྷན་ཐབས།» «རྫས་འགྱུར་གྱི་སྦྱང་གཞི་ལྷན་ཐབས།» «སྐྱེ་དངོས་ཀྱི་སྦྱང་གཞི་ལྷན་ཐབས།» «ས་རྒྱུས་ཀྱི་སྦྱང་གཞི་ལྷན་ཐབས།»སོགས་དང་། གཞན«དེང་རབས་ཀྱི་བརྡ་ཆད་རིག་པ།»ཞེས་པས་མཚོན་པའི་དེབ་སྐོར་ཞིག་མཉམ་སྒྱུར་དང་“ན་གཞོན་གྱི་གྲོགས་པོ་རྣམས་ལྷན་འཛོམས་བྱེད་པ།”ཞེས་པས་མཚོན་པའི་རྩོམ་ཡིག་སྐོར་ཞིག་བསྒྱུར་ཡོད་དོ། །
ནང་དོན་ཡོང་ཁུངས། ཙོང་ཁ་དཔེ་ཁང་གི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།