ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར«རང་བྱུང་སྐད་བརྡ་སྒྲིག་གཅོད་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པ་ཆ་འཕྲིན་དུས་ཀྱི་རང་སྒྲ»པར་དུ་བསྐྲུན།
དེབ་གསར«རང་བྱུང་སྐད་བརྡ་སྒྲིག་གཅོད་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པ་ཆ་འཕྲིན་དུས་ཀྱི་རང་སྒྲ»པར་དུ་བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-12 09:06:19
ཀློག་གྲངས།:1698
ཉེ་སྔོན། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་ཁྲི་ཤར་བསོད་ནམས་ཚེ་རིང་གིས་བརྩམས་པའི«རང་བྱུང་སྐད་བརྡ་སྒྲིག་གཅོད་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པ་ཆ་འཕྲིན་དུས་ཀྱི་རང་སྒྲ»ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག

«རང་བྱུང་སྐད་བརྡ་སྒྲིག་གཅོད་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པ་ཆ་འཕྲིན་དུས་ཀྱི་རང་སྒྲ»ཞེས་པའི་ཆེད་རྩོམ་འདི་ཉིད་ནི། དེ་སྔ་སྤྱི་ལོ་༢༠༠༧ལོར་གུས་ཕྲན་བདག་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་མི་རིགས་ཆ་འཕྲིན་ཞིབ་འཇུག་གླིང་དུ་ཤེས་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བྱེད་པའི་སྐབས་ཀྱི་རྒྱ་ཡིག་གི་མཐར་ཕྱིན་དཔྱད་རྩོམ་རྨང་གཞིར་བྱས་པ་དང་། སྤྱི་ལོ༢༠༡༢ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ལས་གཞི་རེག་པའི་སྟེང་ལོ་ངོ་འདི་དག་གི་སློབ་ཁྲིད་སློབ་གསོ་དང་། རིག་གཞུང་ཞིབ་འཇུག་གི་འབྲས་རྟགས་སུ་ཡང་ཡང་འབད་མཐར་ད་ལམ་དངོས་སུ་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་བ་ལགས།
སྤྱིར་ན་ཆེད་རྩོམ་འདི་ཉིད་ནི་རིག་ཚན་བྱེ་བྲག་པ་སྟེ་རྩིས་འཁོར་སྐད་བརྡ་རིག་པ་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་དམིགས་ནས་དེའི་རྨང་གཞིའི་ཞིབ་འཇུག་གི་གྲས་སུ་གཏོགས་པ་དང་། བོད་ཀྱི་བརྡ་སྤྲོད་ལས་ཚིག་ཕྲད་དང་རྩིས་འཁོར་རིག་པ་གཉིས་སྣོལ་རེས་བྱས་ཏེ་ཞིབ་འཇུག་གི་ཐབས་ལམ་གསར་བ། གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་དངོས་བཤེར་གྱི་ལམ་ནས་བྲིས་པ་དང་། ལེའུ་བརྒྱད་ཀྱི་བདག་ཉིད་ཅན་གྱིས་རིག་ཚན་གསར་བ་འདིའི་མ་ལག་འཐུས་ཚང་དུ་གཏོང་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བཏོན་ཡོད།ཀུན་གྱིས་མཁྱེན་གསལ་ལྟར། དེང་གི་དུས་ནི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེས་མགྱོགས་པའི་དུས་རབས་ཤིག་ཡིན་ལ། སྔོན་ཐོན་གྱི་མི་རིགས་དང་སྔོན་ཐོན་གྱི་རྒྱལ་ཁབ་གང་མང་ཞིག་གིས་ཆ་འཕྲིན་ལག་རྩལ་ཕྱོགས་སུ་འབད་པ་ལྷུར་ལེན་བྱེད་བཞིན་འདུག སྔོན་ཐོན་དང་རྗེས་ལུས་ཀྱི་ཚད་གཞི་དེའང་ཆ་འཕྲིན་ལག་རྩལ་གྱི་སྟེང་ནས་འཇོག་གིན་འདུག་པས། ང་ཚོས་ཀྱང་བོད་ཀྱི་སྐད་དང་ཡི་གེ་འདི་ཉིད་ཆ་འཕྲིན་དུས་རབས་ཀྱི་རྗེས་སུ་ལུས་པར་མི་འཇུག་པར། རང་གི་སྐད་དང་ཡི་གེ་འདི་ཉིད་འཕྲུལ་ཆས་ཅན་དང་། ཨང་རྩིས་ཅན། བློ་ལྡན་ཅན། རང་ས་ཅན་ཏུ་གཏོང་བར་འབད་པ་ལྷུར་ལེན་བྱ་རྒྱུ་ནི་དུས་རབས་གསར་བའི་མི་རབས་གསར་བ་དག་གི་ཕྲག་སྟེང་གི་འོས་འགན་ལྡོག་མེད་ཅིག་ཡིན་པ་བཤད་མ་དགོས་པ་དང་། སྔོན་ཐོན་གྱི་རྒྱལ་ཁབ་དང་སྔོན་ཐོན་གྱི་མི་རིགས་ཁག་ཏུ་སྨྲ་མི་ཤེས་ཤིང་དོན་མི་གོ་བའི་སེམས་མེད་ཀྱི་རྩིས་འཁོར་དེ་ཉིད་ལ་ཡི་གེ་བསླབས་ཏེ་ཡི་གེ་ཀློག་ནུས་པ་དང་། ཡི་གེ་འདོན་ནུས་པའི་བློ་ལྡན་ཅན་གྱི་འཕྲུལ་ཆས་ཤིག་ཏུ་གྱུར་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་པས། ང་ཚོས་ཀྱང་འདིའི་ཕྱོགས་ལ་འབད་པ་ལྷུར་བླངས་ཏེ་བོད་ཀྱི་རིག་གནས་འདི་ཉིད་མི་རིགས་རང་ས་ཅན་དང་། དེང་རབས་ཅན། འཕྲུལ་ཆས་ཅན་དུ་བསྒྱུར་བར་སྐུལ་བ་ལ། འདིར་གུས་པོས་བོད་སྔ་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་དག་དང་། རི་བོའི་གཏོས་དང་མཉམ་པའི་བོད་རང་གི་རིག་གནས་དག་གཞིར་བཅོལ་ཏེ་རྒྱལ་ཁབ་ཕྱི་ནང་གི་རྩིས་འཁོར་སྐད་བརྡ་རིག་པའི་དཔྱད་འབྲས་གསར་བས་ཟུར་བརྒྱན། གནའ་དེང་གི་བོད་ཡིག་དཔེར་བརྗོད་དག་ཁུངས་སུ་བསྟེན་ཏེ་མི་དང་རྩིས་འཁོར་བར་གྱི་འབྲེལ་འདྲིས་སྐད་ཆར་དབྱེ་ཞིབ་བྱས་པའི་བོད་སྐད་ཚིག་ཕྲད་ལ་དཔྱད་པ་གཏོང་ཁུལ་བྱས་པ་ཡིན།
བོད་སྐད་ཚིག་ཕྲད་ནི་བརྡ་སྤྲོད་ཀྱི་སྦྱོར་བའི་ནང་དུ་སྣེ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་དང་། བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་ནང་དུ་ཚིག་ཕྲད་ཀྱི་སྦྱོར་ཚུལ་བསྟན་པ་མང་ནའང་། ཚིག་ཕྲད་ལ་མིང་སྔ་ཕྱི་སྦྲེལ་བ་ལ་དབྱེ་ཞིབ་དང་སྒྲིག་གཞི། ཚིག་ཕྲད་ཀྱི་བརྡ་སྤྲོད་བྱེད་ནུས་སོགས་ལ་དཔྱད་པ་ནན་ཞིབ་བཏང་བའི་བསྟན་བཅོས་ནི་ད་སྔ་མ་མཐོང་བ་དང་། ལྷག་པར་དུ་རྩིས་འཁོར་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པའི་སྟོང་ཆ་བསྐང་བར་དཔྱད་གཞི་འདི་འདྲ་ཞིག་བདམས་པ་ལ། གཅིག་ཏུ་བོད་སྐད་ཚིག་ཕྲད་སྤྱིའི་གནས་བབ་མཚོན་ཐུབ་པ་དང་། གཉིས་སུ་བོད་སྐད་ཡིག་ཞིབ་འཇུག་བྱ་བར་རྒྱུས་ལོན་དང་དཔྱད་གཞིའི་རྒྱུ་ཆ་ལེགས་པོ་ཞིག་མཁོ་འདོན་བྱ་ཐུབ་པ། གསུམ་དུ་གནའ་དེང་གི་བོད་སྐད་ཀྱི་སྐད་ཆའི་སྦྱོར་བའི་ཆོས་ཉིད་ངོས་ཟིན་པར་བྱ་བ། བཞི་རུ་བོད་ཡིག་དེང་རབས་ཅན་དང་། འཕྲུལ་ཆས་ཅན་དུ་བསྒྱུར་བར་ཕན་ཐོགས་པ། ལྔ་རུ་ཞིབ་འཇུག་གི་ཐབས་ལམ་མི་འདྲ་བ་སྣ་ཚོགས་བཀོལ་ཏེ་བོད་སྐད་ཡིག་བྱ་བར་རམ་འདེགས་བྱ་བའི་དོན་སྙིང་གལ་ཆེན་ལྡན། དེབ་འདི་ལས་བརྡ་ཆད་གསར་བའི་འགྱུར་སྐྱོན་དང་། དོན་ལ་ཟློས་སྐྱོན་ཡོད་པ་བཅས་ཀྱི་སྐྱོན་མཆིས་སྲིད་པས་གཟུར་གནས་དཔྱོད་ལྡན་དག་གིས་སྐྱོན་བརྗོད་ཀྱི་དགོངས་འཆར་འདོན་པར་གལ། དེབ་འདི་ཉིད་བོད་ཀྱི་རིག་གནས་དང་། ལྷག་ཏུ་བོད་ཡིག་ཆ་འཕྲིན་དང་དེང་རབས་སྐད་བརྡ་རིག་པའི་རིག་གནས་འཕེལ་རྒྱས་ཀྱི་གསོས་སུ་འགྱུར་བར་སྨོན།
རྩོམ་པ་པོ་ངོ་སྤྲོད།

ཁྲི་ཤར་བསོད་ནམས་ཚེ་རིང་། མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་དང་། བོད་ཡིག་ཆ་འཕྲིན་དང་ཉེར་སྤྱོད་སྐད་བརྡ་རིག་པའི་ཁ་ཕྱོགས་གཉིས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཡིག་ཆ་འཕྲིན་དང་དེང་རབས་སྐད་བརྡ་རིག་པའི་སྐོར་ཡིན། སྔ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན་བཅས་འགྲིམས་ཤིང་། ཨ་རི་དང་དབྱིན་ཇི་སོགས་ལ་དུས་ཐུང་སློབ་སྦྱོང་དང་རིག་གཞུང་ཚོགས་འདུར་ཞུགས། བོད་ཀྱི་རིག་གནས་དང་བོད་ཡིག་ཆ་འཕྲིན། རྩིས་འཁོར་སྐད་བརྡ་རིག་པ་སོགས་ལ་སློབ་གཉེར་བྱས་ཏེ། རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས«ཀྲུང་གོའི་བོད་རིག་པ»དང་། «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»གཙོས་རིག་གཞུང་དུས་དེབ་ཆེ་གྲས་ཁག་ཏུ་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་ཅིང་། རིག་གཞུང་ཆེད་དེབ་ལ«བོད་ཡིག་ཆ་འཕྲིན་ཞིབ་འཇུག་དབྱངས་གསལ་མཛེས་རྒྱན»དང«བོད་ཡིག་ཆ་འཕྲིན་དང་བོད་ཀྱི་སྐད་ཡིག་གླེང་བ་དུས་ཀྱི་འོད་སྣང» «རང་བྱུང་སྐད་བརྡ་སྒྲིག་གཅོད་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པ་ཆ་འཕྲིན་དུས་ཀྱི་རང་སྒྲ»བཅས་བརྩམས་ཆོས་དེབ་གསུམ། གཙོ་སྒྲིག་གནང་བའི«བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ»ཅེས་པ་པར་སྐྲུན་གནང་ཡོད། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་ལས་གཞི་ཆེ་ཁག་ཉི་ཤུ་ལྷག་ལ་ཞུགས་པར་མ་ཟད། རྒྱལ་ཁབ་རིམ་པའི་ལས་གཞི་གསུམ་གཙོ་སྐྱོང་གནང་། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་སྟོང་གི་འཆར་གཞིའི་གྲས་སུ་ཚུད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་ཅན་གྱི་དཔུང་སྡེའི་བྱ་དགའ་གཅིག་བཅས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།