ལུག་ནག་སྟེ་ཕ་ཡུལ་གྱི་པང་ནས་བརྡོལ་བའི་ཁྱད་ནོར།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་དྲ་ལམ་བརྙན་འཕྲིན་ཁང་།
དུས་ཚོད།:2022-12-06 09:42:24
ཀློག་གྲངས།:
ཉེ་བའི་ལོ་འགའི་རིང་། རང་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་རྒྱུན་སྐྱོང་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་འཁྱོངས་བྱས་ནས་ནོར་ནག་དང་ལུག ནས། ལོག་དཀར་བཅས་ཐོན་ལས་ཆེན་པོ་བཞིའི་ཁྱད་ཆོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་སྐུལ་འདེད་བཏང་བ་མ་ཟད། ཞིང་ཕྱུགས་ཐོན་རྫས་གྲགས་ཅན་གྱི་ཁྱབ་སྒྲོག་བྱས་པ་དེས་མཚོ་ལྷོའི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་དབུ་ཁྱུད་གསར་བ་བྲིས་ཡོད་པས། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཀྱང“ཕ་ཡུལ་གྱི་པང་ནས་བརྡོལ་བའི་ཁྱད་ནོར”ཞེས་པའི་ཆེད་སྒྲིག་ལེ་ཚན་ཕབ་སྐྲུན་ཚན་ཆུང་ཀོས་ནན་རྫོང་ལུག་ནག་གསོ་སྤེལ་ལྟེ་གནས་སུ་སོང་ནས་དེའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས།
ཀོས་ནན་རྫོང་གི་ལུག་རྒྱུད་ནག་པོ་ནི་རང་རྒྱལ་གྱི་གདོད་མའི་ལུག་རྒྱུད་ཆེན་པོ་གསུམ་གྱི་གྲས་གཅིག་ཡིན་པ་དང་། དེ་ནི་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཁྱད་པར་བའི་འོག་གསོ་སྐྱོང་བྱས་པའི་ས་གནས་རང་བཞིན་གྱི་ལུག་རྒྱུད་ལེགས་ཤོས་ཤིག་ཡིན་ལ། འདི་ལ་ཀོས་ནན་རྩྭ་ཐང་གི་མུ་ཏིག་ནག་པོ་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། ང་ཚོ་གསར་འགོད་རྣམས་ཉིན་གུང་གི་མཚམས་སུ་ཀོས་ནན་རྫོང་གི་ལུག་རྒྱུད་ནག་པོ་གསོ་སྤེལ་རྟེན་གཞིར་ཐོན་དུས་ལུག་ནག་མང་པོ་ཁྱུ་དང་ཁྱུ་བྱས་ཏེ་ལུག་ལྷས་སུ་གཟན་ཆས་ཟ་བཞིན་མཆིས།
ལུག་ནག་ནི་ཀོས་ནན་རྫོང་གི་ཁྱད་ལྡན་ཐོན་ལས་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ལོ་འདི་འགར། ཀོས་ནན་རྫོང་གིས་དུས་ནམ་ཡང་ལྷད་མེད་དང་སྐྱེ་ཁམས། བདེ་འཇགས་ཀྱི་འདུ་ཤེས་ཞེས་པའི་ཐབས་ལམ་དེ་ལུག་ནག་གསོ་སྤེལ་གྱི་གོ་རིམ་ཡོངས་སུ་ལག་བསྟར་བྱས་པ་མ་ཟད། སྲིད་ཇུས་དང་ཚན་རྩལ་ཟུང་འབྲེལ་གྱིས་རྫོང་ཡོངས་ཀྱི་ལུག་ནག་གསོ་སྤེལ་ཐོན་ལས་དེ་ཚད་གཞི་ཅན་དང་གཞི་རྒྱ་ཅན། གཅིག་གྱུར་གོང་སྤེལ་གྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།
ཀོས་ནན་རྫོང་གི་ལུག་རྒྱུད་ནག་པོ་ནི2014ལོར་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་ཧྥང་ཡོན་སྡེ་ཚོགས་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱིས་ཁས་ལེན་ཐོབ་པ་དང་། 2015ལོར་ཀོས་ནན་ལུག་ནག་གི་ཚོང་རྟགས་ཐོ་འགོད་ལེགས་འགྲུབ་བྱུང་ཞིང་། 2017ལོར་རྒྱལ་ཁབ་རྒྱུ་སྤུས་ལྟ་ཞིབ་སྤྱི་ཁྱབ་ཅུའུ་ཡི་ཞིབ་བཤེར་ཆོག་མཆན་ཐོབ།
འདི་དག་ལས་ཀོས་ནན་རྫོང་གི་ཁྱད་ལྡན་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་བསྐྱོད་པའི་ཐོབ་ཐང་དང་དཔང་ཡིག་ལྡན་པ་མཚོན་པར་མ་ཟད། སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་ཐོབ་པའི་ལུག་ནག་གིས་ཀོས་ནན་རྫོང་གི་མང་ཚོགས་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག་པ་དང་། ཙག་ཝ་སྡེ་བའི་མང་ཚོགས་དཔལ་མགོན་རྒྱལ་ཡང་དེའི་གྲས་ཀྱི་གཅིག་ཡིན། ཀོས་ནན་རྫོང་ཐར་ཤུལ་ཞང་ཙག་ཝ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་སྟེ། སྲོལ་རྒྱུན་གྱི་འབྲོག་ལས་མ་གཏོགས་དེ་ལས་གཞན་པའི་ཕྱུག་འགྱུར་གྱི་ཐབས་ལམ་བཟང་བོ་མེད་པས། མང་ཚོགས་ཀྱི་ཡོང་འབབ་མང་དུ་འཕར་ཆེད། ཀོས་ནན་རྫོང་གི་ཏང་འཛུགས་ཀྱིས་ལུག་ནག་གསོ་སྤེལ་ཐོན་ལས་གོང་སྤེལ་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་ལག་བསྟར་བྱས་ཤིང་། ལུག་ནག་གསོ་སྤེལ་རྟེན་གཞིའི་རྟ་མགྲིན་ཚེ་རིང་གིས་ཧྲུའུ་ཅི་དང་པོའི་འགན་ཁུར་ཏེ། ཏང་རྩ་འཛུགས་དང་ཏང་ཡོན་གྱི་མིག་དཔེ་བཏོན་ནས། ཏང་འཛུགས་དང་ལུག་ནག་ཐོན་ལས་གཉིས་མཉམ་དུ་ཡར་རྒྱས་གོང་འཕེལ་དུ་བཏང་།
2018ལོར། ལུག་ནག་གི་འཕེལ་ཁ་དར་བ་དང་བསྟུན་ནས་ཙག་ཝ་སྡེ་བ་ཡོངས་དབུལ་ཐར་བྱས་ཤིང་། 2019ལོར། ཀོས་ནན་རྫོང་གི“1210”ལུག་ནག་འཕེལ་རྒྱས་ཀྱི་ལས་གཞིའི་ཁྲོད་བདམས་པ་མ་ཟད། ལུག་ནག་རྒྱུད་སྤེལ་གྱི་དཔེ་སྟོན་སྡེ་བའི་མིང་བྱང་ཡང་བསྩལ་བ་རེད།
སུམ་མདོ་གྲོང་རྡལ་རྒྱ་ཤིང་སྡེ་བའི་ལྗང་མདོག་གི་རྩྭ་ཐང་སྟེང་། ལུག་ནག་གསོ་སྤེལ་གྱི་ཁང་ཤར་རེ་རེ་གྲལ་འགྲིག་པའི་ངང་གསལ་བོར་མཐོང་ཐུབ་ཅིང་། ང་ཚོ་ཀྱཱ་ཚང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཐོན་དུས། རིན་ཆེན་ཐར་ཡང་ལུག་རའི་ནང་གཟན་ཆས་སྟེར་བར་བྲེལ་བཞིན་ཡོད་ལ། ཁོའི་གདོང་ལ་སྔར་མེད་ཀྱི་སྤྲོ་སྣང་དང་འཛུམ་མདངས་རྒྱས་འདུག ཁོས་ང་ཚོར་བཤད་པ་ལྟར་ན། ལོ་འདི་འགའི་ནང་སྔོན་ཆད་ཀྱི་སྲོལ་རྒྱུན་ཕྱུགས་ལས་གཉེར་སྟངས་ལ་འོས་འཚམས་ཀྱིས་འགྱུར་བ་བཏང་ནས་ལུག་ནག་གསོས་པ་དང་། འདིའི་གོ་རིམ་ཁྲོད་ཆེད་ལས་མཁས་པའི་མཛུབ་སྟོན་ལ་བརྟེན་ནས་ཚན་རིག་གི་ལམ་ནས་ཅི་ལྟར་གསོ་བའི་ཐབས་ལམ་སྤྱད་ཡོད་པ་མ་ཟད། ད་དུང་ལུག་ནག་རེ་རེར་ཡང་ཡིག་ཐོག་དང་གཞི་གྲངས་ཀྱི་ངོ་རྟགས་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་ཚད་ལྡན་རང་བཞིན་གྱི་མཉམ་ལས་ཁང་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱེད་བཞིན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་འདི་འགའི་ནང་ཀོས་ནན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་གནས་རང་གི་ལུག་ནག་རྒྱུད་བཟང་གསོ་སྤེལ་གྱི་ཕྱོགས་སུ་ཤུགས་སྣོན་ཆེན་པོ་བྱས་ནས་མ་ལག་རང་བཞིན་དང་། ཚན་རིག་རང་བཞིན།རྒྱུད་བཟང་རྒྱུད་སྤེལ་གྱི་ཐད་དུ་ས་གནས་རང་གི་ཆ་རྐྱེན་དང་འཚམ་པའི་བྱ་བ་མང་པོ་བསྒྲུབ་མྱོང་། དེ་བས། ལོ་འདི་དག་གི་འཕེལ་རྒྱས་ཀྱི་རྣམ་པར་གཞིགས་ན།ཀོས་ནན་རྫོང་གི་ལུག་ནག་རྒྱུད་སྤེལ་དང་ཐོན་སྐྱེད་སླར་གསོ་བཅས་ཀྱི་ཕྱོགས་སུ་སྔར་མེད་པའི་གྲུབ་འབྲས་བཟང་བོ་བླངས་ཡོད། ལུག་ནག་རྒྱུད་སྤེལ་གྱི་གོ་རིམ་དང་ཐབས་ཤེས་གཙོ་བོའང་ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་། རྟེན་གཞི་བཅས་མཉམ་འབྲེལ་སྒོས་ལུག་ནག་གསོ་ཐབས་དང་རྒྱུད་སྤེལ་ངོས་ནས་ཐོག་མའི་སྤུས་ལེགས་དང་རྗེས་མའི་རིན་གོང་སོགས་ཕྱོགས་གང་ཐད་ནས་མངོན་འགྱུར་ཆེན་པོ་བྱུང་ཡོད།
ལུག་ནག་གི་འབའ་སྒྲ་སྙན་མོ་ཙག་ཝ་སྡེ་བར་མཆེད་པའི་ཉིན་དེ་ནས་བཟུང་། ཀོས་ནན་རྫོང་ནི་ལུག་ནག་གི་འཕེལ་ཁ་དར་སའི་ས་ཁམས་ཚོང་རྟགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཡུལ་འདིའི་རྩྭ་ཐང་གི་མཛེས་རྒྱན་དང་འབྲོག་དམངས་རྣམས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱ་ཡུལ་དུ་གྱུར་བས། ལུག་ནག་ནི་མཐོ་སྒང་གི་སྔར་མེད་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་སྟངས་ལ་ཁ་ཕྱོགས་བསྒྱུར་བའི་གཡང་མོ་ལུག་སྟེ། “སྐྱེ་ཁམས་སྔོན་འགྲོ། ལྷད་མེད་འཕེལ་རྒྱས”ཀྱི་འབོད་སྐུལ་བསྣམས་ནས་ཀོས་ནན་རྫོང་གི་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སུག་བཞིའི་གོམ་ཁ་མ་འཆོལ་བར་སྒུལ་ཤུགས་ཀྱི་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།