བོད་རིགས་ཀྱི་བུད་མེད་རྩོམ་པ་པོ་དབྱངས་སྒྲོལ་གྱི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ལྷ་སའི་ཉིན་རེའི་ཚགས་པར། དུས་ཚོད།:2019-10-10 08:47:00 ཀློག་གྲངས།:

     ཉེ་ཆར། བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་རིག་རྩལ་དཔེ་སྐྲུན་ཁང་དང་པེ་ཅིང་ཏུ་རྨི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་གཉེར་རོགས་བྱས་པའི་བོད་རིགས་ཀྱི་བུད་མེད་རྩོམ་པ་པོ་དབྱངས་སྒྲོལ་གྱི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས།

     བོད་ལྗོངས་གསོལ་མགྲོན་ཁང་གི་ནུས་མང་ཚོམས་ཆེན་དུ་ལྗོངས་ཕྱི་ནང་གི་རྩོམ་རིག་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། རྩོམ་པ་པོ། སྙན་ངག་པ། དེ་བཞིན་རྩོམ་པ་པོའི་ནང་མི་བཅས་མི་ལྔ་བཅུ་ལྷག་ཙམ་འཛོམས་ནས་དབྱངས་སྒྲོལ་གྱིས་བཟོ་བཅོས་བརྒྱབ་ནས་སླར་ཡང་དཔེ་སྐྲུན་བྱས་པའི་བརྩམས་སྒྲུང་རིང་གྲས《སྒྱུ་འཕྲུལ་ཀུན་འཇོམས་ཀྱི་ལྷ》དང་རྩོམ་པ་པོ་གྲོངས་རྗེས་ཆེད་བསྐོས་མི་སྣས་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པའི་བརྩམས་ཆོས་ཕྱོགས་སྒྲིག《ལྷ་སའི་དུས་ཚོད》ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་དང་འབྲེལ་ཚད་མཐོའི་གདེང་འཇོག་ཀྱང་བྱས་པ་རེད།

     བགྲོ་གླེང་ཚོགས་འདུའི་ཐོག བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་ཏི་མཱ་ཅ་ཡི་མངགས་བཅོལ་འཕྲིན་ཡིག་སྒྲོག་སྦྱང་གནང་ཞིང་། འཕྲིན་ཡིག་ནང“དབྱངས་སྒྲོལ་ནི་དེང་རབས་བོད་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་ཕུལ་བྱུང་རྩོམ་པ་པོ་ཞིག་རེད། ཁོང་གི་བརྩམས་ཆོས་ནང་བུད་མེད་ཀྱི་དམིགས་བསལ་གྱི་ལྟ་སྟངས་ཐོག་ནས་བོད་རིགས་ཀྱི་དེང་རབས་འཚོ་བའི་ཁྲོད་ཀྱི་དོན་དངོས་གཏིང་ཟབ་མཚོན་པ་དང་། འགལ་བའི་ཁྲོད་མི་གཤིས་ཀྱི་ཉག་ཕྲའི་རྣམ་པ་གསོན་ཉམས་དོད་པོས་བསྟན་ཡོད། ཁོང་གི་ཚབ་མཚོན་བརྩམས་ཆོས《སྒྱུ་འཕྲུལ་ཀུན་འཇོམས་ཀྱི་ལྷ》དང《ལྷ་སའི་དུས་ཚོད》སོགས་ཀྱི་གྲུབ་ཚུལ་དང་དོན་བརྗོད་རྣམ་པའི་ཐད་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཡོད་པ་དང་། ཁོང་གི་བརྩམས་ཆོས་ཚང་མར་གནས་ལུགས་ཟབ་མོ་ལྡན་པའི་སྙན་ངག་གི་གཤིས་རྒྱུད་ལྡན་པ་དེ་ནི་བོད་རིགས་ཀྱི་བརྩམས་སྒྲུང་གསར་རྩོམ་དང་ཐ་ན་རང་རྒྱལ་གྱི་དེང་རབས་གྲངས་ཉུང་མི་རིགས་ཀྱི་བརྩམས་སྒྲུང་རིང་གྲས་གསར་རྩོམ་ཁྱབ་ཁོངས་ཁྲོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན”ཞེས་ངོ་སྤྲོད་བྱས་ཡོད། དེ་རྗེས་ཚོགས་ཞུགས་མི་སྣ་མཐོང་དགའ་དང་། ཧུའུ་ཕེ་ཕིན། ཕུར་བུ་གྲགས་ཆོས། ཞུས་ཇིན། ཐང་ཁྲའོ་ཧུའེ། དབྱང་ཙའོ། ཀྲོའུ་ཞའོ་ཡན་སོགས་ཀྱིས་གཏམ་བཤད་བྱས་ཤིང་། ཚང་མས་དབྱངས་སྒྲོལ་གྱི་བརྩམས་ཆོས་ལ་གྲོས་བསྡུར་རྒྱ་ཁྱབ་བྱས་པ་དང་འབྲེལ་བོད་ཀྱི་རྩོམ་རིག་གི་འབྱུང་འགྱུར་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ་རེད།

     བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་ཚེ་རིང་ནོར་བུས་དབྱངས་སྒྲོལ་སྐུ་གཤེགས་པ་ནི་བོད་ཀྱི་རྩོམ་རིག་ལས་རིགས་ལ་ནམ་ཡང་གསབ་ཐབས་བྲལ་བའི་གྱོང་གུན་ཆེན་པོ་ཞིག་རེད། “འོན་ཀྱང་ང་ཚོ་དགའ་འོས་པ་ཞིག་ལ་ཁོང་གི་བརྩམས་ཆོས་ལ་ཚབ་བྱེད་ཐབས་བྲལ་བའི་རྩ་ཆེའི་རིན་ཐང་ལྡན་པའི་ཐོག་ནས་ནམ་ཡང་ཁོང་གི་རྣམ་ཤེས་དང་ཤི་གསོན་མཉམ་གནས་ཀྱི་མཚོ་བོད་མཐོ་སྒང་དང་མཉམ་དུ་གནས་ཡོད”ཅེས་བློ་ཕམ་ཆེན་པོས་གསུངས་པ་རེད།

     1963ལོར་དབྱངས་སྒྲོལ་ལྷ་སར་སྐྱེས་པ་དང་། 1981ལོར་པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་ཏུ་རྒྱུགས་འཕྲོད་པ་རེད། སློབ་ཆེན་ཐོན་རྗེས་ལྷ་སར་ལོག་ནས་དེ་སྔ《བོད་ཀྱི་རྩོམ་རིག》གི་གཙོ་སྒྲིག་པ་གཞོན་པ་དང་། 《ཀྲུང་གོའི་བོད་རིག་པ》ཡི་གཙོ་སྒྲིག་པ་གཞོན་པའི་འགན་བཞེས་གནང་བ་དང་། 1994ལོར་པེ་ཅིང་དུ་གཏན་སྡོད་གནང་བ། ཁོང་གི་རྩོམ་རིག་གསར་རྩོམ་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གི“རྟ་མཆོག་བྱ་དགའ”ཐེངས་གཉིས་ཐོབ་མྱོང་བ་དང་། ཚབ་མཚོན་གྱི་བརྩམས་ཆོས་བརྩམས་སྒྲུང་རིང་གྲས《སྒྱུ་འཕྲུལ་ཀུན་འཇོམས་ཀྱི་ལྷ》ཞེས་པ་དེ་ལེའུ་ཉི་ཤུའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ལྷ་སའི་འདས་དོན》ཞེས་པར་སྒྱུར་བཟོ་བྱས་པ། བརྩམས་ཆོས་ཁག་གཅིག་དབྱིན་ཡིག་དང་ཧང་ག་རི་སོགས་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས་ཡོད་པ་རེད། དབྱངས་སྒྲོལ་ནི་དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་རྩོམ་པ་པོ་གལ་ཆེན་ཞིག་ཡིན་པ་དང་། ཁོང་2017ལོའི་ཟླ་10ཚེས་12ཉིན་པེ་ཅིང་དུ་སྙུང་གཞིའི་རྐྱེན་པས་སྐུ་གཤེགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།