མཚོ་སྔོན་མི་རིགས་སློབ་ཆེན་གྱིས་རྟེན་མཛོད་ཁང་གསུམ་གྱི་སྒོ་ཕྱེས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-09-19 08:33:00 ཀློག་གྲངས།:

     ཟླ9པའི་ཚེས17ཉིན། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་རིག་དངོས་བཤམས་མཛོད་ཁང་དང་སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་། གནའ་དཔེ་ཉར་ཚགས་ཁང་བཅས་ཤེས་བྱའི་རྟེན་མཛོད་ཁང་གསུམ་གྱི་སྒོ་ཕྱེས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70དང་མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་འཁོར70། མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར70ལོན་པ་བཅས་ལ་ལེགས་སྐྱེས་སུ་ཕུལ་བ་རེད།
     མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དངོས་བཤམས་མཛོད་ཁང་ནི། དེ་སྔའི་མི་རིགས་རིག་དངོས་བཤམས་མཛོད་ཁང་གི་རྨང་གཞིའི་སྟེང་རྒྱ་བསྐྱེད་དེ་བསྐྲུན་པའི་བཤམས་མཛོད་ཁང་གསར་པ་ཞིག་ཡིན་ལ། ལོ་ངོ་གཉིས་ལྷག་རིང་འཛུགས་སྐྲུན་བྱས་ཤིང་། ཁྱོན་བསྡོམས་ཐོག་སོ་བཞི་ཡོད། རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ3600ལྷག་ཡོད་པའི་ནང་རིག་དངོས3000ལྷག་བཤམས་ཡོད་པ་རེད། གཙོ་བོ་མཚོ་སྔོན་གྱི་ལོ་རྒྱུས་དང་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས་སོགས་མི་རིགས་ཁག་གི་ཐོན་སྐྱེད་དང་འཚོ་བ། རྒྱན་གོས། བཟའ་བཏུང་། སྡོད་ཁང་། གོམས་གཤིས་ལ་སོགས་རིག་དངོས་འཛོམས་པོ་བཤམས་ཡོད་པ་དང་། དེས་ཏག་ཏག་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་འདི་ནས་ཕུ་ནུ་སྤུན་མཆེད་བཞིན་ཕན་ཚུན་ལ་གཅེས་སྐྱོང་དང་རོགས་རེས་གནང་བའི་སྲོལ་བཟང་ཅི་དགར་མངོན་ཡོད་པས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་སའི་རྟེན་གཞི་གལ་ཆེན་ཞིག་དང་། མི་རིགས་སློབ་གྲྭའི་བསླབ་ཚན་གསར་འཛུགས་ཀྱི་འདེགས་སྐྱོར་གལ་ཆེན་དུའང་གྱུར་ཡོད་པ་རེད།

     སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་ལ་ཐོག་སོ་གཉིས་ཡོད་ཅིང་། རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ1800ཡོད། དེར་རི་མོ800ལྷག་དང་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ300ལྷག་བཤམས་ནས་སློབ་གྲྭའི་ལོ་ངོ70རིང་གི་དར་འཕེལ་ལོ་རྒྱུས་གསལ་པོར་མངོན་ཐུབ། ལོ་རྒྱུས་ཁང་ཡོངས་སྔོན་འགྲོ་ཚོམས་ཆེན་དང་ལོ་རྒྱུས་འཕེལ་རིམ། ཏང་འཛུགས་བསམ་བློ། སློབ་ཁྲིད་ཚན་ཞིབ། དགེ་རྒན་དཔུང་སྡེ། འཇོན་མི་སྐྱེད་སྲིང་གི་གྲུབ་འབྲས། སློབ་རའི་རིག་གནས་བཅས་ཀྱིས་གྲུབ་ཅིང་། སློབ་གྲྭའི་ལོ་རྒྱུས་ལ་ཕྱིར་དྲན་དང་། གྲུབ་འབྲས་དང་ཁྱད་ཆོས་ངོམ་སྟོན་བྱས་ཡོད། དེར་མ་ཟད་བརྗེ་སྤེལ་དྲན་རྟེན་འགྲེམ་སྟོན་དང་། དགེ་སློབ་ཕན་ཚུན་གྱིས་མཉམ་འབྲེལ་ཐོག་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་ས་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

     གནའ་དཔེ་ཉར་ཚགས་ཁང་ལ་ཁྱོན་བསྡོམས་སྨི་ངོས་སྙོམས་གྲུ་བཞི་མ600ཡོད་ཅིང་། ནང་དུ་དཔེ་མཛོད་ཁང་གི་དཔེ་ཆ3000ལྷག་དང་གནའ་དཔེ་ཁྲི8ཉར་ཚགས་བྱས་ཡོད་ལ། དེ་ལས་གནའ་དཔེ་ཁག23རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་གྱི་མིང་ཐོར་ཚུད་ཡོད་པ་ལ་རིག་དངོས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་། ཞིབ་འཇུག་གི་རིན་ཐང་གཞལ་མེད་ལྡན་པས་དཔེ་ཀློག་གི་སློབ་ར་དར་སྤེལ་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་དང་། སློབ་གྲྭའི་ཟབ་ཡངས་རིག་གནས་ཀྱི་ཁྱད་ཆོས་ངོམ་པའི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

     མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་བསོད་དོན་འགྲུབ་ཀྱིས་བཤད་རྒྱུར། ལོ་ངོ་བདུན་ཅུ་རིང་ལ་བསགས་པའི་ལོ་རྒྱུས་ཀྱི་རྨང་རྡོ་དེ་གཞིར་བཟུང་ནས་བསྐྲུན་པའི་དངོས་མང་བཤམས་མཛོད་ཁང་དང་སློབ་གྲྭའི་ལོ་རྒྱུས་བཤམས་མཛོད་ཁང་། གནའ་དཔེ་ཉར་ཚགས་ཁང་བཅས་ནི་ལོ་ངོ་བདུན་ཅུ་རིང་གི་སློབ་གྲྭའི་འཕེལ་རིམ་མངོན་པ་ཙམ་དུ་མ་ཟད། སློབ་གཉེར་གྱི་ཆུ་ཚད་དང་སྙིང་བོ་སྒོ་ཀུན་ནས་ངོམ་སྟོན་བྱ་ཆེད་རེད་ལ། ཀྲུང་གོ་གསར་པའི་མི་རིགས་མཐོ་རིམ་སློབ་གསོ་གོང་སྤེལ་གྱི་ཁྲོད་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་གཟུགས་ཤིག་ཀྱང་ཡིན་པས། སློབ་གྲྭ་རང་སྟེང་དང་ཟི་ལིང་ས་ཁུལ་ལ་རིག་གནས་མཚོན་བྱེད་གསར་པ་ཞིག་ཁ་སྣོན་བྱེད་པ། སློབ་གྲྭ་ཐོག་མར་འཛུགས་དུས་ཀྱི་འདུན་མ་དང་འགན་འཁྲི་བཅངས་ནས་སློབ་ཆེན་གྱི་དགོངས་གཞི་དར་སྤེལ་བྱས་ཏེ། སློབ་གྲྭ་སྤུས་ལེགས་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།