གསེར་ཆེན་མི་རིགས་སློབ་འབྲིང་གིས་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-03-18 09:09:00 ཀློག་གྲངས།:

     སྤྱི་ཟླ3པའི་ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད10:00ཡི་སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སྐབས་གཉིས་པའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་བྱ་འགུལ་གཉིས་སློབ་གྲྭའི་ལུས་རྩལ་ར་བར་དཀྱུས་གཅིག་ཏུ་སྤེལ།
     ཐེངས་འདིའི་བྱ་འགུལ་རིམ་པ་ཆེན་པོ་གསུམ་གྱིས་གྲུབ་པ་སྟེ་གཅིག་ནས་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་གྲོགས་རྣམས་ཀྱིས་ཡུལ་དངོས་སུ་བློ་རྒྱུགས་སྤྲོད་པ་དང་། གཉིས་ནས་ཐེངས་འདིའི་བློ་རྒྱུགས་འགྲན་ལས་སྦྱངས་འབྲས་འབུར་དུ་ཐོན་པའི་སློབ་གྲོགས་རྣམས་ལ་བྱ་དགའ་བསྩལ་བ་གསུམ་ནས་སློབ་གྲྭའི་འགོ་ཁྲིད་ཀྱིས་ཐེངས་འདིའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ལ་སློབ་སྟོན་གནང་བ་སོགས་དོན་ཚན་གསུམ་གྱིས་གྲུབ་པའི་འགྲན་བསྡུར་འདིར་དགེ་རྒན་རིན་ཆེན་ཉི་མས་མདོ་འཛིན་བྱས་པ་རེད།
     ཐེངས་འདིའི་འགྲན་བསྡུར་ལ་གདན་འདྲེན་ཞུས་པའི་དཔྱད་འདེམས་པ་ནི་སློབ་གྲྭའི་གདན་ཞུས་དགེ་རྒན་ཆེན་པོ་བློ་བཟང་སྙན་གྲགས་དང་དགེ་རྒན་བློ་བཟང་རྒྱ་མཚོ། དགེ་རྒན་རྟ་རྒྱལ། དགེ་རྒན་དཔལ་ཆེན་རིག་འཛིན། དགེ་རྒན་རྡོ་རྗེ་སྒྲོལ་མ། དགེ་རྒན་ནམ་མཁའ་བྱམས། དགེ་རྒན་ཚེ་མགོན་རྒྱལ་སོགས་ཡིན་ལ། བློ་རྒྱུགས་སྤྲོད་པའི་ནང་དོན་ལ་སློབ་གྲྭའི་བོད་ཡིག་དགེ་རྒན་དག་གིས་རྩོམ་སྒྲིག་བྱས་པའི་བློར་འཛིན་སློབ་དེབ་བསླབ་བྱ་ནོར་བུ་ཕྲེང་བ་ཆ་ཚང་དང་སློབ་ཁྲིད་བྱེད་བཞིན་པའི་སློབ་ཚན་ཁག་ཅིག་ཡིན་ནོ།། ཐེངས་འདིའི་འགྲན་བསྡུར་ལ་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ། སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་དང་སློབ་སྤྱི་གཞོན་པ་ཚེ་གཟུངས། སློབ་སྟོན་ཁང་གི་འགོ་ཁྲིད་བཀྲ་ཤིས་མཚོ། ཀུན་སྤྱོད་སློབ་སྟོན་ཁང་གི་འགོ་ཁྲིད་བསོད་ནམས་རྒྱལ་དང་བོད་ཡིག་དགེ་རྒན་རྣམས་དང་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་མ་ཡོངས་རྫོགས་བཅས་རེད།

     གཅིག  བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་མགོ་ཚུགས་པ་དང་མཉམ་དུ་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་གྲོགས་རྣམས་ཀྱི་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་དང་སེམས་ལ་ཞུམ་མེད་ཀྱིས་སྤོབས་ཁེངས་ཏེ་བློ་རྩེ་གཅིག་སྒྲིམ་སྒོས་སྐབས་གཉིས་པའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ལ་ཞུགས་པ་རེད། ཐེངས་འདིའི་འགྲན་བསྡུར་ལ་ལོ་རིམ་བདུན་པའི་བསོད་ནམས་དབང་མོ། ཁམས་མཚོ་སྐྱིད། རྡོ་རྗེ་བསམ་འགྲུབ། ཕག་མོ་ཚེ་བརྟན། གསེར་བཟང་རྒྱལ། གཡང་འཛོམས་ལྷ་མོ། ཕག་མོ་སྒྲོལ་མ། ཀུན་བཟང་སྐྱིད། སྙིང་ཕྱུག་རྒྱལ་སོགས་ཡིན་ལ། ལོ་རིམ་བརྒྱད་པའི་སློབ་གྲོགས་ཚེ་མོ་རྒྱལ། འཇམ་དབྱངས་སྒྲོལ་མ། སྒྲོལ་མ་མཚོ། ཕག་མོ་ཆོས་མཚོ། ཀུན་སྐྱིད་རྒྱལ། ལྷ་མོ་ཚེ་རིང་། ཀླུ་འབྲུག་མཚོ་མོ། བློ་བཟང་དཔལ་ལྡན། དར་མཚོ་སྐྱིད་སོགས་བསྡོམས་པའི་སློབ་མ་༢༠ཐེངས་འདིའི་སྐབས་གཉིས་པའི་དགེ་བཤེས་ཆུང་ཆུང་རྟགས་པའི་བློ་རྒྱུགས་འགྲན་བསྡུར་ལ་ཞུགས་པ་རེད། འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས་དག་གིས་བོད་ཀྱི་སུམ་རྟགས་དག་གསུམ་དང་ལོ་རྒྱུས། སྙན་ངག བསླབ་བྱ། ལེགས་བཤད། ཁ་དོག་དཀར་དམར་གྱི་རང་ལུགས། ཆུ་ཤིང་བསྟན་བཅོས་སོགས་སྒྲ་དག་གསལ་གསུམ་ཚང་བའི་སྒོ་ནས་ཡུལ་དངོས་སུ་བློ་རྒྱུགས་སྤྲད་པ་ཡིན་ལ། བློ་རྒྱུགས་སྤྲོད་པའི་སློབ་གྲོགས་སུ་ཡིན་ཡང་ཡུལ་དངོས་ནས་དཔྱད་འདེམས་པས་རེ་བ་བཏོན་པ་ལྟར་བློ་ལ་ཤར་མར་འཛིན་ཐུབ་པས་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་སློབ་གྲྭའི་འགོ་ཁྲིད་དང་དགེ་སློབ་དག་ལ་སྔ་ན་མེད་པའི་རེ་འདུན་དང་ཡིད་ཆེས་ཀྱིས་བརྟས་པར་བྱས་པ་རེད།

     གཉིས། ཐེངས་འདིའི་སྐབས་གཉིས་པའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ལ་ཞུགས་ཏེ་སྦྱངས་འབྲས་འབུར་དུ་ཐོན་པའི་སློབ་གྲོགས་དག་ལ་སློབ་གྲྭའི་འགོ་ཁྲིད་དག་གིས་ཡུལ་དངོས་གནས་ནས་བྱ་དགའ་གནང་བ་རེད།

     ཐེངས་འདིའི་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་གྲོགས་ནི་ཚེ་མོ་རྒྱལ། ལྕགས་མོ་མཚོ། ལྷ་མོ་ཚེ་རིང་། ཀླུ་འབྲུག་མཚོ་མོ། དར་མོ་སྐྱིད། དགེ་འདུན་སྒྲོལ་མ། ཕག་མོ་ཚེ་བརྟན། གསེར་བཟང་རྒྱལ། ཕག་མོ་སྒྲོལ་མ། ཀུན་བཟང་སྐྱིད་བཅས་རེད།

     ཨང་གཉིས་པ་ཐོབ་པའི་སློབ་གྲོགས་ནི་འཇམ་དབྱངས་སྒྲོལ་མ། སྒྲོལ་མ་མཚོ། ཕག་མོ་ཆོས་མཚོ། ཀུན་སྐྱིད་རྒྱལ། བློ་བཟང་དཔལ་ལྡན། བསོད་ནམས་དབང་མོ། ཁམས་མཚོ་སྐྱིད། རྡོ་རྗེ་བསམ་འགྲུབ། གཡང་འཛོམས་ལྷ་མོ། སྙིང་ཕྱུག་རྒྱལ་བཅས་རེད།

     ཨང་གསུམ་ཐོབ་པའི་སློབ་གྲོགས་ནི་རྡོ་རྗེ་མཚོ། པ་སངས་རྡོ་རྗེ། བསོད་ནམས་བཀྲ་ཤིས། འཇམ་དབྱངས་མཚོ་དང་ རྡོ་རྗེ་མཚོ་མོ། རྡོ་རྗེ་སྐྱིད། འཇིགས་མེད་བསམ་འགྲུབ། ལྷག་བསམ་སྒྲོལ་མ་བཅས་རེད།

     གསུམ། སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་ཁག་གི་འགོ་ཁྲིད་དགེ་རྒན་སྐལ་བཟང་ཚེ་བརྟན་ལགས་ཀྱིས་ཀྱང་ཐེངས་འདིའི་འགྲན་བསྡུར་བྱས་པའི་ཕན་ཡོན་དང་བློ་རྒྱུགས་འགྲན་བསྡུར་གྱི་ལེགས་པའི་ཆ་ལ་རྒྱུན་འཁྱོངས་སྒོས་རྗེས་ཕྱོགས་སུ་རང་ནུས་གང་ཡོད་སྒོས་བོད་སྐད་ཡིག་གི་རྨང་གཞི་སྲ་བརྟན་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་ཚུལ་སོགས་རིམ་པ་གསུམ་གྱི་སྟེང་ནས་གཏམ་བཤད་སྤེལ་བ་རེད། ཁོང་གིས་བསྟན་དོན་ད་ཐེངས་ཀྱི་བྱ་འགུལ་འདི་ནི་དགུན་གནང་གི་ལས་བྱ་གཙོར་བཟུང་བ་ཡིན་པས་ཁྱིམ་བདག་རྣམས་པས་ཤུགས་སྣོན་དང་རྒྱབ་སྐྱོར་བྱས་ཚེ་སློབ་མའི་མི་ཚེ་རིང་བོར་ཕན་ཐོགས་ཆེ་བ་ཡིན་ལ་རྗེས་ཕྱོགས་སུ་ཁྱིམ་བདག་རྣམ་པས་མུ་མཐུད་དུ་སློབ་མའི་སློབ་སྦྱོང་གི་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ལ་སྔ་ན་མེད་པའི་རམ་འདེགས་དང་སྐུལ་སློང་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཐེངས་འདིའི་འགྲན་བསྡུར་གྱི་ལེགས་པའི་ཆ་ནི་སློབ་གྲྭའི་བོད་ཡིག་དགེ་རྒན་དག་གིས་རྩོམ་སྒྲིག་བྱས་པའི་བསླབ་བྱ་ནོར་བུ་ཕྲེང་བ་ཆ་ཚང་དང་སློབ་ཚན་སོགས་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་མང་པོ་ཞིག་ཞོག་བློར་བཟུང་བ་བྱང་ཆ་ལྡན་ཞིང་སྤོབས་པས་ཁེངས་པ་ནི་ལེགས་པའི་ཆ་དང་། ད་དུང་ཤུགས་སྣོན་བྱེད་དགོས་པ་ནི་བློར་བཟུང་བའི་ནང་དོན་གྱི་ཆ་ནས་དག་ཡིག་གི་སྐོར་ཅུང་ཉུང་བ། སྒྲ་མི་དག་པ། འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས་ལ་ལ་ཞིག་ལ་འཚུབ་ཆ་ཆེ་བ། གཞན་འགྲན་བསྡུར་ལ་ཞུགས་མེད་པའི་སློབ་གྲོགས་དག་གིས་ཀྱང་བློ་འཛིན་དགོས་པའི་ནང་དོན་དག་བྱང་ཆུབ་པའི་སྒོ་ནས་བློ་ལ་ཟིན་ཡོད་མེད་ལ་བློ་རྒྱུགས་སྤྲོད་དུ་འཇུག་དགོས་པ་སོགས་ཀྱི་སློབ་སྟོན་འགངས་ཆེན་གནང་བ་རེད།

     སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཐེངས་འདིའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ལ་གསུངས་བཤད་གལ་ཆེན་གནང་བ་རེད། སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་གནང་བའི་གསུངས་བཤད་ལ་རིམ་པ་གསུམ་གྱིས་གྲུབ་པ་སྟེ། གཅིག བོད་ཡིག་དགེ་རྒན་དག་གིས་སློབ་ཁྲིད་ཀྱི་ཞོར་དུ་སློབ་གྲོགས་རྣམས་ལ་དགོས་ཤིང་མཁོ་བའི་བློར་འཛིན་སློབ་དེབ་ཅིག་རྩོམ་སྒྲིག་བྱས་པར་བཀའ་དྲིན་ཞུས་པ།  གཉིས། ཐེངས་འདིའི་བློ་རྒྱུགས་འགྲན་བསྡུར་གྱི་ལེགས་པའི་ཆ་དང་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གྱི་རེ་བ་བཏོན་པ། གསུམ། སློབ་ཁྲིད་ཀྱི་བྱེད་ཐབས་སྐོར་ནས་དོ་སྣང་བྱེད་དགོས་པ་བཅས་རེད།

     1.སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་བསྟན་དོན། ཏང་གི་མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་ནི་ང་ཚོ་མི་རིགས་སློབ་གསོའི་བྱ་བ་གཉེར་བའི་དགེ་རྒན་དག་གིས་མ་བཤད་དང་ལེན་བྱེད་དགོས་པའི་ལས་འགན་ཞིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་བྱ་གཞག་ལེགས་འགྲུབ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་སྲིད་པ་རེད། ང་ཚོས་མི་རིགས་སློབ་གསོའི་ལས་དོན་ལ་སྔ་ན་མེད་པའི་ནུས་པ་ཆེན་པོ་འདོན་དགོས་ཤིང་ཁྱད་པར་དུ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱེད་དགོས་ལ་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་འབོར་ཆེན་ཞིག་བདག་སྐྱོང་ཡང་བྱེད་དགོས་པ་རེད། སློབ་གྲྭའི་བོད་ཡིག་དགེ་རྒན་དག་གིས་སློབ་ཁྲིད་ཀྱི་ཞོར་དུ་ལྷག་བསམ་རྣམ་དག་གིས་སློབ་གྲོགས་དག་ལ་དགོས་ཤིང་མཁོ་བའི་བློར་འཛིན་སློབ་དེབ་ཅིག་རྩོམ་སྒྲིག་ལེགས་འགྲུབ་ཐོན་པར་ངས་སློབ་གྲྭའི་དགེ་སློབ་དག་གིས་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

     2.བསླབ་བྱ་གང་ཡིན་ཡང་བསླབ་བྱ་དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སློབ་མའི་བློ་སྒོ་འབྱེད་པའི་ལག་ལེན་སྣ་མང་ཞིག་ཡོད་པ་གོར་མ་ཆག  བོད་རང་གི་སྐད་དང་མཐུན་པའི་བསླབ་བྱ་ལ་ཆ་ཆ་མཚོན་ནས་བཤད་ན་ཆེས་ཁྱད་དུ་འཕགས་པ་ནི་ཐོག་མར་གསལ་དག་མྱུར་གསུམ་ཚང་བའི་སྒོ་ནས་བློ་ལ་ཆུབ་པར་བྱས་པའི་རྨང་གཞི་སྟེང་ནས་ད་གཟོད་ཡིག་འབྲུ་རེ་རེ་བཞིན་གོ་བ་གཏིང་ཟབ་པ་ཞིག་ལོན་པར་བྱེད་དགོས་པ་ནི་སྨོས་མ་དགོས་སོ།། རྒྱུ་མཚན་དེའི་དབང་གིས་ང་ཚོ་དགེ་སློབ་མཉམ་འབྲེལ་སྒོས་བོད་སྐད་ཡིག་གི་བསླབ་བྱ་སློབ་ཁྲིད་དང་སྦྱངས་བརྩོན་བྱེད་དགོས་ན་ཐོག་མར་ནང་དོན་མཐའ་དག་བློ་ལ་ཟིན་པར་བྱ་དགོས་པ་ཡིན་ལ།བློ་ལ་ཟིན་པའི་རྨང་གཞིའི་སྟེང་ནས་སྐབས་དོན་རེ་རེ་བཞིན་རྒྱུས་ལོན་དང་ལག་ལེན་བྱེད་དགོས་པ་རེད།ཐེངས་འདིའི་བློ་རྒྱུགས་འགྲན་བསྡུར་ལ་ཆ་མཚོན་ནས་བཤད་ན་འགྲན་ཞུགས་སློབ་གྲོགས་དག་གིས་ནང་དོན་བློར་བཟུང་བའི་ཆ་ནས་གསལ་དག་མྱུར་གསུམ་གྱི་འགན་ལེགས་འགྲུབ་བྱས་པ་དེ་འདྲའི་མཐའ་འཁྱོལ་བ་ཞིག་མ་ཡིན་སྙམ།རྒྱུ་མཚན་ནི་སློབ་གྲོགས་དག་གིས་བློར་འཛིན་པའི་སྐབས་སུ་གསལ་དག་མྱུར་གསུམ་ལས་མྱུར་གྱི་ཆ་ལ་བྱང་བར་བྱས་ཡོད་ན་ཡང་།གསལ་དང་དག་གི་ཐད་ནས་ད་དུང་འབད་པ་ཆེན་པོ་བྱེད་དགོས་པ་རེད།

     3.དུས་རྒྱུན་གྱི་གོམས་གཤིས་ལེགས་པོ་དང་སློབ་ཁྲིད་བྱེད་ཐབས་གཉིས་ཟུང་འབྲེལ་བྱེད་དགོས་པ་སྟེ།སློབ་མའི་འགྲོ་འདུག་སྤྱོད་གསུམ་ནི་སློབ་མ་དེར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དག་གི་གོམས་གཤིས་ལ་སློབ་སྦྱོང་བྱས་པ་ལས་འདྲིས་པ་ཡིན་སྟབས་ང་ཚོ་དགེ་རྒན་དག་གིས་རང་གི་བྱ་སྤྱོད་ལ་གཟབ་ནན་སྒོས་སློབ་མའི་རྒྱུད་ལ་གོམས་གཤིས་བཟང་བོ་ཞིག་འཇགས་པར་བྱེད་དགོས་པ་གལ་ཆེ།དེ་ལས་ཀྱང་གལ་ཆེ་བ་ནི་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ་སློབ་ཁྲིད་ཀྱི་ནང་དོན་མཐའ་དག་ཐོག་མར་བློ་ལ་བྱང་ཆུབ་པར་བྱེད་དགོས་པའི་སློབ་སྟོན་གལ་ཆེན་གནང་བ་རེད།

     ཐེངས་འདིའི་སྐབས་གཉིས་པའི་དགེ་བཤེས་ཆུང་ཆུང་རྟགས་མའི་བློ་རྒྱུགས་འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས་རྣམས་ལ་དཔྱད་འདེམས་པ་དག་གིས་འདྲ་མཉམ་དང་དྲང་བདེན་སྒོས་བྱང་ཆ་དང་། བརྗོད་བྱ། དགཆ། གཞུང་ཚད་ཀྱི་མང་ཉུང་བཅས་ཕྱོགས་བཞི་ནས་ནན་ཏན་སྒོས་སྐར་འགོད་བྱས་ཏེ་རྗེས་ཕྱོགས་སུ་སློབ་གྲོགས་རྣམས་ཀྱིས་མ་བསྐུལ་དང་ལེན་གྱིས་རང་རྐྱ་ཐུབ་པའི་སྒོ་ནས་སློབ་སྦྱོང་བྱེད་ཤེས་པ་དང་། སྒོས་སུ་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་སུ་གཏོང་བར་དགེ་མཚན་བླ་ན་མེད་པ་ཞིག་སྐྲུན་པར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།