བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མཉེན་ཆས་འགྲེམ་སྤེལ་གནང་།
ཉེ་ཆར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་གི་ཚོད་ལྟའི་མཉེན་ཆས་འགྲེམ་སྤེལ་གནང་ཡོད་ཅིང་། མཉེན་ཆས་འདིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་ད་བར་བྱུང་མེད་པའི་སྟོང་ཆ་བསྐངས་པ་དང་། མཉེན་ཆས་འདི་དཔེ་མཛོད་རིག་པའི་འགྲོ་ལུགས་དང་མཐུན་ཞིང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རིག་ཚན་ཁག་དང་། ལྷག་པར་བོད་ཀྱི་རིག་ཚན་ཁག་གི་སྡེ་ཚན་དབྱེ་འབྱེད་སྟབས་བདེ་ལ་འཐུས་སྒོ་ཚང་བ། འཚོལ་ཞིབ་དང་ནང་དོན་མཁོ་སྤྲོད་སོགས་མགྱོགས་མྱུར་ལྡན་པ། མདོར་ན་དཔེ་མཛོད་ཀྱི་དཀར་ཆག་དང་། དཔེ་ཆ་གཡར་ལེན། དཔེ་ཆ་མཁོ་སྒྲུབ་དང་ཚོང་བསྒྱུར། ཁོངས་མི་དོ་དམ་བཅས་དཔེ་མཛོད་ཅིག་གི་འཛིན་སྐྱོང་ཆ་ཚང་བ་བྱེད་ཐུབ་བོ།།
དེ་ཡང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་མཉེན་ཆས་འདི་འགྲེམ་སྤེལ་གནང་བའི་སྐོར་ལ་གཤམ་གསལ་ལྟར་གསུངས་འདུག
བོད་ཀྱི་ཆོས་རིག་ལ་དུང་བའི་རྒྱ་ཆེའི་འཛད་སྤྱོད་པ་ཡོངས་དང་ལྷག་པར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཡིག་ཆ་ཉར་ཚགས་མཁན་ཡོངས་ཀྱི་སྤྱན་སྔར་ཞུ་རྒྱུར།
མི་ལོ་སྟོང་ཕྲག་མང་པོར་བརྒྱུད་ནས་འོང་བའི་ཕ་མེས་ཀྱི་ཤུལ་བཞག སྐྱེ་བོ་སྟོང་ཕྲག་མང་པོའི་མི་ཚེའི་རིན་ཐང་དང་། བསམ་བློའི་ཉིང་བཅུད། བསགས་པའི་རྒྱུ་ནོར། དཀའ་སྤྱད་འབད་འབུངས་ཀྱིས་བསྒྲུབས་པ། ཁྲག་དང་རྔུལ་ནག་ལས་གྲུབ་པའི་བོད་ཀྱི་ཆོས་རིག་འདི་ཉིད། རི་བོ་ཧི་མ་ལ་ཡ་ལས་དཔངས་མཐོ་ཞིང་བརྗིད་ཆགས་པ། གཟུར་གནས་ཤེས་ལྡན་ཀུན་གྱི་བགོ་སྐལ་དུ་ཤར་བ་འདི་ཉིད། དེང་གི་དུས་སུའང་འཇིག་རྟེན་འདིའི་མཛེས་པའི་རྒྱན་གཅིག་ཏུ་མངོན་པར་འཕགས་པ་འདིའོ། །
ལོངས་སྤྱོད་ཀྱི་བགོ་སྐལ་དུ་ཤར་བ་དེ་དག་ཀྱང་། དུས་རབས་འདིའི་རྗེས་ཟིན་པའི་དཀར་ཆག་དང་། ཉར་ཚགས་སོགས་ཇི་ལྟ་བ་བཞིན་མེད་པར་མ་ཟད། སློབ་གཉེར་དང་། ཞིབ་འཇུག་གང་ཐད་ནས་དེང་རབས་གློག་རྡུལ་ལམ་ནས་སྟབས་བདེའི་འཚོལ་བཤེར་དང་། དཔེ་ཆ་གཡར་ལེན། ངོ་སྤྲོད་སོགས་དཔེ་མཛོད་རིག་པའི་གཞུང་ལུགས་སྤྱི་དང་། ཁྱད་པར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་ད་བར་བྱུང་མེད་པར་སྟོང་ཆ་ལྷག་ཡོད་པ་འདི་ཡིན།
དེར་བརྟེན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་། སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་དང་མཉམ་འབྲེལ་གྱིས་ལོ་ཤས་རིང་བོད་ཀྱི་སྐད་ཡིག་གཞི་རྩར་བཞག་ནས་རྒྱལ་སྤྱི་རང་བཞིན་ཅན་གྱི་དཔེ་མཛོད་རིག་པའི་འགྲོ་ལུགས་སྤྱི་དང་། གནའ་དེང་བོད་ཀྱི་ཆོས་རིག་གི་དབྱེ་བསྡུའི་འགྲོ་ལུགས་ཆ་ཚང་བའི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བཟོ་སྐྲུན་གྱི་ལས་ལ་འབད་པར་བྱས།
མཉེན་ཆས་འདི་ལྟ་བུ་ཞིག་བཟོ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་བར་ཤེས་ཡོན་ལ་རག་ལས་ཤིང་དེའི་ཆ་ཤས་སམ་ཡན་ལག་ལ། དཔེ་མཛོད་ནི་ཆེས་མེད་ཐབས་མེད་པའི་ཆ་རྐྱེན་གཙོ་བོ་ཡིན།
འོན་ཀྱང་བོད་ཀྱི་དཔེ་མཛོད་ཁག་གང་ལ་ཡང་། རང་ལ་དགོས་པའི་བརྗོད་གཞི་གང་ཞིག་དུས་ཐུང་ནང་རྙེད་ཆོག་ཆོག་མེད་པར་མ་ཟད། དཔེ་མཛོད་ཁང་ལ་དཔེ་ཆ་གང་ཞིག་ཡོད་མེད་དང་། དཔེ་ཆ་རེ་རེའི་ནང་བརྗོད་བྱ་ཅི་ཞིག་ཡོད་མེད། ཤོག་ངོས་གང་ན་ཡོད་པ་སོགས་སྐར་ཆ་འགའི་ནང་འཚོལ་ཞིབ་དང་ཤེས་རྟོགས་ཐུབ་པ་ནི་ཉིན་མོའི་སྐར་མ་ལྟར་སྣང་།
དཔེ་མཛོད་རིག་པའི་འགྲོ་ལུགས་དང་མཐུན་ཞིང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རིག་ཚན་ཁག་དང་། ལྷག་པར་བོད་ཀྱི་རིག་ཚན་ཁག་གི་སྡེ་ཚན་དབྱེ་འབྱེད་སྟབས་བདེ་ལ་འཐུས་སྒོ་ཚང་བ། འཚོལ་ཞིབ་དང་ནང་དོན་མཁོ་སྤྲོད་སོགས་མགྱོགས་མྱུར་ལྡན་པ། མདོར་ན་དཔེ་མཛོད་ཀྱི་དཀར་ཆག་དང་། དཔེ་ཆ་གཡར་ལེན། དཔེ་ཆ་མཁོ་སྒྲུབ་དང་ཚོང་བསྒྱུར། ཁོངས་མི་དོ་དམ་བཅས། དཔེ་མཛོད་ཅིག་གི་འཛིན་སྐྱོང་ཆ་ཚང་བ་བྱེད་ཐུབ་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བཟོས་ཏེ། བོད་དང་འབྲེལ་བའི་ཡིག་ཆ་ཉར་མཁན་རྣམས་ལ་གཅིག་གྱུར་གྱི་ཐོག་ནས། དེང་རབས་དཔེ་མཛོད་ཁག་དང་འདྲ་བར་རང་གི་སྐད་ཡིག་གི་ལམ་ནས་སྟབས་བདེའི་དཔེ་མཛོད་འཛིན་སྐྱོང་བྱེད་པར་ལེགས་སྤེལ་ཉེས་འགོག་ཡོང་ཐབས་ནི། མཉེན་ཆས་འདི་བཟོས་པའི་དམིགས་ཡུལ་ཉག་གཅིག་ཡིན།
མདོར་ན། མཉེན་ཆས་འདི་བཟོ་བར། སྔོན་འགྲོ་དང་དངོས་གཞི་གང་ཐད་ནས་དཀའ་བ་དང་དུ་བླངས་ཤིང་། དུས་ཚོད་རིང་དུ་སྤྱད། བསམ་བློ་མང་དུ་བཏང་། གསར་གཏོད་དང་རིག་གཞུང་ལ་བརྩེ་བའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་དཀའ་སྤྱད་རྔུལ་ནག་ལས་གྲུབ་པ་འདི་ཉིད། ངོ་སྤྲོད་དང་བཀོལ་སྤྱོད་གཏོང་སྟངས་བཅས་ཀྱི་ལམ་ནས་ཚོགས་སྒེར་སུ་ཞིག་ལ་དགོས་ན་རིན་མེད་དུ་མཁོ་སྤྲོད་བྱེད་ཐུབ་པ་བྱུང་བ་འདི་ནི། སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་མཆོག་གིས་བླ་ན་མེད་པའི་རོགས་རམ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དམིགས་ཡུལ་ཡིན་པས་བོད་ཀྱི་རིག་གཞུང་དབྱར་མཚོ་ལྟར་རྒྱས་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་བཅས།
ཕབ་ལེན་དྲ་གནས།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ཕྱི་ལོ2018ལོའི་ཟླ12ཚེས9ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com