《རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས》ཀྱི་འགྲེམ་སྤེལ་མཛད་སྒོ་བསྡུས་པ།
ཉེ་སྔོན། 《རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས》ཀྱི་འགྲེམ་སྤེལ་མཛད་སྒོ་དེ་འབའ་རྫོང་སློབ་གསོ་ཅུས་གཙོ་སྒྲུབ་གནང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྫོང་རུ་བཅའ་སྡོད་སློབ་ཆུང་གི་དཔེ་མཛོད་ཁང་ནས་གཟབ་རྒྱས་ངང་བསྡུས། མཛད་སྒོའི་སྟེང་དུ་རྒན་ཡོལ་ལས་བྱེད་པ་དང་དགེ་རྒན་གྱི་འཐུས་ཚབ་དང་། དམངས་ཁྲོད་ཀྱི་དམངས་སྲོལ་བློ་འདྲི་གནང་སའི་རྒན་རབས་པའི་འཐུས་ཚབ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་སྐད་ཡིག་རྐང་འཛིན་དགེ་རྒན་གྱི་འཐུས་ཚབ།ས་གནས་ཀྱི་ཞིབ་འཇུག་སློབ་མའི་འཐུས་ཚབ། འབའ་རྫོང་སྒེར་གཉེར་དུས་དེབ《མཚེར་ཐོའི》རྩོམ་སྒྲིག་པ་ལྷན་རྒྱས་བཅས་མི100ལྷག་ཞུགས།
མཛད་སྒོར་ཅུའུ་ཀྲང་ཚེ་སྐྱབས་རྒྱལ་གྱིས་འགོ་འཛིན་མཛད་པ་དང་། སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་གཞོན་པ་སྒྲོལ་མ་འབུམ་གྱིས་ཤིས་ཚིག་ཕུལ། དམངས་སྲོལ་རིག་པའི་ཆེད་མཁས་པ་དང་དཔེ་ཚོགས་ཀྱི་གདན་ཞུའི་རྩོམ་སྒྲིག་འགན་ཁུར་པ་རྒན་ཚེ་རྒྱལ་ལགས་དང་རྒན་རབས་པའི་འཐུས་ཚབ་རྒན་ཚུལ་བློ་གཉིས་ཀྱིས་སོ་སོར་དཔེ་ཚོགས་ལ་གདེངས་འཇོག་མཛད། རྩོམ་སྒྲིག་པ་ལྷ་མགོན་དང་ཀླུ་འབུམ་རྒྱལ་གཉིས་ཀྱིས་དཔེ་ཚོགས་སྒྲིག་རྩོམ་གྱི་ཀུན་སློང་དང་རྒྱུ་ཆ་འཚོལ་སྡུད། སྒྲིག་རྩོམ་ཀྱི་གོ་རིམ། དཔེ་ཚོགས་ཀྱི་ཁྱད་ཆོས། སློབ་ར་ནས་བཀོལ་སྤྱོད་བྱེད་ཐབས་སོགས་ངོ་སྤྲོད་གནང་།
《རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས》ནི《གླུ་ཁ་མཚར》དང《སྲིད་པའི་དྲིས་གླུ》《ལ་གཞས》《གཏམ》《བཏགས་པ》《ཁེད》《ཡུལ་སྲོལ་ཆོ་ག་དང་བཤད་པ》《རི་ཆུ་དང་ངག་རྒྱུན》བཅས་དེབ8ཀྱིས་གྲུབ་ཅིང་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
《རྫོང་རུ་དམངས་ཁྲོད་རིག་གནས་དཔེ་ཚོགས》འགྲེམ་སྤེལ་གནང་བ་འདིས་འབའ་རྫོང་རྫོང་རུ་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་སྔར་ལས་སྐུལ་འདེད་བྱས་ཤིང་། དུས་མཚུངས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུ་ལོན་པའི་ལེགས་སྐྱེས་སུ་གྱ་ནོམ་པ་ཞིག་ཏུ་གྱུར་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com